བཱ་ཧ་མས྄།


ས་ཁོངས་དང་རྒྱ་ཚད།
བཱ་ཧ་མཱསི་འདི་ ཡུ་ཨེས་རྒྱལ་ཁབ་ཀྱི་ཤར་ལྷོ་མཚོའི་མཐའ་མར་ ཨེ་ཊ་ལན་ཊིག་རྒྱ་མཚོའི་ནང་ ཆགས་ཡོད་པའི་ མཚོ་གླིང་ཅིག་ཨིན། མཚོ་གླིང་བསྡོམས་༧༠༠ དེ་ཅིག་དང་ མཚོ་གླིང་ཆུང་བ་༢༠༠༠ ལྷགཔ་ཅིག་ཡོད་པའི་ བཱ་ཧ་མཱསི་གི་རྒྱ་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༡༣,༨༨༠ དེ་ཅིག་ཡོདཔ་ཨིན། ཡུ་ཨེས་ཀྱི་མངའ་སྡེ་ ཕོལོ་རི་ཌ་ལས་ ཀི་ལོ་མི་ཊར་༨༠ དེ་ཅིག་གི་ས་ཁར་ ཡུ་ཨེས་དང་ཉེ་འདབས་ལུ་ཡོདཔ་ལས་ ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་སྒོ་ཅིག་དང་ ཀེ་རི་བི་ཡན་དང་བྱང་ཨ་མི་རི་ཀ་གི་བར་ན་ འབྲེལ་བ་གལ་ཅན་ཅིག་ལུ་འགྱུར་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ ན་སཱའུ།
བཱ་ཧ་མཱསི་གི་རྒྱལ་ས་ལྟེ་བ་ ནཱ་སའུ་འདི་ ནིའུ་པོརོ་ཝི་ཌེནསི་གླིང་ཕྲན་ནང་ ཆགས་ཡོདཔ་ད་ དེ་གི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༢༠༧ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་ཨིནམ་མ་ཚད་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ཨིན། ཁྲོམ་གྱི་གནམ་གཤིས་ཚ་དྲོད་འདི་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཅན་དང་ བྱཱར་ལུ་ཚ་དྲོད་ཡོདཔ་དང་ དགུན་ལུ་དྲོད་ཚད་རན་ཏོག་ཏོ་ཡོདཔ་ཨིན།
བྱུང་རབས་དང་འཁྲིལཝ་ད་ ན་སའུ་འདི་ སྤྱི་ལོ་༡༦༧༠ ལུ་ བིརི་ཊིཤ་གིས་ གཞི་བཙུགས་འབད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ མཚོ་ཇག་ཚུ་གི་ གཞི་རྟེན་ས་ཁོངས་ཅིག་སྦེ་ཨིན་པས། ཁྲོམ་འདི་ནང་ ཧེ་མ་དབང་འོག་སྡོད་པའི་ལོ་རྒྱུས་ལེ་ཤ་ཡོདཔ་དང་ དེ་ཡང་ བིརི་ཊིཤ་གི་དབང་འོག་སྐབས་བྱུང་ཡོདཔ་ལས་ བིརི་ཊིཤ་གི་དབང་འོག་ལུ་བཙུགས་པའི་སྐབས་ བཱ་ཧ་མཱསི་གི་རྒྱལ་ས་ལྟེ་བ་སྦེ་བཟོ་ནུག། ན་སའུ་འདི་ མི་རློབས་མ་འདྲཝ་ཚུ་སྡོད་སའི་ས་ཁོངས་ཅིག་ཨིནམ་དང་ མང་ཤོས་ཅིག་རང་ ཨཕ་རི་ཀ་གི་མི་བརྒྱུད་ཚུ་ཨིན། ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་དང་ ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ཆེ་ཤོ་ཡོདཔ་དང་ དམིགས་བསལ་དུ་ པོརོ་ཊེས་ཊེནཊ་ཆོས་ལུགས་ཀྱི་རིགས་ཚུ་ཨིན་མས།
