Jump to content

བོ་ལི་ཝིཡ

Wikipedia ལས།

སའི་རྒྱ་ཚད་ ཆགས་ཡུལ་དང་ གནམ་གཤིས།

བྷེ་ལི་བི་ཡ་འདི་ ལྷོ་ཨ་མེ་རི་ཀ་གི་དབུས་ཕྱོགས་ལུ་ཆགས་ཏེ་ཡོད་པའི་ སྐོབས་ཚུད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ བྱང་དང་ཤར་ཁ་ཐུག་ལུ་ བྲ་ཛིལ་དང་ ནུབ་བྱང་ཁ་ཐུག་ལུ་ པ་རུ་ ལྷོ་ནུབ་ཁ་ཐུག་ལུ་ ཅི་ལི་ ལྷོ་ཁ་ཐུག་ལུ་ ཨར་ཇེན་ཊི་ན་ དེ་ལས་ ཤར་ཁ་ཐུག་ལུ་ པ་ར་གུ་ཝའེ་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡,༠༩༨,༥༨༡ དེ་ཅིག་ཡོདཔ་དང་ རྒྱལ་ཁབ་འདི་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་སྦོམ་ཤོས་ལྔ་པ་ཨིན།

རྒྱལ་ཁབ་འདི་ བདག་སྐྱོང་གི་ལས་ཁུངས་༩ ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ བེ་ནི་དང་ ཆུ་ཀུའི་ས་ཀ་ ཀོ་ཅཱ་བམ་བཱ་ ལ་པཱཛ་ ཨོ་རུ་རོ་ པཱན་ཌོ་ པོ་ཏོ་སི་ སཱན་ཊ་ཀྲུ་ཟི་ དེ་ལས་ ཏ་རི་ཇ་ ཚུ་ཨིན། ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བྷེ་ལི་བི་ཡ་ལུ་ ལུང་ཕྱོགས་གཙོ་བོ་གསུམ་ཡོདཔ་དང་ དེ་ཡང་ ཨེན་ཌི་ཡན་གྱི་རི་དང་ སབ་ཨེན་ཌི་ཡན་གྱི་ལུང་གཤོང་ དེ་ལས་ ཨེ་མཱ་ཛོན་ལུང་གཤོང་ཚུ་ཨིན།

བྷེ་ལི་བི་ཡ་ལུ་ ས་ཆའི་གནས་སྟངས་མ་འདྲཝ་མ་འདྲཝ་སྦེ་ཡོདཔ་ལས་བརྟེན་ རྒྱལ་ཁབ་འདི་གི་གནམ་གཤིས་ཡང་ སོ་སོ་སོ་སོ་སྦེ་ཡོདཔ་ཨིན། ས་ཁ་མཐོ་ས་ཚུ་ནང་ ནམ་དགུན་ལུ་ བསིལ་ཏོང་ཏོ་དང་ སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་དང་ ནམ་བྱཱར་ལུ་བསིལ་དྲོད་རན་ཏོག་ཏོ་སྦེ་ སྡོད་དོ་ཡོདཔ་ཨིན། དེ་ལས་ ལུང་གཤོང་ཚུ་ནང་ཡང་ བསིལ་དྲོད་སྙོམ་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ས་ཁ་དམའ་སའི་ལུང་ཕྱོགས་ཚུ་ནང་ སྤྱིར་བཏང་ལུ་ ཚ་དྲོད་ཆེ་བའི་ཁར་ རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་དང་ ནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

བྷེ་ལི་བི་ཡ་ལུ་ མི་རློབས་ས་ཡ་༡༢.༢༤ དེམ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ ལྷོ་ཨ་མེ་རི་ཀ་ལུ་ མི་རིགས་མ་འདྲཝ་ལེ་ཤ་སྦེ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ ཀིའི་ཅུ་ཝ་དང་ ཨའེ་མ་ར་ དེ་ལས་ གྷའུ་ར་ནི་ལ་སོགས་པའི་མི་རིགས་ཚུ་བརྩིས་ཏེ་ མི་རློབས་བརྒྱ་ཆ་༤༨ རྐྱངམ་གཅིག་གིས་ རྒྱལ་ཁབ་འདིའི་མི་རིགས་ངོ་མ་ཨིནམ་སྦེ་ངོས་འཛིན་འབད་དོ་ཡོདཔ་ཨིན།

