Jump to content

བློ༌གསལ༌དབྱངས༌ཅན༌གླིང༌ཨ༌ནི༌བཤད༌གྲྭ།

Wikipedia ལས།

བློ་གསལ་དབྱངས་ཅན་གླིང་བཙུན་མའི་བཤད་གྲྭ།

འབྲུག་ཤར་ཕྱོགས་ མོང་སྒར་རྫོང་ཁག་ཆ་འོག་ ཆགས་ཏེ་ཡོད་པའི་ བློ་གསལ་གླིང་བཙུན་མའི་བཤད་གྲྭ་འདི་ སྤྱི་ལོ་༢༠༡༡ལུ་བཞེངས་ནིའི་འགོ་བཙུགས་གནང་གནངམ་ཨིན། དེ་ཡང་ སྨན་ལྗོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ ༧སྐྱབས་རྗེ༧རྗེ་མཁན་པོ་ ཁྲི་རབས་༧༠ པ་མཆོག་གི་ ཐུགས་དགོངས་བླ་ན་མེད་པ་གྲུབ་ཐབས་ལུ་དམིགས་ཏེ་ ད་རེས་གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེ་ ཀརྨ་རང་གྲོལ་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པའི་སྒོ་ལས་ བཀའ་སློབ་ལམ་སྟོན་ཚུ་གནང་སྟེ་བཞེངས་གནང་པའི་ཁར་ འདི་ཁའི་བཙུན་མ་ཚུ་ལུ་ག་ཅིའི་འཐད་ལས་འབད་རུང་གྲོགས་རམ་རྒྱབ་སྐྱོར་ཚུ་མཛད་དེ་ བཤད་གྲྭ་འདི་འགོ་བཙུགས་གནང་ཡི། བཤད་གྲྭའི་དབུ་འཛིན་དང་པ་འདི་ མཁན་པོ་ཀུན་དགའ་མཆོག་དང་། གཉིས་པ་འདི་ མཁན་པོ་ཡེ་ཤེས་མཆོག་གི་མཛད་གནང་ཡོདཔ་ཨིན། མཁན་པོ་གཉིས་པའི་སྐབས་ལུ་ སྐྱབས་མགོན་རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་གིས་ གཙུག་ལག་ཁང་རྟེན་དང་བརྟེན་པ་དང་བཅསཔ་སྦེ་ བཀྲིས་རབ་གནས་མཛད་གནང་ཡི། ན་ཧིང་སྤྱི་ལོ་༢༠༢༣ ལུ་ མཁན་པོ་ཡེ་ཤེས་མཆོག་དགོངསམ་ཞུ་བའི་ཤུལ་ལུ་ དབུ་འཛིན་གསུམ་པ་སྦེ་ མཁན་པོ་བསོད་ནམས་བཀྲ་ཤིས་མཆོག་གིས་ཁྲི་དར་བཞེས་ཏེ་ ཕྱིའི་འཛིན་སྐྱོང་དང་ ནང་གི་ཤེས་ཡོན་ཚུ་ལེགས་ཤོམ་སྦེ་ སློབ་སྟོན་གནང་དང་གནང་བཞིན་པ་ཡོད། ད་རེས་ནཱ་ལུ་དཔེ་ཆ་སློབ་སྟོན་གནང་མི་ སློབ་དཔོན་དགེ་སློང་གཅིག་དང་ བཙུན་མ་གསུམ་ཡོདཔ་ད་ སློབ་ཕྲུག་བཙུན་མ་དགུ་བཅུ་ལྷགཔ་ཅིག་གིས་ཐོས་བསམ་ཚུ་ཚུལ་མཐུན་སྦེ་མཛད་བཞིན་ཡོད། འདི་ནང་ལོ་བསྟར་བཞིན་དུ་ བསྟན་པ་དང་འགྲོ་བའི་དོན་ལུ་དང་ ལྷག་པར་དུ་རྒྱལ་ཁབ་ཀྱི་སྐུ་རིམ་ལུ་དམིགས་ཏེ་ སྨྱུང་གནས་ཆ་བརྒྱད་དང་ དབྱར་གནས། འདི་བཟུམ་སྦེ་ ཡར་ངོ་མར་ངོའི་ཚེས་བཅུ་དང་ སྐུ་མཆོད་འབུམ་སྡེ་ གསོན་གཤིན་གྱི་རིམ་གྲོ་དང་བསྔོ་སྨོན་ཚུ་གནང་བཞིན་པ་ཡོད། བཙུན་མ་ཚུ་གིས་ ནང་པའི་གཞུང་ཆེན་སྤྱི་དང་ རང་ལུགས་ཀྱི་ཡིག་ཆ་ཚུ་ལུ་ ཐོས་བསམ་གནང་དོ་ཡོདཔ་ཨིནམ་པའི་ཁར་ དེང་སང་གི་ཤེས་ཡོན་ཨིང་ལིཤ་དང་ གློག་རིག་གི་ཤེས་ཡོན་ཚུ་ཡང་སློབ་སྦྱོང་འབད་དོ་ཡོདཔ་ཨིན།