བྱ་རོགས་སྒང་ལྷ་ཁང་། Ι Jurugang Monastery
བྱ་རོགས་སྒང་ལྷ་ཁང་།
[ཞུན་དག]དབང་འདུས་ཕོ་བྲང་འོག་གི་བྱ་རོགས་སྒང་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཞབས་དྲུང་རིན་པོ་ཆེ་གི་གདན་ས་རྩ་ཅན་ཅིག་ཨིན། བྱ་རོགས་སྒང་ལྷ་ཁང་དེ་ཡང་དབང་འདུས་འོག་གི་ཨ་ཐང་རྒེད་འོག་ནང་ལུ་ ཀ་མེད་ཆུ་གི་གཡུས་ཚན་ཆ་ཚང་དང་ སྤུ་ན་གཙང་ཆུའི་ལས་འགུལ་ཚུ་མཐོང་ཚུགས་པའི་ ངོ་མཚར་ཅན་དང་ཁྱད་འཕགས་ཅན་གྱི་སྤོ་ཏོ་གུར་ཆགས་ཏེ་ཡོདཔ་མ་ཚད་ རླུང་མ་བསིལ་ཏོང་ཏོ་སྦེ་འཕུར་ཏེ་ ནང་པའི་ཆོས་དང་གཞན་སྙིང་པོ་ཡོད་སའི་ས་གོ་ཅིག་ནང་ཆགས་ཏེ་ཡོདཔ་ཨིན། རང་ལུགས་ཐོག་ལས་རྐྱབ་སྟེ་ཡོད་པའི་འབྲུག་པའི་ཁྱིམ་དག་པ་ཅིག་དང་ སྔོ་ལྗང་ཅན་གྱི་རང་བཞིན་གནས་སྟངས་ཚུ་གིས་ ལྷ་ཁང་འདི་ཧེང་སྐལ་ར་མཛེས་ཆ་ཅན་སྦེ་བཟོ་ཡོདཔ་ཨིན། ས་གོ་འདི་ ད་རེས་ནངས་པའི་མཐུན་རྐྱེན་དཔེར་ན་ སྣུམ་འཁོར་ལམ། གློག་མེ་དང་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་ཚུ་གིས་མཐུད་དེ་ཡོདཔ་ཨིན། དགོན་པ་འདི་གི་བླམ་དང་འཁྲིལ་བ་ཅིན་ ལྷ་ཁང་འདི་ཞབས་དྲུང་གི་གདན་ས་ཅིག་ཨིནམ་ལས་ དེ་ཡང་ཧེ་མ་མི་སྡེ་འདི་གི་ཕྱུགམོ་འཛོམས་ལྷ་ཟེར་མི་འདི་གིས་ཞབས་དྲུང་ལུ་ སྤྱི་ལོ་ ༡༦༣༧ དེ་ཅིག་ཁར་ཕུལ་ཡོདཔ་ཨིན་མས། ལྷ་ཁང་འདི་ཞབས་དྲུང་ལུ་མ་ཕུལ་བའི་ཧེ་མ་ འབྲུག་པའི་སྤྱིར་བཏང་རང་ལུགས་ཀྱི་ཁྱིམ་ཐོག་གསུམ་སྦེ་སྡོད་ཡོདཔ་ཨིན་མས། དེ་ཡང་སྟེང་ཐོག་ཁར་མཆོད་བཤམས། བར་ཐོག་ནང་ལུ་མི་ཚུ་སྡོད་ནི་དང་ འོག་ཐོག་ནང་ལུ་སེམས་ཅན་ཚུ་བཞག་ས་སྦེ་ཡོདཔ་ཨིན་རུང་ ཤུལ་ལས་ཞབས་དྲུང་ལུ་ཕུལ་བའི་རྗེས་སུ་ ཐོག་གཅིག་ཕབ་ཡོདཔ་ཨིན་མས།