ན་སའུ་གི་དཔལ་འབྱོར་དེ་ ལྟ་བཤལ་དང་དངུལ་ཁང་ དེ་ལས་ ཚོང་འབྲེལ་ཚུ་ལས་ ཤུགས་བཏོན་དོ་དོ་ཡོདཔ་ད་ ཁྲོམ་འདི་ མཚོ་འགྲུལ་གྲུ་གཟིངས་ཚུ་གི་དོན་ལུ་ གྲུ་ཁ་གཙོ་བོ་ཅིག་ཨིན་པས། ན་སའུ་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ རྒྱབ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ གལ་ཅན་གྱི་ཆ་ཤས་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༣ ལུ་ དྲོ་ལར་ཐེར་འབུམ་༡༤.༥ དེ་ཅིག་ཨིན་པས།
ལམ་སྲོལ་གྱི་ཐད་ལུ་ ན་སའུ་གིས་ ཡོངས་གྲགས་ཅན་གྱི་ ཇུན་ཀ་ནོ་ཁྲོམ་སྐོར་ཚུ་རྩིས་ཏེ་ སྒྱུ་རྩལ་དང་ སྙན་ཆ་ དེ་ལས་ དུས་སྟོན་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། དེ་མ་ཚད་ བེསི་བཱོལ་དང་ བཱསི་ཀེཊ་བཱོལ་ དེ་ལས་ རྐང་རྩེད་བཟུམ་གྱི་ རྩེད་རིགས་ཚུ་གི་ལྟེ་བ་ཅིག་ཨིན། ལྟ་བཤལ་འདི་ ཁྲོམ་སྡེ་གི་དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིནམ་ལས་ ལྟ་བཤལཔ་ཚུ་ ན་སའུ་གི་སྐྱིད་གནས་དང་ མཚོའི་མཐའ་མ་ དེ་ལས་ ཕོརཊ་ཅར་ལོཊ་ བཟུམ་གྱི་ རྒྱལ་རབས་ཀྱི་ས་རྟགས་ཚུ་ནང་ འོང་དོ་ཡོདཔ་ཨིན།
གནམ་གཤིས།
བཱ་ཧ་མཱསི་ལུ་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཡོད་པའི་ཚ་དྲོད་ལྡན་པའི་ གནམ་གཤིས་ཡོདཔ་་ཨིན། གནམ་བྱཱར་ལུ་ ཚ་དྲོད་དང་ རློན་གཤེར་ཡོདཔ་ད་ གནམ་དགུན་འདི་བསིལ་སུ་ཅིག་སྦེ་ དགའ་ཏོག་ཏོ་ཡོདཔ་ལས་ ལྟ་བཤལ་གྱི་དོན་ལུ་ ས་གནས་ལེགས་ཤོམ་ཅིག་ཨིན་པས། བཱ་ཧ་མཱསི་གི་ས་ཆའི་གནས་སྟངས་ནང་ བྱེམ་དཀརཔོ་གི་མཚོའི་མཐའ་མ་དང་ ཆུ་དྭངས་འཕྲོས་འཕྲོས་ དེ་ལས་ བྱེམ་གྱི་རྡོ་ཚུ་ཡོདཔ་ལས་ རང་བཞིན་གནས་སྟངས་མཛེས་ཏོག་ཏོ་ལུ་བརྟེན་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན།
བྱུང་རབས་དང་མི་རིགས།
བཱ་ཧ་མཱསི་འདི་ འགོ་དང་པ་ར་ སྤྱི་ལོ་༡༤༩༢ ལུ་ ཀི་རིསི་ཊོ་ཕར་ཀོ་ལམ་བསི་གིས་ འཚོལ་ཐོབ་ནུག། མཚོ་གླིང་འདི་ཚུ་ ཤུལ་ལས་ དུས་རབས་༡༧ པའི་ནང་ བིརི་ཊིཤ་གི་དབང་ལུ་བཙུགས་ནུག། བཱ་ཧ་མཱསི་འདི་ སྤྱི་ལོ་༡༧༡༨ ལས་ བིརི་ཊིཤ་གི་དབང་འོག་ལུ་བཞག་པའི་ཤུལ་ལས་ སྤྱི་ལོ་༡༩༧༣ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ རང་དབང་ཐོབ་ནུག། རྒྱལ་ཁབ་འདི་ནང་ལུ་ མི་རིགས་མང་ཤོས་ཅིག་རང་ ཨཕ་རི་ཀ་གི་མི་རིགས་ལས་འཐོན་པའི་རིགས་བརྒྱུད་ཚུ་ཨིན་མས། དེ་མ་ཚད་ ཡུ་རོ་པིན་དང་ ཨ་མི་རི་ཀ་ དེ་ལས་ ཨེ་ཤི་ཡ་གི་རིགས་བརྒྱུད་ཀྱི་ མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན།
