Jump to content

བྱམས་པ་ལྷ་ཁང་གི་གཏེར་འཆམ། Ι Tercham, Jampa Lhakhang

Wikipedia ལས།

ངོ་སྤྲོད།

[ཞུན་དག]
བྱམས་པ་ལྷ་ཁང་།

བྱམས་པ་ལྷ་ཁང་གི་གཏེར་འཆམ་འདི་ ལམ་སྲོལ་གྱིས་ཕྱུག་པའི་འབྲུག་རྒྱལ་ཁབ་ནང་ སྔར་སྲོལ་གྱི་དུས་སྟོན་ཅིག་སྦེ་རྩི་ཏེ་འདུག། དེ་ཡང་ སྔོན་གུ་རུ་རིན་པོ་ཆེ་མཆོག་གིས་ འབྲུག་གི་ས་གནས་ཆ་མཉམ་ར་ དམ་པའི་ཆོས་ཀྱིས་བྱིན་གྱིས་རླབས་གནང་མི་ལུ་བརྟེན་ རྗེས་དྲན་རྗེས་སུ་ཞུ་ནི་གི་དོན་ལུ་ དུས་སྟོན་འདི་ལོ་བསྟར་བཞིན་དུ་བརྩི་སྲུང་ཞུཝ་ཨིན་པས། གུ་རུ་རིན་པོ་ཆེ་འདི་ དུས་རབས་བརྒྱད་པ་ལས་ཚུར་ འབྲུག་རྒྱལ་ཁབ་ནང་ ནང་པ་སངས་རྒྱུས་པའི་ཆོས་ལུགས་ངོ་མ་འདི་ འགོ་ཐོག་སྤེལ་གནང་མི་ལུ་བརྟེན་ འབྲུག་མི་རེ་རེ་བཞིན་དུ་གིས་ སེམས་ཀྱི་དད་པ་དང་མོས་གུས་བསྐྱེདཔ་བཞིན་དུ་ཡོདཔ་མ་ཚད་ གུ་རུ་རིན་པོ་ཆེ་ཁོ་ར་སངས་རྒྱས་གཉིས་པ་འབད་ཆ་བཞག་དོ་ཡོདཔ་ཨིན་པས། བྱམས་པ་ལྷ་ཁང་གི་གཏེར་འཆམ་འདི་ཡང་ གུ་རུ་རིན་པོ་ཆེ་ཁོ་ར་གི་བཀའ་དྲིན་ཁོ་ན་ལུ་དམིགས་ཏེ་ དུས་སྟོན་བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།

དུས་སྟོན།

[ཞུན་དག]

དུས་སྟོན་འདི་ འབྲུག་དབུས་ཕྱོགས་བུམ་ཐང་རྫོང་ཁག་ བྱམས་པ་ལྷ་ཁང་ཟེར་ས་ནང་བརྩི་སྲུང་འབད་དོ་ཡོདཔ་དང་། སྔོན་དང་ཕུ་ལས་ཡོད་པའི་ལྷ་ཁང་རྙིངམ་ཅིག་ཨིན་མི་འདི་ རྒྱལ་རབས་ནང་ཚུད་ཡོད་པའི་ རྩ་ཅན་ཅིག་ཨིནམ་ད་ བྱིན་ཅན་འབད་བརྩི་དོ་ཡོདཔ་མས། ལྷ་ཁང་དེ་ དུས་རབས་༧ པ་ནང་ ལུང་ཕྱོགས་ཀྱི་ས་ཁོངས་དེ་ནང་ ཆོས་དར་ནི་ལུ་བར་ཆད་རྐྱབ་མི་བདུད་ཚུ་ དམ་བཏགས་ནི་གི་དོན་ལུ་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒམ་པོ་གིས་ བཞེངས་གནང་ཡོདཔ་ཨིན་པས། གཏེར་འཆམ་གྱི་དུས་སྟོན་འདི་བརྩི་སྲུང་གི་སྐབས་ ལ་ལུ་གིས་དགའ་བའི་བྲོ་ཁྲབ་ ལ་ལུ་གིས་ སྒྲ་དབྱངས་ཀྱི་སྤྱན་འབུལ་ཚུ་ཕུལ་ཏེ་ དེ་བསྒང་ འཛམ་གླིང་མཐའ་དབུས་མེད་པའི་བལྟ་བཤལ་པ་ཚུ་དང་ གཡུས་སྒོ་སོ་སོའི་མི་སེར་ཚུ་འཛོམས་ཏེ་ ཉིནམ་དག་པ་ཅིག་གི་རིང་ལུ་ སྤྲོ་བཏོན་གུས་གཏུད་ཞུཝ་ཨིན་པས།

འཆམ་གྱི་ཕན་ཡོན།

[ཞུན་དག]

