མགར་ས་ཚ་ཆུ།

Wikipedia ལས།

མགར་ས་ཚ་ཆུ།

ཡོངས་གྲགས་ཅན་གྱི་མགའ་ས་ཚ་ཆུ་དེ་ འབྲུག་གི་ནུབ་བྱང་ཁ་ཐུག་མོ་ཆུ་གི་མཐའ་མ་ལུ་ རྒྱ་མཚོའི་མཐའ་མ་ལས་མི་ཊར་ ༢༢༠༠ དེ་ཅིག་གི་ས་ཁར་ཆགས་དེ་ཡོདཔ་ཨིན། ས་གནས་དེ་ སྤུ་ན་ཁ་ལས་ཀི་ལོ་མི་ཊར་ ༤༧ དང་ཐིམ་ཕུག་ལས་ཨིན་པ་ཅིན་ ཀི་ལོ་མི་ཊར་ ༡༣༤ གི་ས་ཁར་ཡོདཔ་ཨིན། ད་རེས་ནངས་པ་རྒྱལ་ཁབ་གོང་པཕེལ་གྱི་འགྱུར་བ་དང་བསྟུན་ ཚ་ཆུ་ཚུན་ཚོད་ར་སྣུམ་འཁོར་ལམ་ལྷོད་དེ་ཡོདཔ་ཨིན།

ཚ་ཆུ་དེ་ནང་ལུ་ སྤྱིར་བཏང་གི་ཆུ་རྫིང་ ༥ དང་སྐུ་འཁོར་གྱི་ཆུ་རྫིང་ ༡ ཡོདཔ་ཨིན་པས། སྤྱིར་བཏང་གི་ཆུ་རྫིང་ ༥ ཡོད་པའི་ནང་ལས་ ༡ འདི་ཚ་ཆུ་སྦང་མི་རང་སོའི་བློ་འདོད་དང་འཁྲིལ་སྔོན་མ་ལས་བདག་སྲུང་འབད་དེ་ཏི་རུ་སྤྲོད་དེ་ལག་ལེན་འཐབ་ཨིན་མས། ཚ་ཆུ་གི་རྫིང་ག་ར་ཚ་དྲོད་མ་འདྲཝ་ཡོདཔ་ལས་ཚ་ཆུ་སྦང་མི་ཚུ་གིས་རང་སོའི་བློ་འདོད་དང་འཁྲིལ་ཏེ་རྫིང་གདམ་ཁ་རྐྱབ་ཆོགཔ་ཨིན་མས། ཚ་ཆུ་གི་རྫིང་ཚུ་ཁམས་ལོག་སི་སི་མི་འགྱོ་ནི་དང་གཙང་སྦྲ་ཅན་སྦེ་བཞག་ཐབས་ལུ་ ཚ་ཆུ་གི་རྫིང་ནང་མ་འཛུལ་བའི་ཧེ་མ་ གཟུགས་འཁྱུ་ནི་གི་ཁྲུས་ཁང་གི་མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིནཔས། ཚ་ཆུ་སྦང་པར་འོང་མི་ཚུ་སྡོད་ནི་གི་དོན་ལུ་ རང་སོའི་རྒྱུ་སྟོབས་དང་འཁྲིལ་མགྱོན་ཁྱིམ་ཚུ་ཡང་ལེན་ནི་གི་མཐུན་རྐྱེན་ཚུ་ཡོདཔ་ཨིན་མས།

དད་པའི་ས་བོན། (གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༣༠༣) ནང་ལུ་ “སྐྱེས་ལོ་ ༨༥ ལང་མི་ཨ་རྒས་རྡོ་རྗེ་རྒྱལ་མཚན་གྱིས་བཤད་མི་ནང་ གྲུབ་ཐོབ་གཏེར་ཁུངས་པ་གིས་མགར་ས་ལུ་སྨན་རིགས་བརྒྱ་དང་རྩ་བརྒྱད་གཏོར་གནང་མི་ལས་ ཚ་ཆུ་དང་སྨན་ཆུ་བསྡོམས་བརྒྱད་ཐོན་ཡོད་པའི་ཁར་ ཁོ་རའི་གསང་ཆབ་ཀྱིས་འདམ་བསྣས་ཞིན་ན་ ཚྭ་ཚྭ་བརྒྱ་དང་བརྒྱད་ པར་བཏབ་སྟེ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་གནང་ནུག།” ཟེར་བཤད་ཡོདཔ་ལས་ །ཚ་ཆུ་དེ་ རྩ་ཅན་སྦེ་བརྩི་མཐོང་བསྐྱེད་མི་ཡང་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ཨིན་པས། ཚ་ཆུ་འདི་གི་གནས་བདག་འདི་ དོན་གྲུབ་ནོར་བཟང་ཨིནམ་དང་ གྲུབ་ཐོབ་གཏེར་ཁུངས་པ་གིས་གནས་བདག་སྦེ་དབང་དུ་བ་བསྡུ་བའི་ཧེ་མ་འབད་བ་ཅིན་འདྲེ་གདུག་དྲགས་ཅིག་ཨིན་སྦེ་བཀོད་དེ་འདུག།