དེ་བསྒང་ ཞབས་དྲུང་རིན་པོ་ཆེ་འདི་ བོད་ཀྱི་དམག་ལུ་བརྟེན་ཏེ་སྟབས་མ་བདེཝ་ཐོནམ་ལས་ བྱ་རོགས་སྒང་ལས་སྦེ་རྒྱ་གར་ལུ་བྱོན་ནི་སྦེ་དྷི་ཆུ་ཟེར་ས་ལུ་ཕེབས་ད་ དཔལ་ལྡན་ལྷ་མོ་དང་ མགོན་པོ་ལས་མགོན་བྱ་རོགས་གདོང་ཅན་གཉིས་ཀྱིས་ ཞབས་དྲུང་གི་གདོང་ཁ་འཕུར་འོང་ཞིན་ན་བོད་ཀྱི་དམག་འདི་ འབྲུག་པའི་དམག་མི་ཚུ་གིས་ཕམ་བཏང་སྟེ་ དམག་འདི་འཇོམས་ཡི་ཟེར་ཞུ་ཞིནམ་ལས་ ཞབས་དྲུང་རིན་པོ་ཆེ་འདི་རྒྱ་གར་ལུ་བྱོན་ནི་མེན་པར་འབྲུག་རྒྱལ་ཁབ་ནང་ལུ་ར་བཞུགས་ཏེ་ དམ་པའི་ཆོས་ཀྱི་བསྟན་པ་སྤེལ་གནང་དགོཔ་སྦེ་ གསོལཝ་བཏབ་ཡོདཔ་ཨིན་མས། དེ་ལས་ཚུར་ལོག་བྱོན་ཏེ་ བྱ་རོགས་སྒང་གི་ལྷ་ཁང་ནང་ལུ་བཞུགས་པའི་སྐབས་ལུ་ ཞབས་དྲུང་རིན་པོ་ཆེ་ལུ་ གཟིམ་ཆུང་ལས་འགོ་བཙུགས་ཏེ་ཞབས་ཏོག་ཚུ་ག་ར་ཕྱུགམོ་འཛོམས་ལྷ་འདི་གིས་ ཕུལ་ཡོདཔ་ཨིན་མས། དེ་བསྒང་ལྷ་ཁང་འདི་ ཕྱུགམོ་འཛོམས་ལྷ་གི་གནམ་དགུན་གྱི་སྡོད་ཁྱིམ་སྦེ་སྡོད་ཡོདཔ་ཨིནམ་ལས་ མོ་གི་ས་གོ་འདི་ལས་ཀི་ལོ་མི་ཊར་ ༡ དེ་ཅིག་གི་ས་ཁར་ གནམ་བྱཱར་གྱི་སྡོད་ཁྱིམ་ཡང་ཡོདཔ་ཨིན་མས། ལྷ་ཁང་འདི་ནང་ལུ་ ཞབས་དྲུང་རིན་པོ་ཆེ་ཁོ་ར་གིས་བཞག་ཡོད་པའི་ ནང་པའི་བྱིན་ཅན་གྱི་ནང་རྟེན་ལེ་ཤ་ཡོདཔ་ཨིན་མི་ནང་ལས་ ཞབས་དྲུང་དེ་ནང་བཞུགས་པའི་སྐབས་ལུ་ བཱོན་འབྲས་ཆུམ་གྱི་དྲོ་མཛར་དྲངས་པའི་བསྒང་བཟོ་ཡོད་མི་ ཞབས་དྲུང་ཁོ་རའི་སྐུ་འདྲ་ཅིག་ཡོདཔ་ཨིན་མས། དེ་ཡང་རྩ་ཅན་ཅིག་ཨིན་དགོ་མི་རྒྱུ་མཚན་ཡང་ བཱོན་འབྲས་ཆུམ་ལས་བཞེངས་མི་སྐུ་འདྲ་དེ་ལུ་ ཞབས་དྲུང་གིས་མ་འོངས་པ་ནང་སྐུ་ཁྱོད་ཀྱི་ཁོ་གི་ཚབ་མ་ལྕོགས་ག་ཟེར་དྲིསཝ་ད་ སྐུ་འདྲ་དེ་གིས་ལྕོགས་ཟེར་གསུངས་བྱོན་ཏེ་ དབུ་གིས་ཀྱོག་ཀྱོ་འབད་ཡོད་མི་ལུ་བརྟེན་ཏེ་ སོར་གང་འབད་མི་སྐུ་འདྲ་འདི་ ད་རེས་ནངས་པ་ཡང་ ཨ་ཙི་ཅིག་དབུ་ཀྱོག་ཀྱོག་འབད་བའི་ཚུལ་དུ་བཞུགས་ཡོདཔ་ཨིན་མས།