དུས་སྟོན་གྱི་སྐབས་ལུ་ སྤྲོ་བ་ཆེ་ཤོས་འདི་ར་ དགེ་སློང་ཚུ་གིས་རྐྱབ་ཡོད་པའི་འཆམ་འདི་ཨིནམ་ད་ འཆམ་དེ་ཡང་ གཞན་དང་མ་འདྲ་བའི་སྒྱུ་རྩལ་མཁནམ་འདི་ཚུ་གི་རྣམ་པ་འབད་ ལེའུ་མ་འདྲཝ་ཚུ་བཙུགས་ཏེ་ འཆམ་འདི་མཇལཝ་ཙམ་གྱིས་ དབང་ལུ་བསྡུ་ཚུགས་པའི་ ཡིད་ཆེས་དང་ དད་པ་དྲག་པོ་བསྐྱེད་རུང་བའི་ལྟདམོ་ཚུ་སྟོན་དོ་ཡོདཔ་མས། ཞལ་འབགཔ་རེ་རེ་གིས་ ལྷ་ཆོས་སྐྱོང་ སྲུང་མ་རེ་རེ་གི་བརྡ་མཚོན་སྟོནམ་ལས་ འཆམ་ལེའུ་རེ་རེ་གིས་དོན་དང་མཐུན་པའི་ལོ་རྒྱུས་རེ་ བཤད་ནི་ཡོདཔ་ཨིན་པས། འཆམ་འདི་ མི་དམངས་ལུ་སྤྲོ་སྟོན་གྱི་དོན་ལུ་རྐྱངམ་ཅིག་མེན་པར་ དམང་ལུ་ཚེ་ད་ལྟོ་དང་ཕྱི་མ་གཉིས་ལུ་ཕན་ཐོགས་པའི་ ལཱ་བཟང་ངན་གྱི་དབྱེ་བ་ཕྱེ་ཚུགས་ནི་དང་ སེམས་ཤུགས་བསྐྱེད་ཚུགས་དོ་ཡོདཔ་ཨིན་པས། དེ་ནང་འཆམ་རྐྱབ་མི་ཚུ་གི་དམིགས་གཏད་ངོ་མ་ར་ སྤྱོད་ལམ་བཟང་པོ་བརྟེན་ཐབས་དང་ འགྲོ་བ་སེམས་ཅན་གྱི་དོན་ལུ་ བྱམས་པ་དང་སྙིང་རྗེ་བསྐྱེད་ནི། དེ་ལས་ ནང་པའི་སངས་རྒྱས་པའི་ལྟ་བ་འདི་ གཏིང་ཟབ་དྲག་འབད་ཧ་གོ་ཐབས་ལུ་བརྩོན་དོ་ཡོདཔ་མས།

འཆམ་འདི་ ང་བཅས་ཚུ་གིས་ མཇལཝ་ཙམ་གིས་ ལས་ངན་སྡིག་སྒྲིབ་འདག་ཚུགས་ནི་དང་ ཚེ་ད་ལྟོ་ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ལཱ་བཟང་པོ་ལུ་འགྱུར་ཚུགས་ནི་གི་ནུས་པ་ སྦོམ་འབད་ར་ཡོད་ཟེར་བཤདཔ་ཨིན་པས།

གཏེར་འཆམ་གྱི་དུས་སྟོན་དང་འབྲེལ་ ཆོས་དང་འབྲེལ་བ་ཡོད་པའི་སྐུ་རིམ་དང་ཁ་ཐུན་ དེ་ལས་ མཆོདཔ་ཕུལ་ནི་ ལྷ་ཁང་བསྐོར་ར་ཚུ་རྐྱབ་དོ་ཡོདཔ་དང་ མི་གེ་ར་གི་རྒྱུད་ལུ་ དམ་པའི་ཆོས་ཀྱི་རྒྱུན་དེ་ མ་ཆད་པར་སྤྱད་ནི་གི་གོ་སྐབས་ཡོད་དོ་ཡོདཔ་མས། ཉེ་འདབས་ཀྱི་མི་སེར་ཚུ་ རང་ལུགས་ཀྱི་བགོ་དང་དཀྱི་ར་ཚུ་གྱོན་ཏེ་ གུ་རུ་རིན་པོ་ཆེ་ལུ་གུས་གཏུད་ཕུལ་བར་འོང་དོ་ཡོདཔ་མས། དུས་སྟོན་དེ་ལས་བརྟེན་ མི་སྡེ་གི་མཐུན་ལམ་དམ་ཟབ་བཟོ་ཚུགསཔ་མ་ཚད་ འགྲོ་བ་སེམས་ཅན་ག་ར་ ཐར་པ་ཐོབ་ཚུགས་པའི་ནུས་པ་སྦོམ་འབད་ར་ཡོདཔ་ཨིན་པས།