མི་རློབས་ལྷག་ལུས་འདི་ ས་གནས་ཀྱི་མི་ཁུངས་དང་ཡུ་རོབ་གི་མི་རྒྱུད་སླ་བསྲེ་རྐྱབ་མི་ མེ་སི་ཊི་ཛོསི་དང་ མི་རིགས་དཀརཔོ་ དེ་ལས་ ཨཕ་རོ་བྷེ་ལི་ཝི་ཡན་ དང་ཨེ་ཤི་ཡ་གི་མི་རིགས་སྡེ་ཚན་ཆུང་ཀུ་ཚུ་ཡོདཔ་ཨིན།

གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།

བྷེ་ལི་བི་ཡ་འདི་ རྩ་ཁྲིམས་ཅན་གྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་དང་ འདི་ནང་ གཞུང་གཅིག་སྡུད་ཀྱི་སྲིད་འཛིན་ལམ་ལུགས་ཡོདཔ་ཨིན། དེ་ལས་ སྲིད་འཛིན་འདི་གིས་ རྒྱལ་ཁམས་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། སྤྱི་ལོ་༢༠༠༩ གི་རྩ་ཁྲིམས་ཆེན་མོ་འདི་གིས་ བྷེ་ལི་བི་ཡའི་རྒྱལ་ཁབ་འདི་ མི་རིགས་སྣ་མང་སྦེ་ཡོད་པའི་རྒྱལ་ཁབ་ཅིག་སྦེ་ངོས་འཛིན་འབད་ཡོདཔ་མ་ཚད་ ས་གནས་ཀྱི་མི་རིགས་ངོ་མ་ཚུ་ལུ་ཡང་ཐོབ་དབང་ཚུ་སྤྲོད་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ ད་རེས་ནངས་པའི་སྲིད་དོན་ལམ་ལུགས་འདི་ཡང་ རྩ་ཁྲིམས་འདི་གིས་ གཞི་བཙུགས་འབད་ཡོདཔ་ཨིན།

ཁོང་གི་འཛིན་སྐྱོང་ལྷན་སྡེ་འདི་ སྲིད་འཛིན་གྱིས་འགོ་འཁྲིད་འབད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲིམས་བཟོ་ལྷན་སྡེ་འདི་ ཚོགས་ཁང་གཉིས་ལྡན་གྱི་རྒྱལ་ཡོངས་ཁྲིམས་བཟོ་ཚོགས་སྡེ་འདི་ཨིནམ་དང་ དྲང་ཁྲིམས་ལྷན་སྡེ་འདི་ ལྷན་སྡེ་གཞན་གཉིས་ལས་ རང་དབང་ཅན་སྦེ་བཞག་སྟེ་ཡོདཔ་ཨིན།

ལམ་སྲོལ་དང་ཆོས་ལུགས།

བྷེ་ལི་བི་ཡ་གི་ལམ་སྲོལ་འདི་ ས་གནས་ཀྱི་ལམ་སྲོལ་དང་ རྒྱལ་ཁབ་འདི་ཨིས་པེན་གྱིས་དབང་བའི་སྐབས་ལས་དར་ཡོད་པའི་ ཨིས་པེན་གྱི་ལམ་སྲོལ་གཉིས་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ས་གནས་ཀྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ ལག་བཟོ་ཚུ་ རྒྱལ་ཁབ་ཀྱི་ངོ་རྟགས་བདག་འཛིན་འཐབ་ནི་ལུ་ གལ་ཆེ་བའི་ཆ་ཤས་ཅིག་སྦེ་བརྩི་དོ་ཡོདཔ་ཨིན།

