Jump to content

བུམ་ཐང་ཤིང་མཁར་བདེ་ཆེན་གླིང་། Bumthang Shingkhar Dechenling

Wikipedia ལས།

ངོ་སྤྲོད།

[ཞུན་དག]

དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདི་སྤྱི་ལོ་ ༡༣༠༨ ལུ་སྐུ་འཁྲུངས་ཏེ་སྐུ་ཚེ་མཇུག་ལུ་སྤྱི་ལོ་ ༡༣༥༠ ནང་ལུ་ གོང་མའི་ལུང་བསྟན་ལྟར་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདི་འབྲུག་རྒྱལ་ཁབ་ནང་ལུ་ སྤྱི་ལོ་ ༡༣༥༠ གི་ལོ་ལུ་དུས་རབས་ ༡༣ པ༌ནང་ལུ་བྱོན་ཡོདཔ་ཨིན་མས། ཀུན་མཁྱེན་ཀློང༌ཆེན༌རབ༌འབྱམས༌རིན༌པོ༌ཆེ༌མཆོག་འབྲུག་རྒྱལ་ཁབ་ནང་ལུ་ཕེབས་ཞིནམ་ལས་ གླིང་བརྒྱད་གདན་ས་མཛད་དེ་ནང་པའི་ཆོས་ཀྱི་སྙིང་པོ་ཡང་རྩེ་རྫོགས་པ་ཆེན་པོ༌འདི་དར་ཁྱབ་མཛད་ཡོདཔ་ཨིན། ཀུན་མཁྱེན་ཀློང་ཆེན་གྱི་གདན་ས་གླིང་བརྒྱད་ཀྱི་ནང་ལས་ གླིང་གཉིས་པ་འདི་བུམ་ཐང་བདེ་ཆེན་གླིང་འདི་ཨིན་ཟེར༌སླབ༌ཨིན༌མས། བདེ་ཆེན་གླིང་འདི་བུམ་ཐང་ལས་མོང་སྒར་འགྱོ་སའི་གཞུང་ལམ་བདའ་ཀི་ལོ་མི་ཊར་ ༨ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད་མི་མཐོང་ལེགས་ལའི་རྒྱབ་ཁར་ཡོད་མི་འདི་ ག་ནི་བ་མཛེས་ཆ་དང་ལྡནམ་སྦེ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཐོང་ཚུགསཔ་ཨིན༌མས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དི་བུ་སྲས་བཟང་མཐའ་ཡས་གྲགས་པ་འདི་བདེ་ཆེན་གླིང་ལུ་བྱོན་ཞིན་ན་ ཁོ་རའི་ཨང་རྒས་ཀྱི་བྱིན་ཅན་གྱི་གདན་ས་ལུ་ལྷ་ཁང་བཞེངས་ཏེ་ཕ༌མར༌གྱུར༌པའི༌སེམས༌ཅན༌གྱི༌འགྲོ༌དོན༌མཛད༌དེ༌ ཤིང་མཁར་བླམ་འགོ་ཐོག་དང་པ་ཡང༌མཛད་གནང༌ཡོདཔ་ཨིན་མས།

བུམ་ཐང་ཤིང་མཁར་བདེ་ཆེན་གླིང་།

ཆགས་རབས།

[ཞུན་དག]

