བྱ་རྒོད་སྨན་ཆུ། Jagoed Menchhu
ངོ་སྤྲོད།
[ཞུན་དག]བྱ་རྒོད་སྨན་ཆུ་འདི་སྤ་རོ་ལུ་ཆགས་ཏེ་ཡོདཔ་ཨིན། བྱ་རྒོད་སྨན་ཆུ་འདི་རྨ་དང་ནད་གཞི་ཚུ་ལུ་དྲག་ཚུགས་པའི་ཁྱད་ཆོས་གཞན་དང་མ་འདྲཝ་ཡོདཔ་ཨིན་མས། སྨན་ཆུ་དེ་གིས་སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་ཏེ་ རུ་ཏོ་གི་རྨ་བཏོན་དང་ཆག་དཀྲུམ་ཚུ་མགྱོགས་པ་དྲག་དོ་ཡོདཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་མང་ཤོས་ཅིག་བྱ་རྒོད་སྨན་ཆུ་བསྟེན་པར་འོང་དོ་ཡོདཔ་ཨིན་མས། བྱ་རྒོད་སྨན་ཆུ་འཛིན་སྐྱོང་འབད་མི་ས་གནས་དེ་ཁའི་མི་སྡེའི་ནགས་ཚལ་སྡེ་ཚན་གྱི་དྲུང་ཆེན་ཀརྨ་དབང་འདུས་ཀྱིས་སླབ་མི་དང་འཁྲིལཝ་ད་ ཟླ་རིམ་བཞིན་དུ་བྱ་རྒོད་སྨན་ཆུ་བསྟེན་པར་འོང་མི་ཡོངས་བསྡོམས་མི་ངོམ་ ༣༠༠ ལས་མ་ཉུངམ་སྦེ་འོང་དོ་ཡོདཔ་སྦེ་བཤདཔ་ཨིན་མས། སྤྱི་ལོ་ ༢༠༡༧ ལུ་འབྲུག་གཞུང་གིས་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་མཉམ་འབྲེལ་འབད་དེ་ གདོང་བཅོས་ཀྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ད་ལུ་ བྱ་རྒོད་སྨན་ཆུའི་ནང་ལས་མང་ཆེ་བ་ཅིག་ཐོབ་ཡོདཔ་ཨིན་མས།
སྨན་ཆུའི་སྐོར།
[ཞུན་དག]འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་འོག་ལུ་རྒྱལ་སྤྱིའི་ནགས་ཚལ་མཐུན་རྐྱེན་ལས་འགུལ་གྱིས་ ཉིན་དྲོད་ལུ་བརྟེན་པའི་ཆུ་དྲོད་བཏག་ནི་གི་རིང་ལུགས་ཅིག་ཡང་གཞི་བཙུགས་འབད་དེ་ཡོདཔ་ལས་ ཆུ་དྲོད་བཏག་ནི་མེ་ཐབ་ཅིག་ཡང་གཞི་བཙུགས་འབད་དེ་ཡོད་མི་དེ་གིས་ ཐབ་ཤིང་མར་ཕབ་འབད་ནི་ལུ་ཕན་སྦོམ་སྦེ་ཐོགས་ཏེ་ཡོདཔ་ཨིན་མས། དེ་ལས་མགྱོན་ཁྱིམ་དང་ཆུ་སྦང་སའི་མཐུན་རྐྱེན་ཚུལ་མཐུན་དང་ཆབ་གསང་ཚུ་རྐྱབ་ཡོད་མི་དེ་དང་ གློག་མེའི་མཐུན་རྐྱེན་ཚུ་གཞི་བཙུགས་འབད་དེ་ བྱ་རྒོད་སྨན་ཆུའི་ཆུ་རྫིང་ཡང་ལྕགས་སྐུད་རཝ་རྐྱབ་ཡོདཔ་ཨིན་མས། གཞན་ལས་འགུལ་གྱི་ལས་སྣ་ཚུ་ཡང་སའི་མཛེས་བཀོད་བཟོ་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་གི་ལས་རིམ་ཚུ་ཡང་ཡོདཔ་ཨིན་མས། ས་གནས་དེ་ཁར་གྱི་མི་སྡེའི་ནགས་ཚལ་སྡེ་ཚན་གྱི་འཐུས་མི་ཚུ་གིས་སྦུང་ལཱ་དང་ཤིང་ཆས་ཀྱི་ཞབས་ཏོག་ཚུ་བྱིན་ཡོདཔ་ཨིན་མས།
བྱ་རྒོད་སྨན་ཆུ་འདི་སྤ་རོ་སྦོང་སྡེ་ལས་ཅེ་ལས་ལ་ཁ་ཐུག་ཀི་ལོ་མི་ཊར་ ༡༠ དེ་ཅིག་འགྱོ་དགོཔ་ཨིན་མས། ས་གནས་དེ་ཁའི་མི་སྡེ་ནགས་ཚལ་གྱི་སྡེ་ཚན་གྱི་འཐུས་མི་ཚུ་གིས་ བྱ་རྒོད་སྨན་ཆུ་འཛིན་སྐྱོང་འཐབ་མི་ལུ་བརྟེན་ཏེ་ལོ་གཉིས་ཀྱི་ནང་འཁོད་ནང་ལུ་ དངུལ་ཀྲམ་འབུམ་གཉིས་དེ་ཅིག་ཐོབ་ཡོདཔ་སྦེ་སླབ་ཨིན་མས། མི་སྡེ་ནགས་ཚལ་སྡེ་ཚན་འཛིན་སྐྱོང་གི་དྲུང་ཀརྨ་དབང་འདུས་ཀྱིས་སླབ་མི་ནང་ལུ་ ཁོང་ཆ་ཁྱབ་ཀྱིས་སྨན་ཆུ་ཝ་རེ་ལུ་དུས་ཡུན་ཆུ་ཚོད་རེ་ནང་ལུ་ འཐུས་དངུལ་ཀྲམ་ ༡༥༠ རེ་ལེན་དོ་ཡོདཔ་ད་ གལ་སྲིད་མི་ངོ་ཅིག་གིས་ཉིནམ་གཅིག་སྦང་ནི་ཨིན་པ་ཅིན་ འཐུས་དངུལ་ཀྲམ་ ༡༥༠༠ རེ་སྡྲོད་དགོཔ་ཨིནམ་མ་ཚད་ སྨན་ཆེ་འདི་གི་མགྱོན་ཁྱིམ་ནང་ལུ་ཁང་མིག་བརྒྱད་ཡོདཔ་ད་ གལ་སྲིད་ཁང་མིག་དེ་ནང་བཞུགས་པ་ཅིན་ ཞག་རེ་ལུ་དངུལ་ཀྲམ་ ༢༠༠ རེ་ལེན་དོ་ཡོདཔ་ཨིན་མས། བྱ་རྒོད་སྨན་ཆུ་དེ་གིས་མཐའ་འཁོར་གནས་སྟངས་ཀྱིས་ཕན་ཐོགས་ཡོ་པ་གིས་མ་དོ་བར་ ལཱ་གཡོག་གི་གོ་སྐབས་ཡང་བཟོ་དོ་ཡོདཔ་ཨིན་མས། (འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ། གནམ་ལོ་མེད། སྤྱི་ལོ་ ༢༠༡༩)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ། འབྲུག་གི་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ། གནམ་ལོ་མེད། སྤྱི་ལོ་ ༢༠༡༩། ཡོངས་འབྲེལ་ཁ་བྱང་། https://www.facebook.com/