ཆོས་ལུགས་ཁྱབ་ཆེ་ཤོས་འདི་ རོ་མཱན་ཀེ་ཐོ་ལི་སི་ཟམ་ ཟེར་བའི་ཡེ་ཤུའི་ཆོས་ལུགས་འདི་ཨིནམ་དང་ འདི་གི་འོག་ལས་ར་ ཨི་ཝེན་ཇེ་ལི་ཀཱལ་པྲོ་ཊེསི་ཊན་ཊི་ཟམ་ ཟེར་བའི་ཡེ་ཤུའི་ཆོས་ལུགས་དང་རང་ཡུལ་གྱི་ཆོས་ལུགས་གཉིས་ སླ་བསྲེ་རྐྱབ་སྟེ་ཡོད་པའི་ ཆོས་ལུགས་འདི་དར་ཏེ་ཡོདཔ་ཨིན། སྤྱི་ལོ་༢༠༠༩ ལོའི་རྩ་ཁྲིམས་ཆེན་མོ་གིས་ཡང་ བྷེ་ལི་བི་ཡ་གི་མི་རིགས་མ་འདྲཝ་ཚུ་གི་ ཆོས་དང་འབྲེལ་བའི་ཡིད་མོས་མ་འདྲཝ་ཚུ་ངོས་འཛིན་འབད་དེ་ ཆོས་ལུགས་ཀྱི་དལ་དབང་སྤྲོད་དེ་ཡོདཔ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ།

བྷེ་ལི་བི་ཡ་གི་དཔལ་འབྱོར་འདི་ གོང་འཕེལ་འགྱོ་བའི་བསྒང་གི་དཔལ་འབྱོར་ཨིནམ་དང་ དེ་ནང་ ས་གཏེར་དང་ རང་བྱུང་འབར་རླུང་ སོ་ནམ་དང་ བཟོ་གྲྭ་ ལ་སོགས་པའི་ ལས་སྡེ་གཙོ་བོ་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ ལི་ཐི་ཡམ་དང་རང་བྱུང་འབར་རླུང་ དངུལ་དང་ ཊིན་ དེ་ལས་ ཟངས་ཚུ་གི་ཟུར་གསོག་ཡང་ རྒྱ་ཆེ་དྲགས་སྦེ་ཡོདཔ་ཨིན།

གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ སོ་ནམ་གྱི་ལཱ་འདི་ ཁག་ཆེ་ཤོས་ཅིག་ཨིནམ་དང་ སྲན་དཀར་དང་ ཀི་ནོ་ཝ་ དེ་ལས་ཀོ་ཀ་གི་འདབ་མ་ཚུ་ འབོར་ཆེ་དྲགས་སྦེ་ཐོན་སྐྱེད་འབད་དོ་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ བྷེ་ལི་བི་ཡ་གིས་ རིན་ཐང་ཅན་གྱི་རང་བཞིན་ཐོན་སྐྱེད་ཚུ་ རྒྱལ་ཁབ་ཀྱིས་དམ་འཛིན་འབད་ནི་གི་སྲིད་བྱུས་ཚུ་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ཨིན།

བྷེ་ལི་བི་ཡ་གི་དཔལ་འབྱོར་ལུ་ གོང་ཚད་ཡར་སེང་དང་ ཅ་ཆས་ཕྱིར་ཚོང་ལུ་བརྟེན་དགོཔ་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ལངམ་སྦེ་མེད་པའི་གདོང་ལེན་ཚུ་ཡོདཔ་ཨིན། ཨིན་རུང་ ཁོང་གི་དཔལ་འབྱོར་འདི་སྣ་མང་དང་སྒྲིང་སྒྲི་བཟོ་ནི་དང་ ལུང་ཕྱོགས་ཀྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ དཔལ་འབྱོར་གཅིག་སྒྲིལ་བཟོ་ནི་གི་འཆར་གཞི་ཚུ་ལུ་ གཙོ་བོ་བཟུང་དོ་ཡོདཔ་ཨིན།

