བཀྲ་ཤིས་རྟགས་བརྒྱད་ཀྱི་སྐོར།

Wikipedia ལས།

བཀྲ་ཤིས་རྟགས་བརྒྱད་ཀྱི་སྐོར།

བཀྲི་ཤིས་རྟགས་བརྒྱད་ཀྱི་ འབྱུང་ཁུངས་དེ་ཡང་ སྟོན་པ་ཐུབ་པའི་དབང་པོ་མཆོག་ བསྐལ་པ་གྲངས་མེད་གསུམ་དུ་ བསོད་ནམས་ཀྱི་ཚོགས་རྒྱས་པར་བསགས་པའི་ འབྲས་བུ་དེ་ལུ་བརྟེན་ཏེ་ མཚན་དཔེ་བཟང་པོ་དང་ལྡན་པའི་སྐུ་གཟུགས་ཀྱི་བཀོད་པ་འདི་དང་ བཀྲི་ཤིས་པའི་རྟགས་མཚན་བརྒྱད་ སངས་རྒྱས་ཀྱི་རྒྱུད་ལུ་མངའ་བའི་རྒྱུ་མཚན་གྱིས་ བཀྲ་ཤིས་རྟགས་ཀྱི་རི་མོ་ཚུ་ ག་ཏེ་ལུ་ཡོད་དེ་འབད་རུང་ བཀྲི་ཤིས་པའི་ རྟེན་འབྲེལ་ཕུན་སུམ་ཚོགས་ཏེ་ ལེགས་པའི་རྟགས་མཚན་བཟང་པོ་ཚུ་འབྱུང་ནི་འདི་གིས་ བཀྲི་ཤིས་རྟགས་བརྒྱད་ཟེར་ སླབ་ཨིན་མས།

དེ་ཡང་ བཀྲ་ཤིས་བརྩེགས་པའི་མདོ། (ལོ་མེད་ ཤོག་གྲངས་ ༢༤) ལས། “ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག། །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག། །ཞབས་ལ་བཀྲ་ཤིས་ཕྲིན་ལས་འཁོར་ལོ་མངའ། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག། །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཕོབ། །” ཟེར་གསུངས་ཡོདཔ་བཞིན་དུ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་ནི་གདུགས་ལུ་བཀྲ་ཤིས་པ་དང་། སྐུ་གཟུགས་འདི་ མི་ནུབ་རྒྱལ་མཚན་ལུ་བཀྲ་ཤིས་པ་དང་། གསུང་འདི་ཆོས་དུང་གཡས་འཁྱིལ་ལུ་བཀྲ་ཤིས་པ། དེ་ལས་ཐུགས་ནི་མི་འགྱུར་དཔལ་བེའུར་བཀྲ་ཤིས་པ་དང་། སྤྱན་གཉིས་འདི་ གསེར་ཉ་ལུ་བཀྲ་ཤིས་པ། མགུལ་འདི་བུམ་པ་བཟང་པོ་ལུ་བཀྲ་ཤིས་པ་དང་། ཕྱག་དང་ཞབས་གཉིས་ འཁོར་ལོ་ལུ་བཀྲ་ཤིས་པ་སོགས་ བཀྲ་ཤིས་རྟགས་བརྒྱད་འདི་ སངས་རྒྱས་ཀྱི་མངའ་བའི་ཡོན་ཏན་ཅིག་ཨིན།

བཀྲ་ཤིས་རྟགས་བརྒྱད་ལས་ དང་པ་གདུགས་འདི་ འདུས་མདོ། (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ལས་ གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག། །  ཟེར་གསུངས་ཡོདཔ་བཞིན་དུ་ སངས་རྒྱས་ཀྱི་དབུའི་ གཙུག་ཏོར་འདི་ གདུགས་ལྟར་དབྱིབས་ཚེས་བཅོ་ལྔའི་ཟླཝ་བཟུམ་སྦེ་ ཟླུམ་ཞིང་ཡར་མཐོ་བའི་བརྡ་མཚན་ལུ་ དབུ་ལུ་གདུགས་མངའ་བའོ། གདུགས་འདི་སངས་རྒྱས་ཀྱི་དབུ་ལུ་ ཕུལ་བའི་ཕན་ཡོན་གྱིས་ ལམ་ཐེག་པ་གསུམ་གྱི་ཉམས་ལེན་ལུ་བརྟེན་ཏེ ཚ་བའི་འཇིགས་པ་ལས་སྐྱོབ་ནི་དང་ ཉོན་མོངས་པ་ཡོད་ཚད་བཅོམ་སྟེ་ བདུད་བཞི་དགྲ་ལས་རྒྱལ་བ་དང་། སྐུ་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པ་ གོང་འཕེལ་འགྱོ་ནི་དང་ ལོག་པའི་ཕྱོགས་ཡོད་ཚད་ ཟིལ་གྱིས་གནོན་པ་སོགས་ བཀྲ་ཤིས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་སྟེ་ འོང་ནིའི་དོན་ལུ་བྱིན་གྱིས་བརླབས་པའི་དགོས་པ་ཡོདཔ་ཨིན།

གཉིས་པ་གསེར་ཉ། “ཕྱག་ཞབས་ཉ་ཤར་བྱིན་རླབས་ཏེ། །འཇམ་མཉེན་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉ་ལྟར་ཉ་བཞིའི་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཕྱག་དང་ཞབས་འདི་འཇམ་མཉེན་གྱི་ཁྱད་ཆོས་དང་ལྡནམ་མ་ཚད་ ལམ་བདག་མེད་རྟོག་པའི་ཤེས་རབ་ ཡང་ན་སྒྲིབ་གཉིས་བག་ཆགས་དང་བྲེལ་བའི་ ཡེ་ཤེས་ཀྱི་སྤྱན་གྱིས་ འགྲོ་བ་སེམས་ཅན་ཚུ་ འཁོར་བ་ཉོན་མོངས་ཀྱི་གནས་ལས་ ཐར་པ་ལུ་འདྲེན་པར་གཟིགས་པའི་བརྡ་མཚོན་ལུ་ གསེར་ཉ་ཨིན། གསེར་ཉ་འདི་སངས་རྒྱས་ཀྱི་སྤྱན་ལུ་ཕུལ་བའི་ བསོད་ནམས་ཀྱིས་ ང་བཅས་རའི་གཟུགས་ འཇམ་ཏོང་ཏོ་འགྱོ་ནི་དང་ མིག་ཏོ་ལུ་རྐྱེན་མེད་པ་རིག་པ་གསལ་ནི་དང་ རྒྱལ་ཁབ་ཞི་བདེ་ཕུན་སུམ་ཚོགས་པ་འོང་ནི་ལུ་ བྱིན་གྱིས་བརླབས་ནིའི་ དགོས་པ་ཡོདཔ་ཨིན།

གསུམ་པ་བུམ་པ། “བཀྲ་ཤིས་བུམ་པ་བཟང་པོ་འདི། །བཅོམ་ལྡན་འདས་ཀྱི་མགུལ་ལགས་ཏེ། །མགུལ་མཆོག་བཀྲ་ཤིས་འདི་བྱིན་པས། །ཆོས་ནོར་ཕུན་སུམ་ཚོགས་པར་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོད་པ་བཞིན་ རིན་པོ་ཆེའི་བུམ་པ་འདི སངས་རྒྱས་ཀྱི་མགུལ་མཚོན་པ་དང་ དེ་ཡང་ དམ་པ་གསུམ་གྱིས་རྩིས་ཟིན་ཏེ་ ཚོགས་གཉིས་རྫོགས་པའི་འབྲས་བུ་གིས་ སྐུ་གཉིས་མངོན་དུ་འགྱུར་ཏེ་ གདུལ་བྱ་ཚུ་ལུ་ གང་ལ་གང་གདུལ་གྱི་ དམ་པའི་གསུང་འགག་མེད་འདི་བསྩལ་བའི་ ཕྲིན་ལས་གཏེར་ཆེ་ན་པོའི་སྐུ་འགྲུབ་པར་མཚོནམ་ཨིན། འདོད་ཡོན་མཁོ་རྒུའི་ལོངས་སྤྱོད་ག་དེམ་ཅིག་སྤྱོད་རུང་ མི་ཟད་པའི་ཡོན་ཏན་ཡོད་མི་དེ་ སངས་རྒྱས་ཀྱི་ མགུལ་ལུ་ཕུལཝ་ལས་བརྟེན་ གདུལ་བྱའི་ཁམས་དབང་བསམ་པའི་བྱེ་བྲག་དང་མཐུན་པར་ ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པ་དང་ ཚེ་རིང་ནད་མེད་ཀྱི་བཀྲ་ཤིས་པར་མཛད་དོ།།

བཞི་པ་མེ་ཏོག། “གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་ཐུགས། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པདྨའི་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོདཔ་བཞིན་ མེ་ཏོག་པདྨ་འདི་ ཆུ་དང་འདམ་ལས་སྐྱེས་རུང་ འདམ་གི་དྲི་མ་གིས་མ་གོས་པ་ལྟར་ སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ལུ་ ཉོན་མོངས་པའི་དྲི་མ་དང་བྲལ་བའི་ ལམ་གྱི་ཉམས་ལེན་ལུ་བཞུགས་ཏེ་ འབྲས་བུ་ལྗགས་འགྲུབ་པ་དང་ མེ་ཏོག་པདྨ་འདི་ མཛེས་ཤིང་ཡིད་དུ་འོང་བ་དང་ འདབ་མ་སྲབ་པ་དང་ འཇམ་པའི་ཡོན་ཏན་དང་ལྡན་མི་འདི་ སངས་རྒྱས་ཀྱི་ལྗགས་ལུ་ཕུལཝ་ལས་བརྟེན་ གཟུགས་མཛེས་ཏོག་ཏོ་དང་ ཉེས་པའི་སྐྱོན་གྱིས་མ་གོས་པའི་བཀྲིས་པར་མཛད་དོ།།

ལྔ་པ་དུང་དཀར། “སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོག་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་བྱེད་ཅིང་། །སེམས་ཅན་ཀུན་གྱི་ཤེས་རབ་གྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོདཔ་བཞིན་ བཅོམ་ལྡན་འདས་ཀྱིས་ བདུད་དང་མུ་སྟེགས་པ་ག་ར་ ཕམ་གཏང་པའི་ནུས་པ་ཡོད་མི་ ལམ་ཐེག་པ་གསུམ་གྱི་ཆོས་གདུལ་བྱ་ཚུ་ལུ་ འགགས་མེད་དུ་སྟོནམ་ལས་བརྟེན་ འབྲས་བུ་ཚངས་པའི་དབྱངས་འགྲུབ་པའོ།། ཆོས་དུང་གཡས་འཁྱིལ་ནི་ དྲང་སྲོང་སྐྱེ་བ་ལྔ་མའི་སྨོན་ལམ་ལས་གྲུབ་པའི་ནུས་མཐུ་དང་ལྡན་པའི་ མདོག་དཀར་བ་དང་སྒྲ་སྙན་པའི་ཡོན་ཏན་ཡོད་མི་འདི་ སངས་རྒྱས་ཀྱི་ཚངས་དབྱངས་ཡན་ལག་དྲུག་ཅུ་ཡོད་པའི་ གསུང་ལུ་ཕུལ་བས་ སྙན་གྲགས་ཆེ་ནི་དང་དམ་ཆོས་ཐོས་ནི་ ལས་ཉོན་མཐའ་དག་བཅོམ་ རིམ་ནད་མེད་པའི་བཀྲ་ཤིས་པར་མཛད་དོ།།

དྲུག་པ་དཔལ་བེའུ། “དཔལ་བེའུ་ཐུགས་ཀྱི་བཀྲ་ཤིས་ཏེ། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོདཔ་བཞིན་ དཔལ་བེའུ་ལུ་མཐའ་མེད་པར་འཁྱིལ་དོ་བཟུམ་སྦེ་ བདེ་བར་བཤེགས་པ་ཁོང་གི་ཐུགས་འདི་ མཁྱེན་པ་དང་བརྩེ་བའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ འདིའི་རྒྱུད་ལུ་ཟག་མེད་ཀྱི་ཡོན་ཏན་ མ་ལུས་པ་ལྡན་ཏེ་ཡོདཔ་ལས་ དཔལ་བེའུ་ཐུགས་ཀྱི་བརྡ་ལུ་འགྲུབ།  མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ཚད་མེདཔ་ཅིག་མཚོན་པའི་དཔལ་བེའུ་འདི་ སངས་རྒྱས་ཀྱི་ཐུགས་ལུ་ཕུལ་བའི་ ཕན་ཡོན་གྱིས་ ཅི་བསམ་པའི་དོན་ཐམས་ཅད་འགྲུབ་ནི་དང་ བློ་གློས་རབ་ཏུ་འཕེལ་བའི་བཀྲ་ཤིས་པར་མཛད་དོ།།

བདུན་པ་རྒྱལ་མཚན། “མི་ནུབ་རྒྱལ་མཚན་བརྟན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་འཇོམས་སངས་རྒྱས་སྐུ་བསྟོད་དོ། །སྐུ་མཆོག་སངས་རྒྱས་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོདཔ་བཞིན་ ལམ་བསླབ་པ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ཏེ་ ཕྱི་ནང་གི་བདུད་བཞི་ལས་རྒྱལ་ཏེ་ སངས་རྒྱས་ཀྱི་གོ་འཕང་མངོན་དུ་བསྒྲུབ་ནུས་པའི་བརྡ་མཚོན་ཨིནམ་དང་ ཀུན་ལས་རྒྱལ་བའི་མཚན་དང་དཔེ་བྱེད་ཀྱིས་བརྒྱན་ཏེ་ ནམ་འགྱུར་མེད་གནས་པའི་ མི་ནུབ་རྒྱལ་མཚན་བཟུམ་སྦེ་ སྐུ་འགྱུར་བ་མེད་པའི་བརྡ་མཚོན་དུ་འགྲུབ་པ། རྒྱུ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་དང་། གོས་ཆེན་ཁ་དོག་སྣ་ཚོགས་ལས་གྲུབ་པའི་རྒྱལ་མཚན་འདི་ སངས་རྒྱས་ཀྱི་སྐུ་གཟུགས་ལུ་ཕུལཝ་ལས་བརྟེན་ ལུས་གཟི་བརྗིད་ཆེཝ་ལུ་འགྱུར་ནི་དང་ མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ དབུ་འཕང་མངོན་པར་མཐོ་བའི་བཀྲ་ཤིས་པར་མཛད་དོ།།

བརྒྱད་པ་འཁོར་ལོ། “འཁོར་ལོའི་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབ་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་ཤོག། །” (ཀུན་བཟང་ཕྲིན་ལས། གནམ་ལོ་མེད་ ༢༠༠༡) ཟེར་གསུངས་ཡོདཔ་བཞིན་དུ་ སྟོན་པའི་ཆོས་ཀྱི་དོན་ཚུ་ བདེ་བླག་ཏུ་ཤེས་ཚུགསཔ་ལས་ ཀུན་ལུ་དབང་བསྒྱུར་བའི་ ཆོས་ཀྱི་རྒྱལ་པོའི་གོ་འཕང་ མངོན་དུ་འགྲུབ་ནུས་པར་མཚོན་པ་དང་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཕྱག་དང་ཞབས་ལུ་ མཚན་བཟང་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ རང་བཞིན་ཅན་འདི་བྱུང་ཡོད་པའི་ བརྡ་མཚོན་ལུ་འགྲུབ་པའོ།། རྒྱུ་རིན་པོ་ཆེ་ལས་གྲུབ་པའི་འཁོར་ལོ་འདི་ རྫོགས་པའི་སངས་རྒྱས་ཀྱི་ ཕྱག་ཞབས་ལུ་ཕུལ་བའི་ ཕན་ཡོན་གྱིས་ ཐམས་ཅད་མངའ་དབང་བསྒྱུར་བ་དང་ ཕ་རོལ་རྒོལ་བ་ངན་པ་ཚུ་ག་ར་ ཟིལ་གྱིས་གནོན་པའི་བཀྲ་ཤིས་པར་མཛད་དོ།།

ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཚུ་ ལྷ་ཁང་དང་རྫོང་གཞིས་ནང་ལས་ཕར་བྲིས་སྲོལ་ཡོདཔ་དང་ རྟེན་འབྲེལ་དང་དགའ་སྟོན་ཀྱི་ནང་ལུ་ ལག་ལེན་འཐབ་སྲོལ་ཡོདཔ་མ་ཚད་ འབྲུག་པའི་ལམ་སྲོལ་ལྟར་དུ་ ལྷ་སྡེ་བསུ་བའི་སྐབས་ལུ་ཡང་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན། དེ་ལས་ གོ་གནས་གསར་བསྐོས་དང་ གོ་གནས་ཡར་སེང་གྱི་བདག་རྐྱེན་གྱི་དར་དང་ བཀྲི་ཤིས་པའི་ལེགས་དར་ཚུ་ལུ་ཡང་ བཀྲ་ཤིས་རྟགས་ཀྱི་རི་མོའི་གཟུགས་བྲིས་ཏེ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན། དེ་སྦེ་ལག་ལེན་འཐབ་དགོ་པའི་རྒྱུ་མཚན་ཡང་ ཚེ་རིང་ནད་མེད་དང་ལེགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་ཏེ་ ལཱ་ག་ཅི་བཟུམ་འབད་རུང་ མཐར་ཕྱིན་པའི་རྟེན་འབྲེལ་ལུ་བཀྲ་ཤིས་རྟགས་ཀྱིས་བྱིན་གྱིས་བརླབས་པའི་དགོས་པ་ཡོདཔ་ཨིན།

རྒྱབ་བརྟེན།

ཀུན་བཟང་ཕྲིན་ལས། (༢༠༠༡) ཉེར་མཁོའི་རྣམ་བཤད་སྣང་བ་གསར་པ་བཞུགས། ཐིམ་ཕུག། ཀེ་ཨེམ་ཀྲི་དཔར་སྐྲུན་ཁང་།

བཀྲ་ཤིས་རྟགས་ཀྱི་བཤད་པ། (ལོ་མེད་) སུ་བྷཱ་ཥི་ཏས་གསུང་འབུམ། From BDRC Library: https://library.bdrc.io

མདོ་མང་། (ལོ་མེད་) བཀྲ་ཤིས་བརྩེགས་པའི་མདོ། ལྷ་ས། པར་པ་་དཔལ་ལྡན།