མི་རློབས།
སྤྱི་ལོ་༢༠༢༤ ལུ་ བཱ་ཧ་མཱསི་གི་མི་རློབས་འདི་ ཧ་ལམ་ ༤༠༠,༠༠༠ དེ་ཅིག་ཡོདཔ་ཨིན། མི་རློབས་མང་ཤོས་ཅིག་གིས་རང་ ཡེ་ཤུའི་ཆོས་ལུགས་ལུ་ དད་པ་བསྐྱེད་དོ་ཡོདཔ་ད་ འདི་ནང་ལས་ དམིགས་བསལ་གྱིས་ བེབ་ཊིསི་ དང་ ཨེང་ལི་ཀེན་ དེ་ལས་ པེན་ཊ་ཀོསི་ཊཱལ་ ལ་སོགས་པའི་ པོརོ་ཊེསི་ཊཱནཊ་ ཆོས་ལུགས་ཚུ་ཨིན་མས། བཱ་ཧ་མཱསི་འདི་ ཨཕ་རི་ཀའི་སྲོལ་རྒྱུན་གྱིས་ ཤུགས་སྦེ་རང་ སླ་བསྲེ་དང་ཤན་ཞུགས་འབད་མི་ སྒྱུ་རྩལ་དང་ལམ་སྲོལ་ཚུ་ ཡོངས་གྲགས་ཡོདཔ་ཨིན། སྙན་ཆའི་རིགས་ ཇུན་ཀ་ནོ་ ༼རང་ལུགས་བཱ་ཧ་མཱསི་གི་དུས་སྟོན་༽ དང་ ཀེ་ལིཔ་སོ་ དེ་ལས་ རེཀ་ཨེན་ཨིསི་ཀེརེཔ་སྙན་ཆ་ཚུ་ རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་ངོ་རྟགས་གཙོ་བོ་ཅིག་ཨིན། ཁོང་རའི་སྔར་སྲོལ་གྱོན་ཆས་ནང་ ཚོས་གཞི་འོད་མདངས་ཅན་གྱི་གྱོན་ཆས་ཚུ་ཚུདཔ་ཨིནམ་ད་ འདི་ཡང་ འཕྲལ་འཕྲལ་སྐབས་ ཇུན་ཀ་ནོ་གི་ཁྲོམ་སྐོར་བཟུམ་གྱི་དུས་སྟོན་ཚུ་ནང་ གྱོན་ས་མཐོང་དོ་ཡོདཔ་ཨིན།
གཞུང་སྐྱོང་།
བཱ་ཧ་མཱསི་འདི་ སྤྱི་ཚོགས་ལྡན་པའི་ དམངས་གཙོའི་རིང་ལུགས་ཀྱི་འོག་ལུ་ གཞུང་སྐྱོང་འབད་དོ་ཡོདཔ་ད་ བློན་ཆེན་འདི་ གཞུང་གི་དབུ་ཁྲིདཔ་སྦེ་ཡང་ཡོདཔ་ཨིན། སྲིད་དོན་ལམ་ལུགས་འདི་ བིརི་ཊིཤ་གི་ལམ་ལུགས་གུར་གཞི་བཞག་སྟེ་ ཚོགས་ཁང་གོང་འོག་གཉིས་ཡོདཔ་དང་ དེ་ཡང་ཚོགས་འདུ་དང་ ཚོགས་སྡེ་སྦེ་ ཁྲིམས་བཟོའི་ཚོགས་ཁང་གཉིས་ཡོདཔ་ཨིན། ནིའུ་པྲོ་ཝི་ཌེནསི་གླིང་ཕྲན་ནང་ཆགས་ཡོད་པའི་ ས་གནས་ན་སའུ་འདི་ རྒྱལ་ས་ལྟེ་ཨིནམ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ གཞུང་དང་ཚོང་འབྲེལ་གྱི་ལྟེ་བ་ཡང་ཨིན་མས།
དཔལ་འབྱོར།