རྒྱལ་ས་ལྟེ་བ་ལ་པཱཛ།

བྷེ་ལི་བི་ཡ་གི་བདག་སྐྱོང་ལྟེ་བ་ ལ་པཱཛ་འདི་ ས་ཆའི་གནས་སྟངས་མཛེས་ཏོག་ཏོ་ཡོདཔ་དང་ ལམ་སྲོལ་གྱིས་ཕྱུག་པའི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་ མཐོ་ཚད་མི་ཊར་༣༢༥༠ ལས་༤༡༠༠ ཚུན་གྱི་བར་ན་ ཨེན་ཌིསི་གི་རི་རྒྱུད་ཀྱི་ལུང་གཤོང་ནང་ཆགས་ཏེ་ཡོདཔ་ལས་ འཛམ་གླིང་ནང་ རྒྱལ་ས་ལྟེ་བ་ཚུ་གི་གྲལ་ལས་ ས་ཁ་མཐོ་ཤོས་ཅིག་ཨིན། ཁྲོམ་ཚོགས་འདི་ རི་རྩེ་མཐོ་དྲགས་ཚུ་གིས་ བསྐོར་ར་རྐྱབ་སྟེ་ཡོདཔ་དང་ དམིགས་བསལ་དུ་ ཁ་བ་ཅན་གྱི་ ཨི་ལི་མ་ནི་གངས་རི་འདི་གིས་ ལ་པཱཛ་གི་ཁྲོམ་འདི་ ཧེང་སྐལ་མཛེས་ཆ་དང་ལྡནམ་སྦེ་བཟོཝ་ཨིན།

ལ་པཱཛ་གི་ཁྲོམ་འདི་ སྤྱི་ལོ་༡༥༤༨ ལུ་ ཨིས་པེན་གྱི་དབང་བཟུང་འགོ་ཁྲིདཔ་ ཨ་ལོན་སོ་ཌི་མེན་ཌོ་ཟ་ ཟེར་མི་གིས་ གཞི་བཙུགས་འབད་ཡོདཔ་ཨིན། དེ་ཡང་ ཧེ་མ་ ཨིན་ཀཱན་ ཟེར་བའི་མི་རིགས་གཞིས་ཆགས་སའི་ས་ཁོངས་ནང་ གཞི་བཙུགས་འབད་ཡོདཔ་དང་ དེ་བསྒང་ ཁྲོམ་འདི་གི་མིང་ཡང་ ནུའེ་སི་ཊར་སེ་ནོ་ར་ཌི་ལ་པཱཛ་ཟེར་ བཏགས་ཡོདཔ་ཨིན། དེ་ལས་ བྷེ་ལི་བི་ཡ་གི་རྩ་ཁྲིམས་ཆེན་མོའི་ནང་ སུ་ཀེར་གྱི་ཁྲོམ་འདི་ རྒྱལ་ས་ལྟེ་བ་ཨིནམ་སྦེ་འཁོད་དེ་ཡོདཔ་ཨིན་རུང་ ལ་པཱཛ་འདི་ སྤྱི་ལོ་༡༨༩༨ ལུ་ གཞུང་གི་གདན་ས་ལུ་འགྱུར་ཡོདཔ་ལས་ འདི་ནང་ རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་ ཁྲིམས་བཟོའི་ཡིག་ཚང་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན།