མཁའ་འགྲོ་མ་སྤུན་བཞི།

[ཞུན་དག]

ཡོངས་འབྲེལ་ཝི་ཅེཊ་ཐོག་ལས་ ལྕགས་མཁར་བླམ་འཆི་མེད་རིན་འཛིན་དང་གཅིག་ཁར་ དྲི་ལན་ཅིག་འབད་ཡོད་དང་འཁྲིལ་བ་ཅིན་  (Rinzin, ༢༠༢༣) ཧེ་མ་དུས་རབས་བརྒྱད་པའི་ནང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ རྒྱ་གར་གྱི་རྒྱལཔོ་སིན་དྷུ་ར་ཛ་གི་སྲསམོ་ མཁའ་འགྲོ་བཀྲ་ཤིས་ཆོས་སྒྲོན་ཟེར་མི་ལུ་ ལྷ་ཁང་ཅིག་བཞེངས་ནི་གི་ལུང་བསྟན་ཅིག་ མོ་ར་ལུ་གནང་ནི་འདི་གིས་ མཁའ་འགྲོ་བཀྲ་ཤིས་ཆོས་སྒྲོན་གྱིས་གཙོས་ དགེ་ལྡན་མཚོ་མོ། གཡུས་ལྡན་མཚོ་མོ། ཁྲི་ལྡན་མཚོ་མོ་ཟེར་ ཁོང་མཁའ་འགྲོ་མ་སྤུན་ཆ་བཞི་གིས་འབད་ ཉི་མ་ལྷ་ཁང་འདི་བཞེངས་པའི་སྐབས་ལུ་ ཕྱི་རུ་ཁམས་ཅིག་ཁར་ སྣང་སྲིད་ལྷ་འདྲེ་བྱུང་པོ་འདི་ཚུ་གིས་ ལྷ་ཁང་འདི་ལོག་ཤུབས་བཏང་སྟེ་བཞེངས་མ་བཅུག་པར་ དེ་ལས་མཁའ་འགྲོ་བཀྲ་ཤིས་ཆོས་སྒྲོན་དང་མོ་རའི་སྤུན་ཆ་བཞི་གིས་ ད་ལྟོ་ལྷ་ཁང་གི་སྦོ་ལོགས་ཁར་ཡོད་པའི་གཏེར་བདག་གི་གནས་ཅིག་ཡོད་སར་ ཨྱོན་གུ་རུ་རིན་པོ་ཆེ་བཞུགས་ས་ལུ་ ལྷ་ཁང་འདི་བཞེངས་པའི་སྐབས་ ལྷ་འདྲེ་འབྱུང་པོ་འདི་ཚུ་གིས་ བར་ཆད་རྐྱབ་སྟེ་ར་ཡོདཔ་ལས་ ལྷ་ཁང་འདི་བཞེངས་ནི་གི་དོན་ལུ་ ཐབས་དང་གནས་སྐབས་ཅིག་ག་དེ་སྦེ་བཏོན་པ་ཅིན་དྲག་ག་ གུ་རུ་རིན་པོ་ཆེ་ལུ་གསོལཝ་བཏབ་ཐོག་ལས་ གུ་རུ་རིན་པ་ཆེ་གིས་ དེ་གི་ཕྱི་རུ་ཆུ་ཚོད་༩:༣༠ དེ་ཅིག་ལུ་ གཏེར་བདག་གི་གནས་ལས་མར་ མི་ ནོར་ རྟ་ རོ་ཁྱི། སེམས་ཅན་སྣ་ཚོགས་འབད་གྱལ་མནར་ཏེ་ ཐང་ནང་ལས་མར་ ལ་ལུག་གིས་འཆམ་རྐྱབ་ལྟོདམ་སྣ་ཚོགས་སྟོན་ཐོག་ལས་ མཁའ་འགྲོ་བཞི་གིས་ཟུར་རེ་རེ་ལོང་སྟེ་ མཁའ་འགྲོ་བཀྲ་ཤིས་ཆོས་སྒྲོན་གྱིས་ ཤར་གྱི་ཟུར་འདི་བཤེད་དེ་འབད་བཞེངས་ གཞན་མཁའ་འགྲོ་འདི་ཚུ་གིས་ ཟུར་རེ་རེ་བཤེད་དེ་གིས་སྦེ་བཞེངས་ཚར་ཚརཝ་ཨིན་ཟེར་ཨིན་པས།

