Jump to content

བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ།

Wikipedia ལས།

༉ བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ་འདི་ བླམ་ཀུན་བཟང་རྡོ་རྗེ་གིས་ སྤྱི་ལོ་ ༢༠༠༠ ལུ་གཞི་བཙུགས་མཛད་དེ་གནང་ཡོདཔ་ཨིན་མས། དེ་ཡང་ བླམ་ཀུན་བཟང་རྡོ་རྗེ་གི་གདན་ས་ བྱང་ས་བདེ་ཆེན་ཆོས་གླིང་དགོན་པ་ལུ་སེམས་ཅན་གསད་ཁང་ལས་ གླང་ལྔ་ བླམ་གི་སྐུ་མདུན་ལུ་སྐྱབས་འཚོལ་བར་འོངས་པའི་ཤུལ་ བཀྲ་ཤིས་པའི་ ཉམས་མྱོང་དང་ཁ་ཐུག་རྐྱབ་མི་ལས་བརྟེན་ བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ་འདི་གཞི་བཙུགས་མཛད་གནང་ནུག། དེ་ལས་ གླང་ལྔ་སྲོག་སྐྱབས་འབད་བའི་བྱུང་རྐྱེན་འདི་གི་རྟགས་ཡང་ ཆོས་དང་འབྲེལ་བའི་སྐྱབས་འཛིན་ སྐྱབས་རྗེ་ཕྱག་གྲོལ་རིན་པོ་ཆེ་དང་སྐྱབས་རྗེ་ཁྲི་རབས་བདུན་བཅུ་པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ མཆོག་གིས་ བྱིན་གྱིས་བརླབས་ཏེ་འགོ་བཙུགས་གནང་ཡོདཔ་ཨིན་མས། བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ་འདི་ གཞུང་མིན་ལས་ཚོགས་ཅིག་སྦེ་ཐོ་བཀོད་འབད་དེ་ཡོདཔ་དང་། ཚོགས་པ་འདི་གིས་ སེམས་ཅན་ནདཔ་དང་རྨ་འཐོན་མི་ཚུ་སྲོག་སྐྱབས་འབད་ནི་དང་། སེམས་ཅན་ཚུ་སྨན་བཅོས་དང་གཅེས་སྐྱོང་འབད་ནི། དེ་ལས་ ང་བཅས་རའི་རྒྱལ་ཁབ་དང་ཁྱིམ་ཚང་རྒྱལ་ཁབ་རྒྱ་གར་གྱི་ས་ཁོངས་ནང་ལུ་ སེམས་ཅན་ཚུ་གི་དོན་ལུ་སྡོད་གནས་དང་ཉེན་སྲུང་གི་ས་གནས་ དེ་ལས་རྩ་ཐང་ཚུ་རྒྱུན་སྐྱོང་འབད་དེ་ སེམས་ཅན་གྱི་སྐྱིད་སྡུག་གི་ས་ཁོངས་ནང་ལུ་གྲལ་གཏོགས་འབད་ནི་དང་ཆོས་དང་འབྲེལ་བའི་སེམས་ཅན་ཚེ་ཐར་གཏང་ནིའི་ནང་ལུ་ལཱ་འབད་དོ་ཡོདཔ་ཨིན་མས། []
བྱང་ས་གི་དགོས་དོན་སྦོམ་ཤོས་འདི་ར་ མཐར་ཐུག་ལུ་འགྲོ་བ་སེམས་ཅན་ག་ར་གི་རྒྱུད་ལུ་བྱང་ཆུབ་ཀྱི་སེམས་ཀྱི་གོ་རྟོགས་ སེམས་ཁར་བཙུགས་ཏེ་ འགྲོ་བ་སེམས་ཅན་ག་ར་ལུ་བྱམས་བརྩེ་སྐྱེད་པའི་ཐབས་ལམ་ལས་བརྟེན་ ང་བཅས་རའི་རྒྱལ་ཁབ་ནངཡོད་པའི་སེམས་ཅན་ཚུ་ལུ་བྱམས་དང་སྙིང་རྗེ་དངོས་སུ་སྦེ་ལག་ལེན་འཐབ་ནི་ཡོདཔ་ཅིག་བཟོ་ནི་འདི་ཨིན་མས། ཕན་ཚུན་རྟེན་འབྲེལ་གྱི་བདེན་པ་དང་རེ་འདོད་ལས་བརྟེན་པའི་་བརྩོན་ཤུགས་ཀྱི་སྟོབས་ཤུགས་དེ་གིས་ བྱང་སའི་ལས་སྣ་ཚུ་ག་ར་ ང་བཅས་རའི་འཇིག་རྟེན་གཅིག་མཐུན་གྱི་རྒྱུ་འབྲས་ཡར་འཕར་གཏང་ནི་དང་། དགེ་བ་བཟང་པོའི་ལས་སྣ་ཚུ་གིས་ག་ར་དང་གཅིག་ཁར་མཐུན་འབྲེལ་བཟོ་ནི་གི་ས་བོན་བཟུམ་ཅིག་ཨིན་མས། དེ་བཟུམ་སྦེ་ བྱང་ས་འདི་གི་ལཱ་འགན་གཙོ་བོ་ར་ ང་བཅས་རའི་རྒྱལ་ཁབ་ཀྱི་ན་གཞོན་དང་མི་སྡེ། སྒེར་སྡེ་དང་གཞུང་གི་ཡིག་ཚང་། གཞུང་གི་གཙུག་སྡེའི་ལས་གཡོགཔ་ཚུ་སྙིང་རྗེ་དངོས་སུ་ལག་ལེན་འཐབ་ནི་ནང་བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱི་སྒོ་ལས་ལཱ་འབད་ནི་འདི་ཨིན་མས། [] བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ་གིས་ད་ལྟོ་ཚུན་ཚོད་ཀྱི་བར་ན་ སེམས་ཅན་སྦོམ་ཆུང་མེད་པར་ སྟོང་ཕྲག་ལྷག་སྟེ་ སྲོག་སྐྱབས་འབད་དེ་ སྲུང་སྐྱོབ་དང་བདག་འཛིན་འཐབ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་ཀྱི་རི་དྭགས་ཉེན་སྲུང་ས་ཁོངས་བདུན་གྱི་ནང་ལུ་ བདག་འཛིན་པ་ ༡༨ ཀྱིས་འཛིན་སྐྱོང་འཐབ་སྟེ་སྲུང་བཞག་འབད་དེ་ཡོདཔ་ཨིན་མས། བྱང་ས་གི་ཡིག་ཐོ་ཅིག་དང་འཁྲིལཝ་ད་ ཐིམ་ཕུག་གསར་སྦིས་ཐང་ལུ་ཡོད་པའི་བྱང་ས་སེམས་ཅན་གྱི་སྐྱབས་གནས་གཅིག་གིས་ར་ སེམས་ཅན་ ༨༩༧༦ དེ་ཅིག་སྲོག་སྐྱབས་འབད་ཡོདཔ་དང་། དེའི་ནང་ལས་ མང་ཤོས་ར་རོ་ཁྱི་ནདཔ་ཚུ་སྲོག་སྐྱབས་འབད་ཡོདཔ་ཨིན་མས། ཚོགས་པ་འདི་གིས་དཀའ་སྡུག་ཆེ་བའི་སེམས་ཅན་ཚུ་ཡར་སྐྱེད་གཏང་ནི་དང་ ང་བཅས་རའི་ལས་རྒྱུ་འབྲས་ཚུ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ ་མཉམ་འབྲེལ་ཚོང་རོགས་དང་གཅིག་ཁར་དུས་རྒྱུན་དུ་ལཱ་འབད་དོ་ཡོདཔ་ཨིན་མས། ང་བཅས་རའི་རྒྱལ་ཁབ་འདི་ ཆོས་ལྡན་གི་རྒྱལ་ཁབ་ཅིག་ཨིནམ་ལས་ སེམས་ཅན་གྱི་སྐྱིད་སྡུག་དང་གདུག་རྩུབ་ཚུ་བལྟ་ནིའི་དོན་ལུ་ ཚོགས་པ་་ཅིག་གཞི་བཙུགས་འབད་མི་ལུ་ མི་དབང་རྒྱལ་པོ་མཆོག་གིས་བྱང་ས་ཚོགས་པའི་གསོལ་འདེབས་ལུ་གྲོགས་རམ་གནང་ཡོདཔ་ཨིན་མས། []
བྱང་ས་སེམས་ཅན་སྲོག་སྐྱབས་ཚོགས་པ་གིས་ རྒྱལ་ཁབ་ནང་གི་སྐྱིད་སྡུག་མྱོང་མི་སེམས་ཅན་ཚུ་རེ་རེ་བཞིན་དུ་ སྲོག་སྐྱབས་དང་བདག་འཛིན་འབད་ནིའི་དོན་ལུ་ འབྲུག་མི་ཚུ་ལས་གྲོགས་རམ་ལེན་དོ་ཡོདཔ་ཨིན་མས། རྒྱ་མཚོ་ཆེན་པོའི་ནང་ཆུ་ཐིགས་པ་གཅིག་བླུགས་ཏེ་འབད་རུང་ རྒྱ་མཚོ་མ་བསྐམས་ཚུན་ཚོད་དེ་སྡོད་དོ་བཟུམ་སྦེ་ མི་ག་ར་འབད་རུང་ བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ བྱང་ས་ཚོགས་པ་ལུ་ཞལ་འདེབས་ཕུལ་བ་ཅིན་དེ་ལས་བརྟེན་ བྱང་ས་ཚོགས་པ་གི་ལས་སྣ་དེ་གིས་ག་ར་ལུ་དགེ་བ་རྒྱུན་ཆད་མེད་པར་འཐོབ་ཚུགསཟེར་བཤདཔ་ཨིན་མས། ། []

ཁུངས་གཏུག།

[ཞུན་དག]