དེ་ལས་ཤིང་མཁར་བླམ་གཉིས་པ་བླམ་རྒྱ་བོད་མའི་སྐབས་ལུ་ གཏེར་བཏོན་ལས་འཕྲོ་གླིང་པ་འདི་བདེ་ཆེན་གླིང་ལུ་གཏེར་བཏོན་པདྨ་གླིང་པ་མཇལ་བར་བྱོན་ཏེ༌ དེ་བསྒང་བླ་མ་རྒྱ་བོད་མ་ཁོ་ར་ར་གཏེར་བཏོན་པདྨ་གླིང་པའི་སློབ་མ་ཨིན་མས། གཏེར་བཏོན་རྡོ་རྗེ་གླིང་པའི་སྤྲུལ་སྐུ་མཆོག་ལྡན་མགོན་པོ་གིས་ གཏེར་བཏོན་ལས་འཕྲོ་གླིང་པ་ལུ་ཁོ་ར་གིས་ས་གནས་འདི་གི་རྩ་ཆེ་ཧིང་ངོས་འཛིན་འབད་ནིའི་དོན་ལུ་ ཕྱག་གིས་བཟོ་མི་སངས་རྒྱས་ཀྱི་སྐུ་འདྲ་འདི་ཕུལ་ཡོདཔ་ཨིན་མས། བདེ་ཆེན་གླིང་དགོན་པ་འདི་ཁྱིམ་ཐོག་གཉིས་སྦེ༌ཡོད༌མི༌ནང་ལུ་ཁྱིམ་ཐོག་རེ་ལུ་ལྷ་ཁང་རེ་ཡོད་པའི་ཁར་ ཆོས་སྲུང་གསུམ་གྱི་མགོན་ཁང་གསུམ་ཡོདཔ་ཨིན་མས། དེ་ནང་ལུ་པད་གླིང་ཆོས་འཁོར་གཏུམ་པོ་གི་ཆོས་སྲུང་ག་ར་ས་གིས་བཟོ་ཡོདཔ་ཨིན༌པའི༌ཁར༌ འབྲུག་རྒྱལ་ཁབ་ནང་ལུ་ལྷ་ཁང་དེ་བཟུམ་སྦེ་གཞན་མེདཔ་ཨིན། ཤིང་མཁར་རབ་སྡེ་གི་ལོ་བསྟར་གྱི་དུས་སྟོན་འདི་ གནམ་དགུན་ཉིན་གྲངས་དྲུག་གི་རིང་ལུ་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་མས། དེ་བསྒང་གསལ་སྟོན་འབད་དེ་ཡོད་པའི་རིང་བསྲེལ་ཚུ་ལས་ཆོས་སྲུང་དཔེར་ན་ ར་ཧཱུ་ལ། ལྷ་མོ། མགོན་པོ། ཆོས་སྐྱོང་དང་གཡག་འཆམ་ཚུ་ཨིན་མས། རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་ཚུ་དུས་སྟོན་མཇལ་ནི་དང་ ཁོང་ར་ཆ་ཁྱབ་རྩ་འཁུམ་ནད་ལས་དྲག་ནི་གི་དོན་ལུ་རྒྱབ་སྐྱོར་ཞུ་བ་འོང་དོ་ཡོདཔ་ཨིན་མས། ལྷ་ཁང་དེ་ཁར་ཡོད་པའི་གཟའ་ཆུ་འདི་གནམ་མེད་ས་མེད་བྱིན་བརླབས་ཆེ་དྲགས་སྦེ་ཡོདཔ་སྦེ་བཤདཔ་ཨིན་མས།

སྤྱི་ལོ་ ༡༦༠༠ ཚུན་ཚོད་ཤིང་མཁར་གྱི་གཡུས་ཚན་འདི་ད་ལྟོ་ཡོད་མི་ལས་ལྷོ་ཕྱོགས་ཁ་ཐུག་ལུ་ ཐག་རིང་ས་གཅིག་ཁར་ཡོད་ནི་དེ་གིས་གཡུས་དེ་གི་མིང་ཡང་རིན་ཆེན་སྒང་ཟེར་སླབ་ཡོདཔ་ཨིན་མས།ཧེ་མའི་རིན་ཆེན་སྒང་གི་གཡུས་ཚན་འདི་ད་ལྟོ་ཡང་ཁྱིམ་གྱང་ཁོག་ཚུ་མཐོང་ནི་ཡོདཔ་ཨིན་མས། གཏེར་བཏོན་ལས་འཕྲོ་གླིང་པ་གི་རང་རྣམ་ལས་ ལྷ་ཁང་ཆུང་ཀུ་གཅིག་ཡོད་པའི་ལོ་རྒྱུས་ལྡུམ་དྲ་ཅིག་རྐྱངམ་གཅིག་བཀོད་དེ་ཡོདཔ་ཨིན་མས། གཡུས་ཚན་འདི་གི་སྤོ་ཏོ་ཡ་མཚན་ཆེ་ཏོག་ཏོ་གུར་ སྒྲུབ་རི་རིན་ཆེན་འབྱུང་གནས་ཟེར་མི་འདི་ཡོདཔ་ཨིན་མས། འ་ནཱི་སྒྲུབ་རི་འདི་དེ་བསྒང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དེ་ཁར་ཐུགས་དམ་གནང་བཞུགས་ཏེ་ དེའི་འོག་ལུ་ཡོད་པའི་ལུང་གཤོང་གི་མི་སེར་ཚུ་ལུ་ཆོས་གསུངས་ཡོདཔ་ཨིན་མས། སྒྲུབ་རི་དེ་ཁར་ཁྱད་འཕགས་ཅན་གྱི་གུ་རུའི་སྐུ་འདྲ་ཐོག་གཉིས་འབད་མི་དང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོ་རའི་སྐུ་ཚད་འབད་མི་སྐུ་འདྲ་གཅིག་ཡང་འཇིགས་མེད་གླིང་པའི་སྐུ་འདྲ་ཚུ་གཞན་མ་བརྩི་བར་ཡོདཔ་ཨིན་མས། ཁྱིམ་ཐོག་དང་པ་འདི་ནང་ལུ་གསརཔ་བཞེངས་ཏེ་ཡོད་མི་སྐུ་གདུང་འདི་ག༌ནི༌བ༌ཡ་མཚན་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན་མས། ལྷ་ཁང་ཁྱིམ་ཐོག་གཉིས་པ་འདི་ནང་ལུ་བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྐུ་འདྲ་སྟོང་རྩ་གཅིག་འཕྲལ་མགྱོགས་འཐོབ་ནི་ཨིན་མས།