ལྷ་ཁང་འདི་བཞེངས་ཚར་ཞིནམ་ལས་ བཞེངས་ཚར་བའི་བརྡ་ལུ་  གནམ་གིང་ཟེར་ ཕྱག་འཚལ་ བསྐོར་ར་རྐྱབ་སྦེ་རྐྱབ་སྲོལ་ཡོད་པའི་འཆམ་ཚུ་ རྫུ་འཕྲུལ་དང་བཅསཔ་འབད་གནང་སྟེ་ སྣང་སྲིད་ ལྷ་འདྲེ་འབྱུང་པོ་འདི་ཚུ་ག་ར་འདི་ཁར་གདམས་བཏགས་གནང་སྟེ་ ཁོང་ག་ར་ཁ་གཡེང་ ལྷ་ཁང་ཡ་མཚན་ཆེ་ཏོག་ཏོ་ཅིག་བཞེངས་ཏེ་ གཏེར་འཆམ་དེ་ཡང་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོམ་འདི་ཚུ་ བུམ་ཐང་ལུ་བྱོན་པའི་སྐབས་སུ་ བུམ་ཐང་བྱམས་པ་ལྷ་ཁང་གི་གཡང་ཐོག་ལུ་ མཁའ་འགྲོ་བཀྲ་ཤིས་ཆོས་སྒྲོན་གྱིས་ དབང་ལུང་ཁྲིད་འདི་ཚུ་ཞུ་བའི་སྐབས་ལུ་ བྱམས་པའི་ལྷ་ཁང་གི་གཡང་ཐོག་ལུ་ གཏེར་འབད་བཞག་བཞགཔ་ཨིན་ཟེར་ཨིན་པས།

གཏེར།

[ཞུན་དག]

དེ་ལས་དུས་རབས་༡༣ པའི་ནང་ གཏེར་སྟོན་རྡོ་རྗེ་གླིང་པ་བྱོན་ཏེ་ གཏེར་བཞེས་པའི་སྐབས་སུ་ལུ་ གཏེར་གྱི་ནང་ན་ལུ་ བྱམས་པ་ལྷ་ཁང་གི་སྒྲུབ་ངོ་མ་འབད་ རབ་གནས་གནང་སྟེ་ གཏེར་གྱི་ནང་ན་ལུ་ གཏེར་འཆམ་དང་ གཏེར་སྟོན་རྡོ་རྗེ་གླིང་པ་ཁོ་ར་གི་གཏེར་འཆམ་སྐུ་འཆམ། འགྲོ་གླིང་རྔ་འཆམ། དཔའ་འཆམ། གྲི་འཆམ། དཔལ་གླིང་གིང་གསུམ་གྱི་ནང་ལས་ རྔ་གིང་སྡིར་སྒྲ། རྒྱུག་གིང་། འདི་ཚུ་ག་ར་ གུ་རུ་རིན་པོ་ཆེ་ཁོ་རའི་ལུང་བསྟན་དང་འཁྲིལ་ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་བཞེས་བཞེསཔ་ལས་ཚུར་ ལྷ་ཁང་འདི་ཡང་སྒྲུབ་བཙུགས་ གཏེར་འཆམ་འདི་ཡང་ གུ་རུ་རིན་པོ་ཆེ་གི་ལུང་བསྟན་དང་འཁྲིལ་ གཏེར་སྟོན་རྡོ་རྗེ་གླིང་པའི་གཞེར་འཆམ་ བྱམས་པ་ལྷ་ཁང་གི་ལྟག་ལུ་ཡོད་པའི་སྤོག་ཏོ་ཅིག་གུ་ གུ་རུ་རིན་པོ་ཆེ་འདི་གསོལཝ་བཏབ་ཐོག་ལས་ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་འཆམ་འདི་གནང་གནངམ་ཨིན་ཟེར་ཨིན་པས།

ད་རིས་ནངས་པའི་དུས་ལུ་ཡང་ བྱམས་པ་ལྷ་ཁང་སྒྲུབ་ཀྱི་སྐབས་ལུ་ གཏེར་འཆམ་འདི་ངེས་པར་དུ་རྐྱབ་དགོཔ་འབད་ཨིནམ་མ་ཚད་ དེ་མ་རྐྱབ་འདྲཝ་ཅིག་འབད་བ་ཅིན་ ཁཝ་རྐྱབ་ནི། སེརཝ་རྐྱབ་ནི། ཆརཔ་དང་རླུང་འཚུབ་ལ་སོགས་པའི་་རྐྱེན་དང་བར་ཆད་སོགས་བྱུངམ་ཨིན་ཟེར་བཤདཔ་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡༽   རིག་འཛིན། (༢༠༢༣, ༠༩༢༧) གཏེར་འཆམ་གྱི་སྐོར།. (བསམ་གཏན་ནོར་བུ་དང་དྲི་བ་དྲིས་ལན།)

༢༽ བྱམས་པ་ལྷ་ཁང་།