དཔལ་འབྱོར་གྱི་ཐད་ལུ་ བཱ་ཧ་མཱསི་འདི་ ལྟ་བཤལ་ལུ་ ཤུགས་སྦེ་རང་བརྟེན་དོ་ཡོདཔ་ད་ འདི་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ འོང་འབབ་ཀྱི་བརྒྱ་ཆ་༥༠ དེ་ཅིག་ བཟོཝ་ཨིན་མས། སྤྱི་ལོ་༢༠༢༣ ལུ་ བཱ་ཧ་མཱས་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ དྲོ་ལར་ཐེར་འབུམ་༡༤.༥ དེ་ཅིག་ཡོདཔ་ད་ ཁོང་གི་དངུལ་ལོར་འདི་ བཱ་ཧ་མཱས་ཀྱི་དྲོ་ལར་(BSD) ཟེར་སླབ་མི་འདི་ བརྗེ་སོར་གྱི་ཤུགས་ཚད་ནང་ ཡུ་ཨེས་དྲོ་ལར་དང་འདྲ་མཉམ་སྦེ་ བཀལ་ཡོདཔ་ཨིན་པས། ཕྱི་རྒྱལ་དངུལ་ཁང་དང་དངུལ་འབྲེལ་ཞབས་ཏོག་ཚུ་གིས་ཡང་ དཔལ་འབྱོར་ནང་ འགན་ཁུར་སྦོམ་འབགཔ་ཨིན། བཟོ་གྲྭ་གཙོ་བོ་ཚུ་ཡང་ ལྟ་བཤལ་དང་དངུལ་ཁང་ གྲུ་བཟོ་ནི་ དེ་ལས་ སོ་ནམ་དང་ དམིགས་བསལ་གྱིས་ ཤིང་འབྲས་དང་ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ནི་ཚུ་ཨིན་པས།
སྲུང་སྐྱོབ།
རྒྱལ་ཁབ་འདི་ནང་ དམག་སྡེ་མེད་རུང་ ཁྲིམས་སྲུང་འགག་པ་དང་ རྒྱལ་འཛིན་བཱ་ཧ་མཱསི་སྲུང་སྐྱོབ་དམག་སྡེ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དོ་ཡོདཔ་ད་ དེ་གིས་ ཉེན་སྲུང་དང་ མཚོ་ཐོག་ཉེན་སྲུང་ཚུ་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
ལྟ་བཤལ།
ལྟ་བཤལ་འདི་ བཱ་ཧ་མཱསི་གི་ དཔལ་འབྱོར་གྱི་གཞི་ངོ་མ་ཅིག་ཨིནམ་ལས་ ལོ་བསྟར་བཞིན་དུ་ མཚོའི་མཐའ་མ་དང་ སྐྱིད་གནས་ དེ་ལས་ ཆུ་ལུ་བརྟེན་པའི་ ཆུ་ནང་ནང་འཛུལ་ཏེ་བཤལ་ནི་དང་ ཆུ་ནང་མཆོང་ནི་བཟུམ་གྱི་ ལས་རིམ་ཚུ་གིས་ ལྟ་བཤལཔ་ས་ཡ་ལས་བཅད་དེ་ འོང་དོ་ཡོདཔ་ཨིན། ལྟ་བཤལ་གྱི་ས་གནས་ཡོངས་གྲགས་ཅན་ཚུ་ཡང་ ན་སའུ་དང་ པེ་ར་ཌའིས་གླིང་ཕྲན་ དེ་ལས་ ཨེག་སུ་མ་ ས་ཆ་ཚུ་ཨིན། རྒྱལ་ཁབ་ཀྱི་སྲིད་དོན་བརྟན་ཏོག་ཏོ་ཡོད་མི་དང་ རང་བཞིན་གནས་སྟངས་མཛེས་ཏོག་ཏོ་ཚུ་ལས་བརྟེན་ བཱ་ཧ་མཱསི་འདི་ ཀེ་རི་བི་ཡན་གྱི་ས་གནས་ཚུ་ལས་ ལྟ་བཤལ་འགྱོ་སའི་ས་ཁོངས་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན།
མཇུག་དོན།
མཐའ་མཇུག་ལུ་ བཱ་ཧ་མཱསི་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གོང་འཕེལ་ཚུ་ གཞན་དང་མ་འདྲཝ་སྦེ་ འགྱོ་སྟེ་ཡོདཔ་ཨིན། འདི་གི་ཐབས་བྱུས་ཅན་གྱི་ས་གནས་དང་ སྲོལ་རྒྱུན་ཕྱུགཔོ་ དེ་ལས་ རང་བཞིན་གནས་སྟངས་མཛེས་ཏོག་ཏོ་ཡོད་པའི་་ ཀེ་རི་བི་ཡན་ལུང་ཕྱོགས་ནང་ལུ་ གལ་གནད་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ ཆ་གནས་འབད་དོ་ཡོདཔ་ཨིན།
རྒྱབ་རྟེན།
https://en.wikipedia.org/wiki/The_Bahamas