Jump to content

བཟའ་བཅའ་འགྲོ་གསུམ།

Wikipedia ལས།

སྤྱིར་བཏང་བཟའ་བཅའ་འགྲོ་གསུམ་ཟེར་མི་འདི་ བྱ་སྤྱོད་ཀྱི་སྒྲིག་ལམ་དེ་ཡང་མི་ག་ར་ལུ་ དུས་རྒྱུན་དུ་ཁག་ཆེ་བའི་བྱ་བ་ཅིག་ཨིན། དེ་མ་ཚད་ ང་བཅས་ར་དུས་རྒྱུན་ལག་ལེན་འཐབ་དགོ་པའི་ལཱ་ཅིག་ཨིན། འདི་རྐྱངམ་གཅིག་གིས་མ་དོ་བར་ འབད་གཞག་བཅའ་གཞག་ཟེར་ལཱ་འབད་ཐངས་དང་བཅའ་གཞི་སྒྲིག་ཐངས་ཚུ་ལས་འགོ་བཟུང་སྟེ་འདི་ནང་ཚུདཔ་ཨིན། འབད་གཞག་ལེགས་ཤོམ་ཡོད་པ་ཅིན་ མི་མང་གི་གདོང་ཁར་མཛེས་ཏོག་ཏོ་མཐོང་ནི་དང་ རང་ཡང་བཟང་ལྷམ་ལྷམ་སྦེ་འཐུས་ཤོར་མེད་པར་འབད་ཚུགས་པས། དེ་མ་ཚད་ལམ་འགྱོ་ཐངས་དང་མིག་ཏོ་ལྟ་ཐངས་ལས་འགོ་བཟུང་སྟེ་གཟབ་གཟབ་སྦེ་དགོཔ་ཨིན། དེ་ཚུ་ག་ར་ང་བཅས་རའི་དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་གི་ནང་གལ་ཆེ་ཤོས་ཅིག་ཨིན།
དང་པ་བཟའ་ཟེར་མི་འདི་ བཟའ་འཐུང་གི་རིགས་ག་ཅི་ར་ཨིན་རུང་ ང་བཅས་རའི་སེམས་ལྡན་གྱི་ཤ་ཁྲག་ཕུང་པོ་འདི་འཚོ་བ་བཟའ་འཐུང་་ལུ་བརྟེན་དགོཔ་ལས་ དེ་མེདན་ ཆོས་སྲིད་ཀྱི་བྱ་བ་ག་ནི་ཡང་འབད་མི་ཚུགསཔ་ལས་ འཚོ་བ་གཙང་སྦྲ་དང་ལྡན་པའི་ཟས་འདི་ཁག་ཆེཝ་ཨིན། དེ་འབདཝ་ད་ ཟས་ཀྱི་ནང་ལས་གཙོ་བོ་ རང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་ཕན་པའི་ཟས་མ་གཏོགས་ རོགས་ལུ་ངོམ་སྟོན་ནི་དང་ ཟས་འགྲོ་སྦོམ་བཏང་སྟེ་ཟས་ལེགས་ཤོམ་གྱི་སྦུག་ལས་ལེགས་ཤོམ་འཚོལ་ཏེ་ རང་གི་དཔལ་འབྱོར་ཆུད་ཟད་གཏང་ནིའི་དོན་ལུ་འབད་ནི་མི་འོང། ཟས་ཀྱི་རིགས་ག་ཅི་ར་འབད་རུང་ རང་མ་ཟ་བའི་ཧེ་མར་ དཀོན་མཆོག་ལུ་ཕུལ་དགོཔ་ཨིན། དེ་ཡང་ མཆོད་བཤམ་ཡོདན་མཆོད་ཁྲི་གུར་ཕུལ་ཏེ་ཆབ་སྦྲོན་དགོ། གལ་སྲིད་ལྟོ་ཕུད་ཕུལ་ས་མེད་པ་ཅིན་ལྟོ་མཆོད་བཏང་སྟེ་མ་གཏོགས་ཟ་ནི་མེད། བཞེས་སྒོ་ཚུ་རྐྱངམ་གཅིག་དཀོན་མཆོག་ལུ་ཕུད་ཕུལ་ནི་མེན་པར་ གོ་ལ་གསརཔ་ཅིག་འབད་རུང་རང་མ་གྱོན་པའི་ཧེ་མར་དཀོན་མཆོག་ལུ་ཕུལ་དགོ། ས་གནས་དགའ་ཏོག་ཏོ་ཅིག་མཐོང་རུང་དཀོན་མཆོག་ལུ་ཕུལ་དགོཔ་འདི་གལ་ཆེ་ཤོས་ཅིག་ཨིན།
བཞེས་སྒོ་ཟ་བའི་སྐབས་ ལེགས་ཤོམ་ཅིག་ཐོབ་པ་ཅིན་ ཚད་མེདཔ་སྦེ་ཕོཝ་དྲང་ཐལ་ཐལ་ར་ཟ་ནི་མེན་པར་ རྒྱལ་བ་གོང་མ་གིས་གསུང་སྲོལ་ཡོད་དོ་བཟུམ་ ཕོཝ་དཔྱ་གསུམ་ཡོད་ས་ལས་ དཔྱ་གཅིག་ཟས་ཀྱིས་བཀང། དཔྱ་གཅིག་ཆུ་གིས་བཀང། དཔྱ་གཅིག་སྟོངམ་སྦེ་བཞག་པ་ཅིན་ ལུས་བདེ་བའི་ཁར་མནོ་བསམ་གཏང་ནི་གི་རིག་པ་དྭངས། ལཱ་འབད་ནི་གི་ལུས་རྩལ་བདེ་ཟེར་ཨིནམ་ལས་ ཚུལ་དང་མཐུནམ་སྦེ་ཟ་དགོ། དམ་ཆོས་འདུལ་བའི་མདོ་ལས། རྡོ་རྗེ་རྒྱལ་མཚན། (༡༩༩༩ ཤོག་གྲངས་ ༨༥) ཟས་རྣམས་ལྷུང་བཟེད་ཁ་ལས་མཐོར་མི་ལེན། །འབྲས་ཆེན་ཚོད་མ་མང་ཉུང་མཉམ་པར་ལེན། །གྲལ་རིམ་ཐར་ཆགས་སྔ་ཕྱི་མེད་པར་ལེན། །བླང་ཆེ་མི་གཡེང་ལྷུང་བཟེད་མིག་གིས་བལྟ།། ཟེར་གསུང་དོ་བཟུམ་ཟ་ལུགས་ཚུལ་དང་མཐུནམ་སྦེ་ཟ་དགོཔ་ཨིན།
འབྲུག་རྒྱལ་ཁབ་ཀྱི་སྒྲིག་ལམ་ནང་ ཐ་ན་བཞེས་ཆ་ལས་འགོ་བཟུང་སྟེ་དབྱེ་རིམ་དང་ཐོབ་ཐང་དང་འཁྲིལ་ཏེ་དྲང་དགོཔ་ཨིན་པས། འདི་ནང་ལས་མཐོ་སྐལ་ཐོབ་ཐང་འདི་མངའ་བདག་རིན་པོ་ཆེ་དང་སྐྱབས་རྗེ་མཆོག་ལས་གཞན་ལུ་ཐོབ་ཐང་མེད། གལ་སྲིད་ང་བཅས་ཚུ་གཉིས་སྐལ་མའི་གོ་གནས་ཅན་ཡན་ཆད་ཀྱི་སྐུ་མདུན་ལུ་ ལྟོ་ཟ་དགོཔ་འཐོནམ་ད་ ཧེ་མ་འབདན་ལྟོ་རས་ཀྱི་ནང་ཟ་དགོཔ་ཨིན། ད་རེས་ནངས་པ་འབད་བ་ཅིན་ སྔ་གོང་གི་གནང་བ་ཞུ་མི་དང་བསྟུན་ཏེ་ ཤིང་ཀྲོ་ནང་བཅད་དེ་འབག་འོངམ་ཨིན། བཞེས་སྒོ་ཟ་བའི་སྐབས་ལྟོ་ལྷག་མཇུག་ཅིག་ཡང་མེད་པར་སྤུས་ཏེ་ཟ་བ་ཅིན་ ཧེ་མ་འདི་བཟུམ་གྱི་ཟས་ཐོབ་ར་མ་ཐོབ་བཟུམ་སྦེ་ལྟོ་ལེ་ཅན་སྦེ་ སྒྲིག་མེད་པའི་གྲངས་སུ་ཚུདཔ་ཨིན།