ཤིང་མཁར་གཡུས་སྐོར།

[ཞུན་དག]

ཤིང་མཁར་གཡུས་ཚན་འདི་གཡུས་ཁའི་ཆོས་སྲུང་གསུམ་གྱིས་ ལེགས་ཤོམ་སྦེ་སྲུང་ཞིན་ན་བདག་འཛིན་འཐབ་སྟེ་ཡོདཔ་ཨིན་མས། དེ་ཡང་བྱང་ཕྱོགས་ཁ་ཐུག་ལས་ནོར་ལྷ་དབང་ཕྱུག་ཡང་ན་ཝ་ཛི་བྲག་ཕོ་ལྷ། ཤར་ཕྱོགས་ཁ་ཐུག་ལས་གཡང་ཇོ་མཱན་ཕོ་ལྷ་དང་ ལྷོ་ཕྱོགས་ལུ་ལས་བདུད་བཱི་ན་བཱ་བྲ་གིས་སྲུང་དོ་ཡོདཔ་ཨིན་མས། ནོར་ལྷ་དབང་ཕྱུག་གིས་ཧེ་མ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གཡག་རྫི་སྦེ་ཕྱག་ཞུ་ཡོདཔ་དང་ དེ་ལས་ཤུལ་ལས་ཁོ་གིས་བྱག་འཇའ་ཆི་ཆི་ཅིག་ཡོད་མི་ཝ་རྫི་བྲག་ལུ་སྡོད་གནས་བཅའ་སྡོད་དེ་ གཡུས་ཚན་དེ་ཁའི་མི་སེར་ཚུ་ལུ་སྲུང་སྐྱོབ་འབད་དེ་རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས། རྒྱུ་མཚན་དེ་གིས་སྦེ་ལོ་བསྟར་བཞིན་དུ་ཟླཝ་ ༥ པའི་ཚེས་ ༨ ལུ་ཤིང་མཁར་དགོན་པའི་བླམ་གི་དབུ་གཙོས་པའི་མི་སེར་ཚུ་གིས་ བྱག་དེ་ཁར་ཡོད་པའི་ཝ་རྫི་གི་ཕོ་བྲང་གདོང་ཁར་བྱོན་ཏེ་ གཡུས་ཚན་འདི་ནང་གི་མི་སེར་དང་ནང་པའི་བསྟན་པ་སྲུང་སྐྱོབ་མཛད་མི་གི་བཀྲིན་དགའ་ཚོར་གྱི་གཏང་རག་བཟུམ་སྦེ་ བསྟོད་བསྔགས་ཀྱི་མོ་ཏོག་འཐོར་ཏེ་མཆོད་པ་ཕུལ་དོ་ཡོདཔ་ཨིན་མས། (ཀློང་ཆེན་པའི་ལྟེ་བ། འབྲུག་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡. ཀློང་ཆེན་པའི་ལྟེ་བ། འབྲུག་གནས། བུམ་ཐང་ལུ་ཡོད་པའི་བདེ་ཆེན་གླིང་དགོན་པའི་བྱུང་རབས་མདོར་བསྡུས། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com