ཁྲོམ་འདི་ནང་ ས་གནས་ཀྱི་ལམ་སྲོལ་དང་ སྔོན་མ་དབང་འོག་སྡོད་པའི་ལམ་སྲོལ་མ་འདྲཝ་ཚུ་ཡོདཔ་ཨིན། ཨའེ་མ་ར་ཟེར་བའི་ལམ་སྲོལ་འདི་ མི་སེར་ཚུ་གི་ཉིན་བསྟར་གྱི་མི་ཚེ་ནང་ལུ་ མངོན་གསལ་ཅན་སྦེ་མཐོང་དོ་ཡོདཔ་ཨིན། དཔེར་ན་ ཅོ་ལཱསི་པ་སི་ནཱསི་ ཟེར་བའི་ཨམ་སྲུ་ཚུ་གིས་ སྨད་གཡོགས་དང་ཞྭམོ་མ་འདྲཝ་སྦེ་གྱོན་དོ་ཡོདཔ་ཨིན། འ་ནི་ལམ་སྲོལ་གྱི་ཁྱད་ཆོས་ཚུ་ དེང་སང་གི་འཕོ་འགྱུར་དང་གཅིག་ཁར་ མཉམ་གནས་འབད་དེ་ཡོདཔ་ལས་ ཁྲོམ་ཚོགས་འདི་ གཞན་དང་མ་འདྲ་བའི་ལམ་སྲོལ་ཡོད་པའི་ཁྲོམ་ཅིག་སྦེ་གནས་ཏེ་ཡོདཔ་ཨིན།

ལ་པཱཛ་འདི་ ལོ་བསྟར་བཞིན་དུ་ གཱརན་པོ་ཌར་ལ་སོགས་པའི་ ཆོས་དང་ལམ་སྲོལ་གྱི་དུས་སྟོན་ཚུ་འགོ་འདྲེན་འཐབ་སའི་ས་ཁོངས་གཅིག་ཨིན། གཱརན་པོ་ཌར་གྱི་དུས་སྟོན་གྱི་སྐབས་ལུ་ ཞབས་ཁྲ་རྐྱབ་མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ མཛེས་སྡུག་ཅན་གྱི་གྱོན་ཆས་གྱོན་ཞིནམ་ལས་ ཁྲོམ་ལམ་བདའ་སྟེ་ ཀེ་ཐོ་ལིག་དང་ ས་གནས་ཀྱི་ཆོས་ལུགས་ཀྱི་ལམ་ལུགས་ཚུ་ མཉམ་སྡེབ་འབད་བའི་ མཐོང་སྣང་ཚུ་སྟོན་དོ་ཡོདཔ་ཨིན།

བཞེས་སྒོའི་རིགས་ཀྱི་ཐད་ལུ་ ལ་པཱཛ་གི་ཁྲོམ་འདི་ནང་ སཱལ་ཊེ་ནཱས་ཟེར་བའི་ཤ་གི་མངར་ཟས་དང་ ཨེན་ཊི་ཀུ་ཅོསི་ཟེར་བའི་བསྲེག་པའི་ནོར་ཤ་ དེ་ལས་ ཨ་པི་ཀོན་པསི་ཊེལ་ཟེར་བའི་ གེ་ཟ་ལས་བཟོ་བའི་འཐུང་རྒྱུ་དང་དར་ཚིལ་བླུགས་པའི་བག་ལེབ་ཚུ་རྩིས་ཏེ་ རང་ལུགས་ཀྱི་ཟས་རིགས་མ་འདྲཝ་ཚུ་ ལེ་ཤ་ཡོདཔ་ཨིན། དོ་རུང་ ཁྲོམ་འདི་གིས་ རྒྱལ་ཁབ་ནང་འཁོད་ལས་འཐོན་པའི་རྒྱུ་རྫས་ཚུ་ལག་ལེན་འཐབ་སྟེ་ གསར་གཏོད་ཅན་གྱི་བཞེས་སྒོ་ཚུ་བཟོ་མི་ལས་བརྟེན་ རྒྱལ་སྤྱིའི་ངོས་འཛིན་ཡང་ ཐོབ་དོ་ཡོདཔ་ཨིན།