གཉིས་པ་བཅའ་ཟེར་མི་འདི་ རྒྱལ་ཁབ་ཀྱི་སྒྲིག་ལམ་རྣམ་གཞག་ནང་ལུ་ཁག་ཆེ་ཤོས་འདི་ར་ འབད་གཞག་བཅའ་གཞག་འདི་ཨིནམ་ལས་ ལཱ་འབད་ཐངས་དང་འབད་གཞག་ཚུ་རོ་གི་མིག་ཁར་ཚུད་ཏོག་ཏོ་སྦེ་འབད་དགོཔ་ཨིན། དེ་མ་ཚད་རང་ལུ་འབད་གཞག་བཅའ་གཞག་ལེགས་ཤོམ་ཡོད་པ་ཅིན་ ཕྱི་རོགས་ཀྱིས་བལྟ་རུང་བཟང་ལྷམ་ལྷམ་དང་རང་ཡང་ལཱ་ག་ཅི་ར་འབད་རུང་ གྲ་ཁིག་ཁི་སྦེ་འཐུས་ཤོར་མེད་པར་འབད་ཚུགསཔ་ཨིན།
གསུམ་པ་འགྲོ་ཟེར་མི་འདི་ མིག་ཏོ་ལྟ་ཐངས། སར་སྡོད་ཐངས། གཡོག་འབད་ཐངས། ལམ་འགྱོ་ཐངས་ཚུ་ལུ་སླབ་ཨིན། མིག་ཏོ་ལྟ་བའི་སྐབས་བྱམས་ཤིང་གཅེས་པ། བརྩེ་ཞིང་ཕངས་པ། མཛེས་ཤིང་ཡིད་ཁར་འོང་བ། ཁྲོ་ཞིང་རྩུབ་པ། ཞི་ཞིང་འདུལ་བའི་ལྟ་ཐངས་ལེ་ཤ་ཡོདཔ་ཨིན། ས་ཁར་སྡོད་དེ་འབད་རུང་ ཕྲང་ཕྲང་ར་གྱལ་གོང་དང་མཐོ་ས་མ་བསྒྱིམས་པར་ ས་ག་ཏེ་ར་འབད་རུང་དམའ་ས་དང་གྱལ་མཇུག་བསྒྱིམས་ཏེ་སྡོད་དགོ། དེ་མ་ཚད་ དུས་ནམ་ར་འབད་རུང་ ཨམ་ཀྲིང་ཀྲི་སྦེ་སྐེདཔ་ཕྲང་སྟེ་མེན་པར་ དཔྱེ་གླངམོ་ཆེ་གི་མཆེཝ་བཟུམ་སྦེ་གུས་ཞབས་དང་སྒྲིག་དང་ལྡནམ་སྦེ་སྡོད་དགོ། དེ་བཟུམ་སྦེ་ སྒྲིག་ལམ་རྣམ་གཞག་གི་ཐོག་ལས་སྡོད་པ་ཅིན་ ལྷ་ཡུལ་སུམ་ཅུ་རྩ་གསུམ་དང་འདྲ་བའི་དབྱར་རྔའི་རྒྱལ་ཁབ་འདི་གཞན་རྒྱལ་ཁབ་ཀྱིས་དབང་ཚུགས་ནི་འདི་ཕར་བཞག་ ཐ་ན་གནོད་པ་ཆུང་ཀུ་ཅིག་ར་བཀལ་མ་ཚུགས་པའི་དགའ་བ་དང་སྐྱིད་པའི་ཉི་མ་ཤར་ནི་ཨིན་ནོ།།

ཁུངས་གཏུག།

[ཞུན་དག]
  1. རྡོ་རྗེ་རྒྱལ་མཚན། (༡༩༩༩) སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ།