Jump to content

མངའ་བདག་འཇིགས་མེད་རྣམ་རྒྱལ།Jigme Namgyal

Wikipedia ལས།

ཁ་བཞི་ལྗོངས་ཀྱི་མི་སེར་སྤྱི་མཐུན་གྱི་བསོད་ནམས་ལས་ འབྲུག་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་ རི་བོ་གདུང་དཀར་གཡས་སུ་འཁྱིལ་བའི་ངོས་ལ་ དགོན་གནས་གཙུག་ལག་ཁང་དང་བཅས་པ་ཆགས་པ་ལུ་ ཀུར་སྟོད་དུང་དཀར་དགོན་པ་ཞེས་ཡོངས་སུ་གྲགས་པ་དེར་ སཱ་ལ་ལྟ་བུ་ཆེ་བའི་ རིགས་ཀྱང་ལྷ་རིགས་སྨྱོས་ཀྱི་གདུང་རབས་ལས་རིམ་པར་མཆེད་པའི་ཡབ་ཆོས་རྗེ་པདྨ་དང་། ཡུམ་དགེ་ལེགས་དབྱངས་འཛོམ་མ་གཉིས་ལས་ སྲས་ལྔ་བྱུང་བའི་འབྲིང་པོ་ མིའི་བདག་པོ་འདི་ཉིད་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉེར་ལྔ་དང་། རང་ལུགས་ཀྱི་འདས་ལོ་ཆིག་བརྒྱ་དུན་བཅུ་དོན་ལྔ་རབ་བྱུང་བཅུ་བཞི་པའི་ཤིང་བྱའི་ལོ་ལུ་སྐུ་འཁྲུངས་ནུག[]

སྔ་མའི་སྨོན་ལམ་གྱིས་བསྐུལ་བ་ལས་རིམ་གྱིས་ ཆོས་རྩེ་དཔོན་སློབ་གཏམས་ཞིང་ཆོས་རྗེ་ཨོ་རྒྱན་ཕུན་ཚོགས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་རྗེ་འབྲུག་པའི་སྡེ་རིས་ལུ་བཞུགས་ནུག ཤུལ་ལས་རྡོ་རྗེ་གླིང་པའི་གདུང་རབས་ལས་བྱོན་པའི་ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་དེ་ཉིད་

ཆོས་རྩེའི་སྤྱི་བླ་སྦེ་མངའ་གསོལ་མཛད་ཞིནམ་ལས་ མི་རྗེ་དེ་ཉིད་ཀྱང་རིམ་གྱིས་ ཆོས་རྩེའི་གཟིམ་དཔོན་གྱི་གོ་སར་འཁོད་ནུག དེ་བསྒང་སྤུངས་རྫོང་མེ་རྐྱེན་ལྔ་པའི་ཉམས་གསོས་སྐབས་ཤར་ནུབ་ཀྱི་དཔོན་ཁག་ཐམས་ཅད་སྤུངས་ཐང་ཁ་ལུ་འཛོམས་དུས་ དཔོན་ཁག་ལ་ལུ་གིས་ཆོས་རྩེ་པ་བཀྲོངས་ནི་འབད་རུང་ ཆོས་གཟིམས་འཇིགས་མེད་རྣམ་རྒྱལ་མཆོག་སྤྱང་ཞིང་རིག་པ་གྲིམ་ནི་འདི་གི་ སྐུ་སྲོག་ལུ་ཉེས་སྐྱོན་ག་ནི་ཡང་མེད་པར་སླར་ལོག་ཆོས་རྩེ་རྫོང་ལུ་བདེ་ཏོག་ཏོ་སྦེ་ཕེབས་པའི་ཤུལ་ མི་རྗེ་འདི་ཆོས་རྩེའི་མགྲོན་གཉེར་གྱི་གོ་ས་ལུ་བསྐོ་བཞག་མཛད་ནུག[]