ཁ་རྒྱུན་ལས་ གྲུབ་ཐོབ་ཀྱིས་སྨན་ཁུག་འདི་ས་གནས་འདི་ཁར་བཀོཝ་ད་རྫིང་དང་པ་ཡོད་ས་ལུ་ཆགས་མི་ལུ་བརྟེན་ཏེ་ རྫིང་དང་པའི་ཚ་ཆུ་འདི་གིས་ ལྡན་འདུས་ཀྱི་ནད་ལས་དྲག་ཚུགས་པའི་ཁར་ནད་རིགས་བཅུ་གསུམ་ལུ་ཕནམ་ཨིན་ཟེར་ཨིན་པས། ཚ་ཆུ་རྫིང་གཉིས་པ་འདི་གིས་ ཆུ་སེར་གྱི་ནད་དང་ རྐང་ལག་གི་ཚིགས་ཏོ་སྦོ་མི་ལ་སོགས་པའི་ནད་རིགས་ལས་དྲག་ཚུགསཔ་དང་ ཁྲག་ཤུགས་ཡོད་མི་དང་ཚད་པའི་ནད་གཞི་ཡོད་མི་ དེ་ལས་མིག་སེར་གྱི་ནད་ཡོད་མི་ཚུ་གིས་ རྫིང་འདི་ནང་སྦང་མི་བཏུབ་ནི་ཨིན་པས། དེ་ལས་རྫིང་གསུམ་པ་འདི་གིས་ དུག་ནད་དང་ཆག་དཀྲུམ་གྱི་རིགས་ལས་དྲག་ཚུགསཔ་དང་ ཁྲག་ཤུགས་དང་རླུང་ནད་ཡོད་མི་ཚུ་གིས་ཆུ་རྫིང་འདི་ནང་སྦང་མི་བཏུབ་ཨིནམ་དང་ རྫིང་བཞི་པ་གིས་འབད་བ་ཅིན་ གཙོ་བོ་ར་གྲང་བའི་ནད་གཞི་དང་བསེ་མོ་ པགས་ནད་ཚུ་དྲག་ཚུགསཔ་དང་ འདི་ནང་ཁྲག་ཤུགས་ཡོད་མི་དང་ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ཚུ་གིས་སྦང་མི་བཏུབ་ཨིན་པས། ཚ་ཆུ་སྦང་ནི་གི་དུས་ཚོད་དགའ་ཤོས་འདི་ཡང་ གནམ་སེར་ཁ་ཤིང་དང་ཧོན་ལྡུམ་གི་འདམ་མ་ས་ཁར་བུད་བའི་དུས་ཚོད་ རང་ཟླ་འབད་བ་ཅིན་ ༩ པ་ལས་ ༢ ཚུན་ལུ་ཨིནམ་སྦེ་བཀོད་དེ་འདུག། (དད་པའི་ས་བོན། ༢༠༠༨)

གནས་ཡིག་ཀུན་ཕན་ལམ་སྟོན། (༢༠༡༧) ནང་ལུ་འབད་བ་ཅིན་ ཚ་ཆུ་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་བྱིན་གྱིས་རླབས་ཏེ་གནང་ཡོདཔ་དང་ ནད་རིགས་སོ་སོ་ལུ་ཕན་པའི་ཚ་ཆུའི་རྐ་ཡང་ ཧེ་མ་འབད་བ་ཅིན་བདུན་ཡོདཔ་སྦེ་ཨིན་པས། ཨིན་རུང་ ཚ་ཆུ་འདི་སྤྱི་ལོ་ ༢༠༠༩ ལུ་ཆུ་རུད་ཀྱིས་འཕྱགས་འབག་ཞིནམ་ལས་ ད་རེས་ཚ་ཆུའི་རྐ་ གསུམ་རྐྱངམ་གཅིག་ཡོདཔ་སྦེ་ཨིན་པས། ཚ་ཆུ་དེ་ལུ་ མི་མཐུན་པའི་རྐྱེན་ངན་བྱུང་སྟེ་འབད་རུང་ གཞུང་གིས་ ལོ་ངོ་ ༣ གྱི་ནང་འཁོད་ཚ་ཆུ་མཐའ་འཁོར་ལུ་ཡོད་པའི་གཞི་རྟེན་མཁོ་ཆས་ཚུ་ ཨ་རྟག་ག་ཨིནམ་སྦེ་བསྒྲུབས་ཏེ་མི་དམངས་ལུ་སྒོ་ཕྱེས་གནང་ནུག། ད་རུང་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༦ ལུ་ ཆུ་གིས་འཕྱགས་འབག་སྟེ་ཡོདཔ་ཨིན།

རྒྱབ་རྟེན་དཔེ་ཆ།

ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

བསྟན་འཛིན་རྡོ་རྗེ། ཨྱོན་བསྟན་འཛིན། (༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས། ཀྲི་ཨེན་དཔར་སྐྲུན་ཁང་། ཐིམ་ཕུག།

Dzongkhag Administration, Gasa (n.d) Gasa tshachu Retrieved from:

http://www.gasa.gov.bt/tourism/gasa-tshachu#:~:text=This%20is%20one%20of%20the

Sonam Chophel (n.d) Gasa Tshachu: The Hot Spring of Gasa. Retrieved from:     https://texts.mandala.library.virginia.edu/text/gasa-tsachu-hot-springs-gasa

"https://dz.wikipedia.org/w/index.php?title=མགར་ས་ཚ་ཆུ།&oldid=29727" ལས་ སླར་འདྲེན་འབད་ཡོདཔ།