མཐོ་བ་བྲག།
མཐོ་བ་བྲག།
བུམ་ཐང་རྫོང་ཁག་ནང་ལུ་ གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་རླབས་པའི་བྲག་བཞི་ཡོད་པའི་གྲས་ལས་ གནས་ཆེན་མཐོ་བ་བྲག་འདི་ སྟང་རྒེད་འོག་ནང་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༣༢༠༠ དེ་ཅིག་ཁར་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་འགྱོ་དགོ་པ་ཅིན་ ལྕམ་ཁར་ལས་སྟང་ཚུན་ ཀི་ལོ་མི་ཊར་ ༢༧ འགྱོ་ཞིནམ་ལས་ སྟང་གཡུས་ཚན་ལས་མཐོ་བ་བྲག་ཁ་ཐུག་ལུ་སྣུམ་འཁོར་ནང་ཀི་ལོ་མི་ཊར་ ༡༠ དེ་ཅིག་འགྱོ་བའི་ཤུལ་ལུ་ རྐང་སྟོང་སྦེ་ཆུ་ཚོད་གཉིས་དེ་ཅིག་ཁ་ཡར་བལྟ་འགྱོ་དགོ་དོ་ཡོདཔ་ཨིན། གནས་འདི་ སྦས་ཡུལ་མཁན་པ་ལྗོངས་གནས་ཀྱི་མཐའ་མ་ཡོདཔ་ལས་མཐའ་བྲག་དང་ བུམ་ཐང་གི་ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་གནས་ག་ར་ལས་ མཐོ་བ་བྲག་འདི་ས་མཐོ་སར་ཨིནམ་ལས་ མཐོ་བ་བྲག་ཟེར་སླབ་ཨིན་མས། ས་གནས་དེ་ཁར་ སྤྱི་ལོ་མ་ཐོན་པའི་ཧེ་མ་ ཀཤ་མིར་གྱི་རྒྱལ་པོའི་སྲས་མོ་ ལཀྵིཾ་ཀ་ར་ ཆོས་མིང་དགེ་སློང་མ་དཔལ་མོ་དང་ མོ་རའི་གཡོག་མོ་བསམ་འཕེལ་མ་གཉིས་ མཐོ་བ་བྲག་གི་དགོན་པ་བྱོན་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། ༢༠༡༣ །) དགེ་སློང་མ་དཔལ་མོ་འདི་ སྐུ་གཟུགས་ལུ་མཛེ་ནད་ཟུན་ཏེ་ སྔོན་གྱི་ལུང་བསྟེན་ནང་འཁྲིལ་ མཐོ་བ་བྲག་ལུ་བྱོན་ཏེ་ ཡང་དག་པའི་སྒྲུབ་པ་མཛད་གནང་མི་ལུ་བརྟེན་ཏེ་ ནད་འདི་ལས་དྲག་ཡོདཔ་སྦེ་ཨིན་པས། དེ་མ་ཚད་ གནས་དེ་དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བུམ་ཐང་ལུ་ ཐེངས་གཉིས་པ་བྱོན་པའི་སྐབས་བྱིན་གྱིས་བརླབས་གནང་བའི་གནས་ཅིག་ཡང་ཨིན་པས། ཀྲོང་གསར་དཔན་སློབ་ ཆོས་རྒྱལ་མི་འགྱུར་བརྟན་པའི་སྐབས་ལུ་ལྷ་ཁང་འདི་ རྒྱ་བསྐྱེད་མཛད་གནང་ཡོད་དང་ དཀའ་བརྒྱུད་བླམ་ཤེས་རབ་མཚན་ཅན་གྱིས་ གུ་རུའི་སྐུ་འདྲ་འདི་མཐོ་བ་བྲག་གི་གནས་ཀྱི་ནང་རྟེན་གཙོ་བོ་སྦེ་བཙུགས་གནང་ནུག གནས་དེ་ཁར་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ རིག་འཛིན་འཇིགས་མེད་གླིང་པ་ གཏེར་སྟོན་པདྨ་གླིང་པ་དང་ ཝང་འཇིགས་མེད་ཀུན་གྲོལ་ལ་སོགས་པའི་མཚན་ཅན་གྱི་སྐྱེས་ཆེན་དམ་པ་ཚུ་ཡང་ སྒྲུབ་པ་གནང་སྟེ་བཞུགས་ཡོདཔ་སྦེ་ཨིན་པས།