ཞབས་དྲུང་རིན་པོ་ཆེ་གིས་ དེ་བཟུམ་གྱི་སྐུ་འདྲ་གཉིས་བཞེངས་ཡོདཔ་ཨིན་རུང་ གཅིག་ས་ཁར་འབུད་དེ་ ད་ལྟོ་རྩི་རང་ཕྱོགས་ལུ་ས་གོ་བརྟན་བརྟན་མེད་མི་ཤིང་ཅིག་གི་འོག་ལུ་ཡོདཔ་སྦེ་སླབ་ནི་འདུག། དེ་ལས་རྟེན་གཅིག་འདི་ཞབས་དྲུང་རིན་པོ་ཆེ་ཁོ་ར་གིས་བསྣམས་བྱོན་མི་དུང་དཀར་འདི་ཨིནམ་ལས་ དེ་གིས་མི་སྡེ་འདི་ནང་ལུ་དྲག་ཆར་འདི་རྐྱབ་སྟེ་གནོད་པ་བཀལ་བའི་སྐབས་ལུ་ ཚར་གཅིག་འཕུརཝ་ཅིག་གནོདཔ་འདི་ཞིཝ་ཨིན་ཟེར་སླབ་ནི་འདུག། དེ་ལས་གཞན་དང་གཞན་ཡང་ ཡ་མཚན་ཅན་གྱི་བྱིན་ཅན་གྱི་ནང་རྟེན་ལེ་ཤ་ར་ཡོདཔ་ཨིནམ་ལས་ དུས་ཆེན་ཁྱད་པར་ཅན་ཚུ་ནང་ མི་སེར་ཚུ་ལུ་མཇལ་ཁ་གནང་དོ་ཡོདཔ་ཨིན། ལྷ་ཁང་འདི་གི་འོག་ལུ་ མཆོད་རྟེན་གྱི་སྦོ་ལོགས་ཁར་ཡོད་མི་ ག་ནི་བ་རིང་པའི་ཙན་དན་གྱི་ཤིང་ཅིག་ཡོད་མི་འདི་ཡང་ ཞབས་དྲུང་རིན་པོ་ཆེ་གི་ཕྱག་འཁར་འདི་ ས་ཁར་བཙུགསཔ་ད་སྐྱེས་ཡོད་མི་འདི་ཨིན་ཟེར་སླབ་ནི་ཡོད། ལྷ་ཁང་འདི་གི་བླམ་གིས་སླབ་དོ་བཟུམ་སྦེ་ སྤྱི་ལོ་ ༢༠༡༢ ལུ་ ཚར་གཅིག་མཆོད་རྟེན་གྱི་ཐོག་ཁར་ཡོད་པའི་ ཙན་དན་ཤིང་གི་ཞལ་ལག་སྦོམ་ཅིག་ཆག་སྟེ་ མཆོད་རྟེན་ལུ་གནོད་རྐྱེན་ག་ནི་ཡང་མེད་པར་ ས་ཁར་འབུད་ཡོདཔ་ཨིན་རུང་ འདི་ལྟས་ངན་པ་ཅིག་ཨིནམ་ལས་ དེ་གི་ནངས་པ་ར་རྒྱལ་ཁབ་ནང་ལུ་སྟབས་མ་བདེཝ་སྦོམ་ཅིག་བྱུང་ཡོདཔ་ཨིན། ད་ལྟོ་ཙན་དན་ཤིང་འདི་ ལྷ་ཁང་འཛིན་སྐྱོང་གིས་བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། ཤིང་དེ་གིས་བློ་ནད་དང་ ཚ་རིམས་ནད་ཚུ་དྲག་ཚུགས་པའི་ནུས་པ་ཡོདཔ་ལས་ མི་ཚུ་གིས་ཤིང་དེ་ལུ་ཉེན་ཁ་འདུག་ཟེར་ཨིན་མས།
དེ་ལས་ག་ནི་བ་ངོ་མཚར་ཆེ་བའི་ སྦྲམ་ཟས་ཀྱི་ཤིང་ཅིག་ལྷ་ཁང་གི་དཔྱད་གཞི་ནང་ལུ་ ལོ་བསྟར་བཞིན་རྡོག་མ་ལྟེམ་ལྟེ་བཏགས་ཏེ་ཡོད་མི་དེ་ཡང་ ཨམ་ཕྱུགམོ་འཛོམས་ལྷ་གིས་ཞབས་དྲུང་ལུ་དྲངས་ཏེ་ ཞབས་དྲུང་གིས་མ་འོང་ལུང་བསྟན་གྱི་ཐུགས་སྨོན་གནང་སྟེ་ ས་ཁར་བཙུགས་ཡོདཔ་ཨིན་མས། མི་ཚུ་གིས་སྦྲམ་ཟས་ཀྱི་སོན་འདི་འབག་སྟེ་ས་གོ་གཞན་ཁར་བཙུགསཔ་ད་ མི་གི་རིང་ཚད་དེ་ཅིག་སྐྱེས་ཏེ་ལོག་ཤིཝ་ཨིན་པའི་ལོ་རྒྱུས་སླབ་ཨིན་མས། ན་ཧིང་ལས་འགོ་བཙུགས་ཏེ་ སྦྲམ་ཟས་ཀྱི་རྡོག་མ་འདི་སྤུ་ན་ཁ་མ་ཆེན་ལྷ་ཁང་དང་ དབང་འདུས་ཕོ་བྲང་ དེ་ལས་སྐུ་འཁོར་ཚུ་ལུ་ཡང་ཕུལ་ཡོདཔ་ཨིན་མས། ས་གནས་གཞུང་གིས་ ཤིང་འདི་ཡུན་བརྟན་སྦེ་འཛིན་སྐྱོང་འབད་ནི་གི་འཆར་གཞི་ཚུ་ཡང་འདུག། ད་ལྟོ་ལྷ་ཁང་འདི་སྤུ་ན་གཙང་ཆུ་ལས་འགུལ་གྱི་མ་དངུལ་རྒྱབ་སྐྱོར་ས་ཡ་ ༡༠.༥ གནང་སྟེ་ཉམས་གསོ་རྒྱ་སྦོམ་སྦེ་ར་ཞུ་བའི་བསྒང་ཨིན་མས། ལྷ་ཁང་དེ་ནང་སློབ་གྲྭ་ཅིག་ཡོད་མི་ནང་ལུ་དགེ་སློང་ ༡༥ དང་སློབ་དཔོན་ དེ་ལས་བླམ་གཅིག་ཡོདཔ་ཨིན། ཨམ་འཛོམས་ལྷ་གིས་ཞབས་དྲུང་ལུ་ལྷ་ཁང་དེ་ནང་ གཏན་གྱི་སྐྱབས་གནས་སྦེ་བཞུགས་དགོ་པའི་གསོལཝ་བཏབ་རུང་ ཞབས་དྲུང་གིས་གསན་མ་བཏུབ་པར་ལོ་དག་པ་ཅིག་བཞུགས་ཏེ་བྱོན་ཡོདཔ་ཨིན་མས། ཨམ་འཛོམས་ལྷ་འདི་ འཛོམས་པ་ཟེར་བའི་གཡུས་ཚན་ལས་ཨིནམ་ད་ གཡུས་དེ་ཁར་མོ་གི་ཁྱིམ་གྱང་ཁོག་དེ་ནང་ལུ་ ཁྲོ་ཅིག་ད་ལྟོ་ཡང་ཡོད་པའི་ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ཡང་ཁྲོ་འདི་མི་ག་གིས་ཡང་འཐུ་འབག་མ་ཚུགས་མི་དེ་ཡང་ ཁྲོ་དེ་ནང་ལུ་བདག་འཛིན་འབད་མི་སྦུལ་སྦོམ་ཅིག་ཡོད་ཟེར་སླབ་ཨིནམ་མ་ཚད་ འབྲེལ་ཡོད་རྫོང་ཁག་གི་འགོ་དཔོན་ཚུ་གིས་ ཁྲོ་འདི་བདག་འཛིན་འབད་དགོཔ་སྦེ་སླབ་ཡོདཔ་ཨིན་མས། (བཱོ་ཊན་རྣམ་བཟང་ལྟ་བཤལ་དང་ལམ་སྟོན། (གནམ་ལོ་མེད། སྤྱི་ལོ་ ༢༠༢༠)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡༽ བཱོ་ཊན་རྣམ་བཟང་ལྟ་བཤལ་དང་ལམ་སྟོན། རྒྱལ་ཁབ་ནང་ལུ་ཞབས་དྲུང་གི་གདན་ས་ཅིག་ཨིན་མི་བྱ་རོགས་སྒང་གི་ལྷ་ཁང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཡོངས་འབྲེལ་ཁ་བྱང་། https://www.facebook.com/BhutanNamzang/posts/myth-of-jarogang-temple-one-of-the-zhabdrungs-sacred-residences-in-the-countryja/973171083150330/