དེའི་ཤུལ་ལས་མི་རྗེ་མཆོག་དགུངས་ལོ་ཉི་ཤུ་རྩ་བརྒྱད་ལངས་པའི་དུས་སུ་ ཆོས་རྩེ་དཔོན་སློབ་ ཨོ་རྒྱན་ཆོས་གླིང་དུ་ཟུར་བཞུགས་མཛདཔ་ལས་ མི་རྗེ་འདི་ཉིད་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་མངའ་བདག་ཆོས་རྩེའི་སྤྱི་བླ་འབད་མངའ་གསོལ་མཛད་ནུགདེ་ནས་གཞུང་དུ་ནང་ཟིང་གི་ཁྲི་བཟླུམས་མཛད་པ་ལ་བརྟེན་གཞུང་ལྷན་ཚོགས་ནས་ཆོས་རྩེའི་ས་ཁྲལ་གྱི་དངུལ་དགོངས་ཡངས་སུ་གནང་བ་དང་། ཤར་ཕྱོགས་རྫོང་ཁག་དྲུག་གི་དཔོན་ཁག་རྣམས་ཀྱང་ཆོས་རྩེ་ནས་བསྐོ་བཞག་གནང་ཆོག་པའི་བཀའ་རྒྱ་ཐོབ་ནུག དེ་ནས་གཏམས་ཞིང་ཆོས་རྗེ་ཨོ་རྒྱན་ཕུན་ཚོགས་ཀྱི་སྲས་མོ་ཨ་ཞེ་པདྨ་ཆོས་སྐྱིད་ཁབ་ཏུ་བཞེས་ནས། མི་རྗེ་འདི་ཉིད་དགུངས་གྲངས་སོ་བརྒྱད་དུ་བཞེས་པའི་ཆུ་ཁྱི་ལ་ལྷ་སྲས་དམ་པ་ཨོ་རྒྱན་དབང་ཕྱུག་འཁྲུངས།དེ་ནས་དགུངས་ཁྲངས་ཞེ་གཅིག་བཞེས་པའི་ཤིང་གླང་ལ་གདུང་སམ་ཁར་ཕྱི་གླང་པའི་དམག་གིསྣ་ལེན་དུ་བྱོན་ནས་དེ་གའི་དམག་དཔོན་ཆམ་ལ་ཕབ་ནས་དཔའ་བོའི་དར་ཆེན་འཕྱར་ཏེ་སླར་བྱོན། ཡང་དགུང་གྲངས་ཞེ་གསུམ་པའི་མེ་ཡོས་ལ་གཞུང་དུ་དར་ལུང་སྟོབས་རྒྱས་ཀྱིས་ཟིང་རྐྱེན་སློང་ནས་མི་རྗེ་འདི་ཉིད་རྒབ་དཔུང་ཞུ་བ་འོང་བ་ལས། གཞུང་དུ་བྱོན་དུས་འདིའི་བསོད་ནམས་ཀྱི་ཟིལ་ལ་སུས་ཀྱང་འགྲན་དུ་མ་ཕོད་པར་རྫོང་ཁག་ཕལ་ཆེར་ཕྱག་ཏུ་འབྱོར། དེ་ནས་གཞུང་གི་དཔོན་ཁག་དང་བླ་མ་དགེ་འདུན་སོགས་ཐམས་ཅད་ཀྱིས་གསོལ་བ་ལྟར། མི་རྗེ་འདི་ཉིད་དགུངས་གྲངས་བཞི་ཅུ་ཞེ་དྲུག་པ་སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ་དང་།

རང་ལུགས་འདས་ལོ་ཉིས་བརྒྱ་ཉི་ཤུ་པ་རབ་བྱུང་བཅོ་ལྔའི་ལྕགས་རྟ་ལ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་ཞབས་པད་བཀོད་པའི་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་ལ། ལྷོ་ཕྱོགས་ནོར་འཛིན་ཆོས་ཀྱིས་སྐྱོང་བའི་ས་ཡི་བདག་པོར་མངའ་གསོལ་མཛད།

དེ་ནས་ཟུང་ནང་དགེ་འདུན་པའི་སྡེར་ཆོས་གོས་རྣམ་སྦྱར་ལ་སོགས་པའི་བསྙེན་བཀུར་དང་། ཐིམ་རྫོང་མེས་འཇིག་པའི་ཉམས་གསོས་སུ་རྟེན་གསུམ་ཁྱད་པར་ཅན་མང་དུ་བཞེངས་པ་དང་། ཕྱི་འཇིག་རྟེན་གྱི་སྲུང་སྐྱོབས་སོགས་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་རྒྱལ་ཁབ་བདེ་བར་བཀོད་བཞིན་པར་སྡེ་སྲིད་ཁྲི་ལོ་གསུམ་བསྐྱངས་ཏེ། སླར་ཁྲི་ལས་བཞེངས་ནས་རྒྱལ་ཚབ་ཏུ་རྡོ་རྗེ་རྣམ་རྒྱལ་བསྐོས། མི་རྗེ་ཉིད་ཆོས་རྩེ་པའི་སྐུ་ཚབ་ཏུ་བཞུགས་པ་ནས་རང་དབང་མི་ལ་མ་གཏད་དཔའ་བོའི་དཔུང་དང་བཙན་པའི་བརྗིད་ཀྱིས་རྒྱལ་སྲིད་ཀྱི་འཛིན་སྐྱོང་མཛད་བཞིན་དུ་ལོ་ངོ་བརྒྱད་ཙམ་བཞུགས་པའི་མཐར། དགུངས་གྲངས་ང་བདུན་བཞེས་པའི་ལྕགས་སྦྲུལ་ལ་གནམ་དུ་གཤེགས།

  1. Isbn 978-99936-10-78-x
  2. https://en.wikipedia.org/wiki/Jigme_Namgyal_(Bhutan)