Jump to content

མཁའ་འགྲོ་འགྲོ་བ་བཟང་མོའི་རྣམ་ཐར།

Wikipedia ལས།

༉ ཧེ་མ་གཡུས་མཎྜལ་སྒང་ཟེར་ས་ལུ་ ཡབ་བྲམ་ཟེ་བློ་བོ་དང་ ཡུམ་བྲམ་ཟེ་མཛེས་མ་གཉིས་ཀྱི་སྲསམོ་སྦེ་ བུམོ་གཞན་དང་མ་འདྲཝ་ཅིག་སྐུ་འཁྲུངས་ནུག། མོ་ར་འཁྲུངས་པའི་ཚེ་ བཀྲ་ཤིས་པའི་རྟགས་མཚན་ གནམ་ཁ་ལས་འཇའ་ཤར་ཡོདཔ་དང་ མ་ཎི་གསུངས་བྱོན་བྱོནམ་ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཚུ་གིས་ བུམོ་གི་མཚན་མཁའའགྲོ་འགྲོ་བ་བཟང་མོ་ཟེར་གསོལ་ནུག། དེ་བསྒང་ ཡུལ་མཎྜལ་སྒང་གི་རྒྱལ་པོ་ ཀཱ་ལ་དབང་པོ་དང་ཕྱག་ཞུ་མི་ཚུ་ ནགས་ཚལ་ནང་ཤ་བདའ་བར་འབྱོནམ་ད་ མཁའ་འགྲོ་འགྲོ་བ་བཟང་མོ་བཞུགས་སའི་དགོན་པ་དེ་ཁར་ཕེབས་ནུག། རྒྱལཔོ་གིས་ མཁའ་འགྲོ་འགྲོ་བ་བཟང་མོ་དེ་མཇལཝ་ཅིག་ ཡིད་རང་དབང་མེད་པར་ཤོར་སོཔ་ལས་ མཁའ་འགྲོ་གི་ཡབ་དང་ཡུམ་གཉིས་ལུ་ བུམོ་འདི་རྒྱལ་པོའི་བཙུནམོ་སྦེ་འཁྱིད་དགོ་པས་ཟེར་གསུངམ་ད་  ཡབ་དང་ཡུམ་གཉིས་ཀྱི་ཡང་རྒྱལ་པོའི་བཀའ་ལུ་དགག་པ་མ་རྐྱབ་པར་ མཁའ་འགྲོ་འགྲོ་བ་བཟང་མོ་དེ་གཉེན་རྐྱབ་ནིའི་བློ་འདོད་མེད་རུང་ ཕམ་གཉིས་ཀྱི་བློ་ལུ་ཉན་ཏེ་ཁ་བཟེད་ཆི་ནུག། ཡུན་མ་རིངམོ་ཅིག་གི་བར་ན་ སྲསམོ་ལྷ་ཅིག་ཀུན་ཏུ་བཟང་མོ་དང་ སྲས་ལྷ་སྲས་ཀུན་ཏུ་ལེགས་པ་ཟེར་མི་གཉིས་ཡང་རིམ་གྱིས་སྦེ་འཁྲུངས་ནུག། རྒྱལཔོ་དེ་ལུ་བཙུནམོ་ཧ་ཅང་ཟེར་མི་དེ་ མཁའ་འགྲོ་འགྲོ་བ་བཟང་མོ་དང་སྲས་དང་སྲསམོ་ཚུ་ལུ་ ངལ་མ་རངས་པར་ གདུག་རྩུབ་གྱངས་ཁ་མ་ཆོདཔ་ཅིག་འབདཝ་ལས་ མཁའ་འགྲོ་འགྲོ་བ་བཟང་མོ་དེ་ ཐུགས་ཕམ་པའི་ངང་ལས་གནམ་ཁར་ཕུར་བྱོན་སོ་ནུག། བཙུནམོ་ཧ་ཅང་དེ་གི་བཀའ་བཞིན་དུ་ སྲས་དང་སྲསམོ་གཉིས་ཡང་ ནགས་ཚལ་སྦོམ་ཅིག་ནང་བཀལ་ཏེ་ བྱག་རིིངམོ་གུར་ལས་མར་ཁོང་སྐུ་སྤུན་གཉིས་བཀོ་ནི་འབདཝ་ད་ ལྷ་སྲས་ཀུན་ཏུ་ལེགས་པ་གིས་ ཁོ་ར་བཀོ་བཏང་རུང་ ཁོ་རའི་ཨ་ཞེམོ་འདི་བཀོ་མ་གནང་ཟེར་ མིག་ལས་མིག་ཆུ་འཛག་ཡི་ར་གསོལཝ་བཏབ་ལས་ ཁོང་བཤན་པ་གཉིས་ཀྱི་ཡང་སེམས་ལུ་སྙིང་རྗེ་དུམ་གྲ་ཅིག་བསྐྱེད་དེ་ ཨ་ཞེམོ་འདི་ཚེ་ཐར་བཏང་ནུག། སྲས་ཀུན་ཏུ་ལེགས་པ་འདི་ བྱག་གུར་ལས་མར་བཀོ་གཏངམ་ད་ ཡུམ་འདི་གིས་མངོན་ཤེས་མཁྱེན་ཏེ་ བྱ་རྒོད་ཅིག་ལུ་སྤྲུལ་ཏེ་ ལྷ་སྲས་ཀུན་ཏུ་ལེགས་པ་འདི་ཤི་བའི་ལམ་ལས་སྲོག་སྐྱབས་མཛད་ནུག། དེ་ལས་ ལྷ་སྲས་ཁོ་ར་ ཆུ་གི་མཐའ་མ་ཧེན་བཞུགསཔ་ད་ དེ་ཚེ་ཡུམ་འདི་གིས་བྱ་ནེ་ཙོ་ཅིག་ལུ་སྤྲུལ་ཏེ་ མི་གི་སྐད་ནང་སྦེ་ ལྷ་སྲས་ཀུན་ཏུ་ལེགས་པ་ ཡུལ་པདྨ་ཅན་གྱི་རྒྱལ་པོ་མཛད་ནིའི་ལུང་བསྟན་འདུག་ཟེར་སླབ་ལས་ ནེ་ཙོ་འདི་གིས་ཁྱིད་དེ་ ཡུལ་པདྨ་ཅན་གྱི་མི་ཆ་ཁྱབ་ཀྱི་ཁོང་རའི་ཡུལ་པདྨ་ཅན་གྱི་རྒྱལ་པོ་སྦེ་བསྐོས་ནུག། ལོ་ལེ་ཤ་ཅིག་གི་རྒྱབ་ལས་ ལྷ་སྲས་ཀུན་ཏུ་ལེགས་པ་གི་སྐུ་སྤུན་ ལྷ་སྲས་ཀུན་ཏུ་བཟང་མོ་དང་ཕྱད་ནིའི་ལུང་བསྟན་ཡོདཔ་ལས་ ཨ་ཞེམོ་གིས་རྒྱལ་པོའི་རྡོ་ཆལ་སྦུག་ལས་ འཁྲུལ་གླུ་འཐེན་མི་འདི་ ལྷ་སྲས་ཀུན་ཏུ་ལེགས་པ་འདི་གིས་ སྐད་འདི་ན་འཐན་ར་ཧེ་མ་གོ་གོཝ་བཟུམ་ཡོདཔ་ལས་ མི་འདི་ག་ཨིན་ན་གཟིགས་པར་འབྱོནམ་ད་ འགོ་དང་པ་ངོ་མཁྱེན་མ་ཚུགས་རུང་ ལོ་རྒྱུས་ཚུ་དྲིས་ཡི་དྲིས་ཡི་འབདཝ་ད་ རྒྱལ་པོའི་ཨ་ཞེམོ་ཨིནམ་མཁྱེན་ཏེ་ རྒྱལ་པོ་འདི་ཐུགས་དྲན་མེད་བརྒྱལ་སོ་ནུག། དྲན་མེད་ལས་ལོག་སྟེ་ སྐུ་སྤུན་གཉིས་ཕྱད་པའི་དགའ་སྤྲོ་ལུ་ གླུ་གར་གྱི་མཆོད་པ་ཕུལ་ཏེ་བཞུགས་རིང་ལུ་ བདུདམོ་ཧ་ཅང་གིས་ལོ་རྒྱུས་ཚུ་གོཝ་སྟེ་ དྲག་པོའི་དམག་རྐྱབ་པར་འོངས་ནུག། ལྷ་སྲས་ཀུན་ཏུ་ལེགས་པ་གིས་  ཁོང་ལུ་མ་བཏུབ་པའི་ལཱ་ག་ནི་ཡང་མ་འབད་རུང་ དེ་སྦེ་དོན་དག་མེད་པར་དམག་རྐྱབ་པར་འོངསམ་ལས་ ལྷ་སྲས་ཀུན་ཏུ་ལེགས་པ་ཡང་ ཞི་བའི་ཐབས་ལམ་ཟད་དེ་དམག་ལུ་འབྱོན་ནིའི་གྲ་སྒྲིག་མཛད་དེ་ དཔལ་རྩལཔ་རུ་ཁག་སྦེ་ མཚོན་ཆ་མདའ་དང་གཞུ་ ཀྲིང་ཀ་ དཔའ་རྟགས་ཚུ་འབག་སྟེ་དམག་རྐྱབ་ད་ པདྨ་ཅན་གྱི་དཔའ་རྩལཔ་ཚུ་ལུ་གླགས་འཁེལ་མ་ཚུགསཔ་དང་ བདུདམོ་ཧ་ཅང་འདི་ཡང་རྒྱལ་པོ་ཀུན་ཏུ་ལེགས་པ་གིས་ མདའ་རྐྱབ་སྟེ་བཀྲོངས་ད་ནུག། བདུདམོ་ཧ་ཅང་དེ་ དུམ་བུ་སྦེ་བཅད་ཞིནམ་ལས་ ས་དོང་ནང་བཙུགས་ཏེ་ ཐོག་ཁ་ལས་ མཆོད་རྟེན་གནགཔོ་ཅིག་ཡང་བཞེངས་ནུག། དེ་ལས་ རྒྱལཔོ་སྲས་དང་སྲསམོ་ཡང་ལོག་ཁོང་རའི་ཡུལ་མཎྜེ་སྒང་ལུ་བྱོན་ཏེ་ ཡབ་རྒྱལ་པོ་འདི་བཙོན་ལས་བཏོན་ཏེ་ པདྨ་ཅན་དང་མཌྞེ་བསྒང་གི་རྒྱལ་ཁབ་གཉིས་ཀྱི་རྒྱལ་འབངས་ག་ར་ དགའ་ཏོག་ཏོ་སྦེ་དགའ་བའི་དཔལ་ལུ་ལོངས་སྤྱོད་དེ་བཞུགས་ནུག་ཟེར་བཀོད་དེ་འདུག།

རྣམ་ཐར་འདི་གི་བཅུད་དོན་ངོ་མ་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་དཔང་ལུ་བཙུགས་ཏེ་ འབད་དགོཔ་དང་ཡེ་ཤེས་པའི་མདའ་འདི་ རྐྱབ་སར་མི་མཐོང་ ཕོག་སར་མཐོང་ཟེར་སླབ་དོ་བཟུམ་ རང་གི་རོགས་ལུ་མ་བཏུབ་པའི་ལཱ་འབད་མི་འདི་ ག་དེ་འབད་རུང་འཁོར་ཏེ་འོངསམ་ལས་ འགོ་དང་འགོ་ལས་མ་རུང་པའི་ལཱ་ཚུ་ རྩ་བ་ཉིད་ལས་སྤང་དགོཔ་ཨིན་པས།

རྒྱབ་རྟེན

མཁའ་འགྲོ་ཚེ་བརྟན (༢༠༡༨) འགྲོ་བ་བཟང་མོ བོད བོད་ཀྱི་ཟློས་གར་རྩོམ་རིག