Jump to content

བྱམས་པ་ལྷ་ཁང་

Wikipedia ལས།

བྱམས་པ་ལྷ་ཁང༌། ཡོངས་གྲགས་ཅན་གྱི་ བུམ་ཐང་བྱམས་པ་ལྷ་ཁང་འདི་ དུས་རབས་བདུན་པའི་ནང་ ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་ སྤྲུལ་པ་བཀྱེས་ཞིནམ་ལས་ ཉིནམ་གཅིག་ལུ་ མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་ཡོད་མི་ལས་ གཅིག་བུམ་ཐང་བྱམས་པ་ལྷ་ཁང་འདི་ཨིན་པས།

རྒྱལ་པོ་སིནྡྷུ་རཱ་ཛའི་རྟོགས་བརྗོད་རབ་གསལ་མེ་ལོང་ནང་ རྒྱལ་པོ་སྲོང་བཙན་སྒམ་པོས་སྤྲུལ་པ་མང་པོ་བཀྱེས་ཏེ་བྱམས་པ་ལྷ་ཁང་བཞེངས་དུས་སུ༔ མཚོ་སྨན་གྱི་སྟེང་དུ་བཏབ༔ མདུན་དུ་རྡོ་ཡི་བསྐལ་པའི་ཐེམ་སྐས་བཙུགས་ཏེ༔ ཕྱོགས་བཞི་ལ་མཆོད་རྟེན་རེ་བཞེངས༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ ཕྱི་ཡི་བར་ཆད་ནང་མི་བཏང་༔ ནང་གི་དངོས་གྲུབ་ཕྱིར་མ་བཏང་༔ དུས་མིན་གྱུར་ཀྱང་གཏང་རག་མ་ཆོད་ཅིག༔ སྣང་སྲིད་ལྷ་འདྲེ་དམ་སྲི་འབྱུང་པོ་དང་༔ ནད་དང་འཁྲུགས་པ་མུ་གེ་ལ་སོགས་པས༔ རང་གཞན་གཉིས་ཀ་གདོན་གྱིས་ཚུགས་མི་འགྱུར༔ སོགས་བཀོད་དེ་ཡོདཔ་ལས་ མཆོད་རྟེན་འདི་ཚུ་ཡང་ ལྷ་ཁང་བཞེངས་པའི་དུས་མཉམ་ལུ་ བཞེངས་པའི་ར་ཁུངས་སྟོནམ་ཨིན་པས།

སྔོན་དུས་རབས་ ༡༤ པའི་ནང་བྱོན་མི་ གཏེར་ཆེན་རྒྱལ་པོ་ལྔའི་ཡ་གྱལ་ གཏེར་སྟོན་རྡོ་རྗེ་གླིང་པ་ ༡༣༤༦ _ ༡༤༠༥ མཆོག་གིས་ བྱམས་པ་ལྷ་ཁང་ཞིག་གསོ་གནང་ཡོད་པའི་ཁུངས་ཡང་ རྡོ་རྗེ་གླིང་པའི་རྣམ་ཐར་དང་གསུང་མགུར་གླེགས་བམ་ཨོཾ་རྟགས་ཅན་ནང་ དེ་གི་ཤུལ་ལས་ ཟླ་བ་དྲུག་པའི་ཚེས་གཅིག་ལུ་ མོན་གྱི་ཕྱོགས་སུ་ ལུང་བསྟན་བཞིན་དུ་ བྱམས་པ་ལྷ་ཁང་བཟོ་བ་དང༌། བསྟན་པའི་རིམ་གྲོ་ལུ་འོང་སྦེ་ བྱམས་པའི་སྐུ་རང་འཇགས་བཞག་སྟེ་ ལུང་བསྟན་ལྟར་དུ་ ལྷ་ཁང་ཉམས་གསོ་གནང་སྦེ་ ཟབ་གཏེར་དང་ཞལ་མཇལ་མི་དེ་གསོ་བ་འབད་ཡི་ཟེར་བཀོད་དེ་འདུག།

དུས་རབས་ ༡༤ པའི་ནང་བྱོན་མི་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ སྐུ་ཚེ་སྔ་མ་སྐྱེ་བ་གསུམ་གྱི་གོང་ལུ་ བྱམས་པ་ལྷ་ཁང་ནང་ གཏེར་ལུ་སྦས་བཞག་མི་དེ་ ཐུགས་ཁར་དྲན་ཞིནམ་ལས་ དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ཀྱི་སྐོར་ གཏེར་ལས་བཞེས་ཡོད་ལུགས་ཀྱི་ ར་ཁུངས་ཁ་གསལ་ ཁོ་རའི་རྣམ་ཐར་ནང་བཀོད་དེ་འདུག།

ཇོ་ཁང་གི་མཐའ་འཁོར་ལུ་ཡོད་པའི་ལྷ་ཁང་འདི་ཚུ་ཡང་ བུམ་ཐང་རྫོང་ཁག་སྲོལ་འཛིན་འགོ་དཔོན་གྱི་ ཞིབ་འཚོལ་འབད་བའི་ཡིག་ཆ་ནང་ གཡས་ཧོངས་ལུ་ཡོད་པའི་ གུ་རུ་ལྷ་ཁང་འདི་ སྤྱི་ལོ་ ༡༨༩༢ ལུ་ བྱ་དཀར་རྫོང་དཔོན་ འཆི་མེད་རྡོ་རྗེ་གིས་ བཞེངས་ནུག་ཟེར་བཀོད་དེ་འདུག།

གཡོན་ཧོངས་ཀྱི་དུས་འཁོར་ལྷ་ཁང་འདི་ ཆོས་རྩེ་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་མཆོག་གིས་བཞེངས་གནང་གནངམ་དང་ མདུན་ཕྱོགས་ཀྱི་སངས་རྒྱས་རབ་བདུན་གྱི་ལྷ་ཁང་འདི་ དུས་རབས་ ༡༩ པའི་ནང་ བྱ་དཀར་དཔོན་སློབ་ པདྨ་བསྟན་འཛིན་གྱིས་བཞེངས་གནང་ནུག་ཟེར་ཨིན་པས། མཆོད་རྟེན་ལྷ་ཁང་འདི་ དུས་རབས་ ༢༠ པའི་ནང་ ཨ་ཞེ་དབང་མོ་གིས་ བཞེངས་བཞེངསམ་ཨིན་པས་ཟེར་བཀོད་དེ་འདུག།

"https://dz.wikipedia.org/w/index.php?title=བྱམས་པ་ལྷ་ཁང་&oldid=25094" ལས་ སླར་འདྲེན་འབད་ཡོདཔ།