བློ་ཟེ།
ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་དང་ ཕམ་བཟང་ པོ་ཚུ་གིས་སྲོལ་བཙུགས་གནང་བའི་ལམ་སྲོལ་བཟང་པོ་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ ལམ་ལུགས་སྲོལ་མ་འདྲཝ་ལེ་ཤ་ཅིག་ཡོད་པའི་ནང་ལས་ ཁག་ཆེ་ཤོས་ར་ང་བཅས་ར་མི་སྡེ་ནང་ལུ་སྔོན་དང་ཕུ་ལས་ར་ ཕོ་དང་མོ་རྒན་གཞོན་མེད་པར་ མི་བློ་རིག་ཅནམ། ཁ་མཁས་པ། ཁ་བདེ་ལྕེ་བདེ། ལྕེ་ལུ་སློག་སྒྱུར་ཤེས་མི་དང་། དེ་མ་ཚད་ བློ་སླབ་པའི་སྐབས་ལུ་་ལུང་དྲང་དང་དཔེ་་དོན་ཚུ་སྦྱར་ཏེ་ ཕར་ལོགས་མའི་བློ་གི་ལན་ཚུ་ བློ་ཟེའི་་ཐོག་ལས་སླབ་མི་འདི་ཨིན་པས། དེ་ཡང་ གཙོ་བོ་ར་ དུས་རབས་ ༧ པའི་ནང་ རྗེ་མཁན་ཁྲི་རབས་ ༩ པ་ རྒྱལ་བ་ཤཱཀྱ་རིན་ཆེན་བཞུགས་པའི་སྐབས་ ཤར་ལས་་ཨམ་རིངམོ་གཅིག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་པ་ཨིན་ཟེར་ ཡོངས་འབྲེལ། [༡] བློ་ཟེ་བསྒྱུར་ཡོད་པའི་ལོ་རྒྱུས་ དེ་ལས་ཚུར་ བློ་ཟེ་སྒྱུར་སྲོལ་དར་ཁྱབ་རྒྱ་ཆེཝ་སྦེ་ར་སོང་ཡོདཔ་ཨིན་མས།
བློ་ཟེ་ཟེརཝ་ད་ གནད་དོན་དང་འཁྲིལ་བའི་ལོ་རྒྱུས་མེན་པར་ མི་རིག་པ་ཅན་ཁ་བདེ་དྲགས་ཚུ་གིས་ ཕར་ལོགས་མའི་བློ་གི་དྲི་བ་དང་འཁྲིལ་ཏེ་ དེའི་ལན་བློ་ཟེ་སྦེ་བསྒྱུར་ཏེ་སླབ་མི་ཅིག་ལུ་སླབ་ཨིན། བློ་ཟེ་སྒྱུར་བའི་སྐབས་ཚིག་ཚུ་ཡང་ དགག་སྒྲུབ། དྲི་བ་དྲིས་ལན། རང་གི་ཚོར་སྣང། དགའཝ་མཐུནམ་གི་ཚིག་དང་བསྟོད་ཚིག། དགའ་བ་དང་སྐྱོ་བའི་ཚིག་ཚུ་བཙུགས་ཏེ་བློ་ཟེ་སྒྱུརཝ་ཨིན་པས། བློ་ཟེ་འདི་ ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ སྔར་སྲོལ་བཟང་པོ་ཅིག་ཨིན་རུང དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ མི་གི་ཕྱིའི་ལྟ་བ་དང་སྤྱོད་པ་ཚུ་མ་འདྲཝ་ཡོདཔ་ལས་ རང་གི་ལམ་སྲོལ་བཟང་པོ་འདི་ སྣང་བ་མེད་པར་རྒྱབ་བསྐྱུར་བཞགཔ་ཨིན་པས། ཨིན་རུང་ སློབ་གྲྭ་ཁག་དང་འབྲུག་རྒྱང་བསྒྲགས་ལས་འཛིན་ཚུ་ནང་སྤྲོ་སྟོན་དང་འགྲན་བསྡུར་གྱི་ལས་རིམ་ཚུ་འགོ་འདྲེན་འཐབ་པའི་སྐབས་ལུ་་ལག་ལེན་འཐབ་ནི་འདུག།
འཇིག་རྟེན་པའི་དཔེ་གཏམ་ལས་ཡང་ རང་ཁ་མ་ཤེས་རོགས་ཁ་སྦྱངས།། ཟེར་སླབ་དོ་བཟུམ་སྦེ་་ ང་བཅས་ར་འབྲུག་མི་མང་ཆེ་ཤོས་ཀྱིས་གསེར་བ་ཕངས་པའི་ལམ་སྲོལ་བཟང་པོ་འདི་རྒྱབ་ཁར་བསྐྱུར་བཞག་སྟེ་་ ཕྱིའི་རྒྱལ་ཁབ་ཀྱི་ལྟ་བ་ཚུ་ལེན་ཏེ་མི་སྡེའི་ནང་་སྟབས་མ་བདེཝ་འཐོན་ནིའི་ཉེན་ཁ་སྦོམ་ཡོདཔ་ཨིན། དེ་ཡང་ ཕྱིའི་ཞབས་ཁྲ་དང་ལིའུ་་འཁྲབ་ཐངས་ དེ་མ་ཚད་ ཁ་སླབ་ཐངས་དང་ཐ་ན་བཞེས་སྒོ་ཟ་ཐངས་ལས་འགོ་བཟུང་སྟེ་ རོགས་ཀྱི་རྒྱལ་ཁབ་ལས་དཔེ་དྲངས་ཏེ་ གཞན་ལུགས་ཚུ་རང་གི་རྒྱལ་ཁབ་ནང་དར་ཁྱབ་འགྱོ་སྟེ་ཡོད། དེ་་འབདཝ་ལས་ ཆུ་མ་འོངསམ་ལས་གཡུར་བ་དང་ ནད་མ་འོངསམ་ལས་རིམ་འགྲོ་ཟེར། རང་གི་རྒྱལ་ཁབ་འདི་རོགས་ཀྱི་འོག་ལུ་མ་ཚུདཔ་པར་ཡོདཔ་ལས་ རང་ར་སོ་སོའི་ལམ་སྲོལ་འདི་བདག་འཛིན་འབད་དེ་ཧེ་མ་ག་ཨིནམ་སྦེ་་སྐྱོང་ཚུགས་པ་ཅིན་ལེགས་ཤོམ་འགྱོ་ནི་ཨིན་པས། རོགས་ཀྱི་་ལམ་སྲོལ་ཚུ་རྒྱབ་ཁར་བསྐྱུར་ཏེ་བཞག་སྦེ་ རང་གི་འདི་ རྒྱུན་སྐྱོང་འབད་བ་ཅིན་ ད་ལྟོ་རྐྱངམ་གཅིག་མེན་པར་ མ་འོངས་ང་བཅས་རའི་བུ་གཞི་ཚུ་ལུ་ཡང་ཕན་ཐོགས་སྦོམ་སྦེ་་ར་འབྱུང་ནི་ཨིན་པས།
ཨཔ་བྲེ་གང་གི་བློ་ཟེ།
[ཞུན་དག]བློ་ཟེ་བསྒྱུར་ནི་ལུ་མཁས་པའི་མིང་ཐོབ་པའི་ སྤ་རོ་ལས་ཨིན་མའི་ཨཔ་བྲེ་གང་དེ་ སྤྱི་ལོ་༢༠༠༥་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་བློ་ཟེ་འགྲན་བསྡུར་དང་ སྤྱི་ལོ་༢༠༡༠་ལུ་དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ སྲུང་གཏང་ནི་གི་འགྲན་བསྡུར་འགོ་འདྲེན་འཐབ་མི་འདི་ཚུ་ནང་ཡང་བཅའ་མར་གཏོགས་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢་ལུ་འབྲུག་ཁྱད་འཕགས་ཅན་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གཉིས་ཀྱིས་ བློ་ཟེ་གི་འགྲན་བསྡུར་འགོ་འགྲན་འཐབ་མི་འདི་ཚུ་ནང་ཡང་བཅའ་མར་གཏོགས་ཏེ་ཁྱད་ཚད་དང་ལྡན་པའི་ལག་ཁྱེར་ལེ་ཤ་ཅིག་ར་ཐོབ་ནུག། བཤམས་གསལ་ལུ་ཨཔ་བྲེ་གང་གི་ རྩོམ་སྒྲིག་འབད་བའི་བློ་ཟེ་དག་པ་ཅིག་ བློ་ཟེ་དགའ་བའི་ཟློས་གར་ཟེར་མི་དཔེ་དེབ་ནང་ལས་གཏོན་ཏེ་འབྲི་ནི་ཨིན།[༡]
ཆོས་སྲིད་དབུ་ཁྲིད་གཉིས་ལ་བསྟོད་པ།
གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ།། ཐུགས་དགྱེས་པར་མཛད་ཅིག་ཡི་དམ་ལྷ།།
རྐྱེན་བར་ཆད་སེལ་ཞིག་ཡི་དམ་ལྷ།། དབྱངས་སྙན་པར་ཞུ་ཞིག་ཚེ་རིང་ལྷ།། སྙན་ལེགས་པར་གསན་ཞིག་འདིར་བཞུགས་ཀུན།།
ལྷོ་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་།། བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས།། རྒྱལ་སྲིད་ཆོས་སྲིད་གཉིས་ལྡན་བཙུགས།།
ཆོས་སྲིད་སྐྱབས་རྗེ་རིན་པོ་ཆེ།། སྐུ་སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ།།
འབྲུག་མཐའ་དབུས་མེད་པའི་མི་སེར་ལུ།། དམ་ཆོས་ཀྱི་བྱིན་རླབས་ཆར་དེ་ཕབ།། འབངས་མི་སེར་ལས་སྒྲིབ་འདི་གིས་དག།
རྒྱལ་སྲིད་མངའ་བདག་རིན་པོ་ཆེ།། སྐུ་ཉི་བདག་གཉིས་ཀྱིས་འཛམ་གླིང་བསྐོར།། ཕྱི་འཛམ་གླིང་ཡོངས་དང་མཐུན་ལམ་བཟོ།།
ཐུགས་སྙིང་རྗེ་ཅན་གྱི་སྤྱན་རས་གཟིགས།། འབངས་མི་སེར་བྱམས་དང་སྙིང་རྗེ་སྐྱོང་།།
རགྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་བཙུགས།། ནང་ན་ཆོས་དང་ལམ་སྲོལ་བཟུང་།།
ཡར་རྒྱས་ཀྱི་རྩ་བ་བཙུགས་གནང་ཡོད།། འདི་བཀའ་དྲིན་སྙིང་ནས་ཤིན་ཏུ་ཆེ།།[༡]
ཟས་ཞིམ་པའི་རྡོག་མ་ཁམ་ཏོག།