ལ་པཱཛ་ཁྲོམ་གྱི་ཁྱད་ཆོས་གཙོ་བོ་གཅིག་ འཛམ་གླིང་གི་ ཐག་འཁོར་གྱི་མཐུད་འབྲེལ་མཐོ་ཤོས་ཅིག་ཨིན་མི་ མི་ཊེ་ལི་ཕེ་རི་ཀོ་ ཟེར་བའི་ལམ་ལུགས་འདི་ཨིནམ་དང་ ཐག་འཁོར་འདི་གི་ཐོག་ལས་ ཁྲོམ་ནང་འཁོད་ཀྱི་འགྲོ་འགྲུལ་ཚུ་ འཇམ་ཏོང་ཏོ་སྦེ་འབད་ཚུགས་དོ་ཡོདཔ་ཨིན། དེ་མ་ཚད་ འདི་གི་ཐོག་ལས་ ཁྲོམ་འདི་དང་འདིའི་མཐའ་འཁོར་གྱི་གངས་རི་ཚུ་བལྟ་ནིའི་གོ་སྐབས་ཡང་བྱིན་དོ་ཡོདཔ་ཨིན། དེ་ལས་ ཁྲོམ་འདི་ནང་ཡོད་པའི་ རྒྱལ་ཡོངས་མི་རིགས་ཞིབ་འཇུག་དང་སྔར་སྲོལ་འགྲེམས་སྟོན་ཁང་དང་ དེང་སང་གི་སྒྱུ་རྩལ་འགྲེམས་སྟོན་ཁང་ ལ་སོགས་པའི་ ལམ་སྲོལ་གྱི་མཐོང་སྣང་ཚུ་ལས་བརྟེན་ ཁྲོམ་འདིའི་ཤེས་ཡོན་དང་སྒྱུ་རྩལ་གྱི་གནས་ཚད་ཚུ་ ཧེང་སྐལ་རང་ རྩ་བརྟན་བཟོཝ་ཨིན།

ལ་པཱཛ་གི་རང་བཞིན་མཛེས་སྡུག་དང་ས་གནས་ཀྱི་སྲོལ་རྒྱུན་ དེ་ལས་ དབང་འོག་བྱུང་རབས་དང་ཁྲོམ་ཚོགས་གསར་གཏོད་ཚུ་ མཉམ་དུ་གནས་ཏེ་ཡོད་མི་འདི་གིས་ ཁྲོམ་འདི་ ལྷོ་ཨ་མེ་རི་ཀའི་ སྤྲོ་སྣང་ཅན་དང་ཉམས་དགའ་བའི་རྒྱལ་ས་ལྟེ་བ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།

རྒྱབ་རྟེན་དཔེ་ཐོ།

  1. CIA World Factbook – Bolivia
  2. World Bank – Bolivia Country Overview
  3. Bolivian National Institute of Statistics (INE)
  4. Britannica – Bolivia: Geography
  5. Climate-Data.org – Bolivia Climate
  6. United Nations – World Population Prospects 2023
  7. Minority Rights Group International – Bolivia
  8. Pew Research Center – Bolivia Demographics
  9. Constitución Política del Estado Plurinacional de Bolivia (2009)
  10. Inter-Parliamentary Union – Bolivia Government Structure
  11. UNESCO – Bolivian Cultural Heritage
  12. US Department of State – International Religious Freedom Report: Bolivia
  13. U.S. Geological Survey – Bolivia Mineral Resources
  14. International Monetary Fund (IMF) – Bolivia Economic Report
  15. World Economic Forum – Bolivia Economic Challenges
  16. Encyclopædia Britannica – La Paz, Bolivia https://www.britannica.com/place/La-Paz-Bolivia
  17. Rough Guides – La Paz Travel Guide https://www.roughguides.com/bolivia/la-paz/
  18. LAC Geo – La Paz: The Administrative Capital of Bolivia https://lacgeo.com/lapaz-administrative-capital-bolivia
  19. Shun Culture – What Is La Paz, Bolivia Famous For? https://shunculture.com/article/what-is-la-paz-bolivia-famous-for
"https://dz.wikipedia.org/w/index.php?title=བོ་ལི་ཝིཡ&oldid=38975" ལས་ སླར་འདྲེན་འབད་ཡོདཔ།