གནས་དེ་ཁར་གནས་རིགས་མ་འདྲཝ་མཇལ་ནི་ཡོད་མི་ཚུ་ཡང་ ཡེ་ཤེས་མཁའ་འགྲོམ་ཚུ་གིས་རྡོན་ཁྲི། གུ་རུའི་ཞབས་པུས་གཉིས་དང་རྡོ་རྗེའི་རྗེས། གཏེར་བདག་རིན་ཆེན་མགོན་གཡག་གི་ཆིབས་ཀྱི་ཞབས་རྗེས། ཤར་ཕྱོགས་མའི་ནགས་ར་ཟེར་ ཧེ་མ་ཤར་ཕྱོགས་ཁ་ཐུག་གི་བུམོ་སྤུན་གཉིས་ གནས་ཆེན་མཐོ་བ་བྲག་གི་ལོ་རྒྱུས་གོཝ་ཅིག་ དད་པ་དང་མོས་གུས་བསྐྱེད་དེ་ གནས་མཇལ་བར་འོང་ཞིནམ་ལས་ ལོག་སྟེ་ས་གནས་འདི་ཁར་ལྷོདཔ་ད་ བུམོ་སྤུན་གཉིས་ གདོང་ཡར་བལྟ་བསྒོར་ཏེ་ ཚེ་ཤུལ་མ་གནས་འདི་ཁར་ མི་ལུས་མ་ཐོབ་རུང་ བྱ་དང་བྱི་ཅུང་ཅིག་ལུ་སྐྱེས་བཅུག་ ཟེར་སྨོན་ལམ་བཏབ་སའི་ གནས་ཚུ་ཡང་མཇལ་ཚུགས་པས། དེ་ལས་ ཕུར་པའི་དབལ་ཟུར་རང་བྱོན་ སྒྲུབ་སྡེཔ་ཚུ་གིས་ཁམས་སངས་གནང་སའི་ཁམས་སངས་ཕུག་ བུ་དང་བུ་མོའི་དངོས་གྲུབ་ཞུ་སའི་གནས་རྡོ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ཐོད་ཀྱི་པར་ སྤྲེའུ་བྱང་ཆུབ་སེམས་དཔའ་རང་བྱོན་ གནས་སྒོའི་ལྡེ་མིག་ རྡོ་གནམ་ལས་དཔྱངས་པ་ གནས་ཀྱི་ལས་ཡིག་གཏེར་སྦས་ས་ ཨྱོན་གུ་རུའི་རྡོ་རྗེ་རང་བྱོན་ ཕག་མོ་རང་བྱོན་ ཕག་མོ་རང་བྱོན་གུར་གུ་རུའི་ཕྱག་རྗེས་དང་ཕག་མོའི་བྷ་ག་རང་བྱོན་ དགེ་སློང་མ་དཔལ་མོའི་གསང་ལམ་ སྤྱན་རས་གཟིགས་ཀྱི་གྲུབ་ཆུ་ དགེ་སློང་མ་དཔལ་མོའི་གྲུབ་ཆུ་ གཏེར་ཚག་ གསེར་ཕྱེ་དངུལ་ཕྱེ་ཚུ་མཇལ་ཚུགས་པས།
གཞན་ཡང་ འཆི་མེད་བདུད་རྩི་ཕུག་ཟེར་གུ་རུ་རིན་པོ་ཆེ་གིས་བོད་བསམ་ཡས་ལུ་ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ འཆི་མེད་ཚེའི་སྒྲུབ་པ་གནང་སྟེ་ བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལུ་ཚེའི་དངོས་གྲུབ་ཞུ་བར་ཤོག་ཟེར་འབོཔ་ད མི་སེར་དང་བློན་པོ་ཚུ་གིས་ ཁྱོད་མི་སེར་ཀུན་གྱི་རྒྱལ་པོ་ཨིན་ལས་ རྒྱལ་པོའི་དབུ་ལུ་མི་གཞན་གྱི་ལགཔ་བཀལ་མི་མཆོག་ཟེར་ཞུ་སྟེ་ རྒྱལཔོ་བྱོན་ནི་ལས་བཀག་བཞག་ནུག། དེ་གིས་སྦེ་ གུ་རུའི་བདུད་རྩི་ཞུ་བར་འོང་མི་ག་ཡང་མེད་པར་ གུ་རུ་ཐུགས་ཕམ་སྟེ་བདུད་རྩི་ས་ཁར་བླུགས་ རིལ་བུ་གནམ་ཁར་བཏོར་བཏངམ་ད་ རིལ་བུ་ཕུད་རྡོག་གཅིག་མཐོ་བ་བྲག་ཆགསཔ་ལས་ མཐོ་བ་བྲག་གི་མི་ཚུ་ལུ་བདུད་རྩི་དངོས་སུ་འབབ་དོ་བཟུམ་མའི་ཚོར་བ་བྱུང་ཡོད་མི་ཚུ་མཇལ་ཚུགས་པས། དེ་ལས་ ཁྱུང་རང་བྱོན་ ཨྱོན་གུ་རུའི་ཞབས་པུས་གཉིས་ཀྱི་པར་ དགེ་སློང་མ་དཔལ་མོའི་སྒྲུབ་ཕུག་ དགེ་སློང་མ་དཔལ་མོའི་གཡོག་མོ་བསམ་འཕེལ་མའི་སྒྲུབ་ཕུག་ ཨྱོན་རིན་པོ་ཆེའི་སྐུ་རྗེས་ གུ་རུའི་ཆེ་ཐོད་རྒལ་གནང་སའི་བཞུགས་ཁྲི་ ཆོས་ཨཱ་བལི་ཀཱ་ལི་བརྩེགས་པའི་བྱག་ མཁའ་འགྲོམ་གྱི་རྡོན་ཁྲི་ གུ་ར་རིན་པོ་ཆེ་གི་ཆོས་གནང་སའི་བཞུགས་ཁྲི་ བྱག་ཚེ་དཔག་མེད་རང་བྱོན་ ཚེ་དཔག་མེད་ཀྱི་སྒྲིབ་པ་བཤུབ་པའི་གསང་ལམ་ ཚེ་དཔག་མེད་ཀྱི་གྲུབ་ཆུ་ ཨྱོན་གུ་རུ་རིན་པོ་ཆེའི་ཞབས་རྗེས་ འོད་དཔག་མེད་རང་བྱོན་ མཁའ་འགྲོམ་ཚུ་སྐུ་ཁྲུས་གནང་སའི་ཨའི་གྲུབ་ཆུ་དང་ ལ་སོགས་པའི་གནས་མ་འདྲཝ་ལེ་ཤ་མཇལ་ནི་ཡོདཔ་ཨིན།
གནས་དེ་ཁར་འགྱོ་ནི་འདི་ ལམ་རིང་དྲགས་ནིའདི་གིས་ ཕྱི་ལྟ་བཤལཔ་གྱངས་ཁ་ཆདཔ་ཅིག་ལས་མ་འོངས་རུང་ འབྲུག་པའི་རྫོང་ཁག་ཁལ་གཅིག་གི་མི་སེར་ཚུ་གིས གནས་བསྐོར་ནང་འོངམ་འོང་སར་ཡོདཔ་ཨིན་པས། རང་གིས་གཟུགས་ཁར་ནད་རེ་ཟུན་པ་ཅིན་ གནས་ཆེན་མཐོ་བ་བྲག་འགྱོ་ཞིནམ་ལས་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས་ ཡང་དག་པའི་སྒོམ་ཉམས་ལེན་འབད་ནི་དང་ ཡང་ན་ ཡང་དག་པའི་ཆོས་ཅིག་བསྒྲུབས་པ་ཅིན་ ནད་འདི་ཚུ་དྲག་ཚུགས་པའི་ནུས་ཤུགས་ཡོད་ཟེར་བཤད་སྲོལ་ཡང་འདུག།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༡༠) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
སངས་རྒྱས་དོན་གྲུབ། (༢༠༡༢) གནས་ཡིག་ཀུན་ཕན་ལམ་སྟོན། ཐིམ་ཕུ། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།