མཚམས་བྲག་དགོན་པ། Ι Tshamdra Goenpa
ངོ་སྤྲོད།
[ཞུན་དག]ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ཐེག་ཆེན་དང་ དེའི་ནང་ལས་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་བསྟན་པ་དར་བའི་ཡུལ་ལྗོངས་ ཁྱད་པར་ཅན་ཅིག་འབད་ནི་འདི་གིས་ ས་གནས་མཐའ་དབུས་མེད་པའི་ནང་ བྱིན་རླབས་ཅན་གྱི་གནས་དང་ལྷ་ཁང་དགོན་སྡེ་ རྩ་ཆེ་ཏོག་ཏོ་གིས་གང་སྟེ་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་ རྩ་ཅན་དང་བྱིན་རླབས་ཆེ་ཤོས་ཅིག་ མཚམས་བྲག་དགོན་པ་འདི་ཨིན། མཚམས་བྲག་དགོན་པ་འདི་ འདམ་ཆུ་གི་སྦོ་ལོགས་ཁ་ལས་ སོ་ནམ་ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་ཁར་ ཤིང་དང་བྲག་རི་སྣ་ཚོགས་ཀྱིས་བསྐོར་བའི་སྦུག་ལུ་ རིན་པོ་ཆེ་སྤུངས་སྤུངམ་དང་འདྲ་བའི་རིའི་རྐེད་པར་ ཟངས་མདོག་དཔལ་རིའི་ཕོ་བྲང་དང་དབྱེ་བ་མེདཔ་སྦེ་ ཆགས་ཏེ་ཡོདཔ་ཨིན།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ པར་སྐྲུན་འབད་མི་ལྷོ་འབྲུག་ཆོས་འབྱུང་ (གནམ་ལོ་མེད་༢༠༢༡ ཤོག་གྲངས་)ལས་ “ཧེ་མ་སངས་རྒྱས་ལས་ཆོས་གོ་བའི་ལྷ་ཅིག་ འཛམ་བུ་གླིང་གི་བྱང་ཕྱོགས་ ཆོས་དར་སའི་གཡུས་ལུ་ འབབ་ནིའི་ཐུགས་འདོད་བསྐྱེད་དེ་ མཚོ་ཅིག་གི་ནང་ མེ་ཏོག་པདྨ་ལས་རྫུས་སྐྱེས་སྦེ་འཁྲུངམ་ད་ མི་དེ་ཚུ་གིས་ འདི་ཐད་རི་བ་རི་ལྷ་ཚུ་གིས་བཀོ་བཀོཝ་ཅིག་ཨིན་པས་ཟེར་སླབ་ཞིནམ་ལས་ དེའི་རིགས་ལུ་སྐྱུར་རུའི་རིགས་ཟེར་བཏགས་ནུག། རིགས་དེ་ལས་ཤུལ་མར་ འབྲི་གུང་སྐྱོབ་པ་རིན་ཆེན་དཔལ་གྱིས་ སྐུ་ཚ་བོ་གྲུབ་ཐོབ་དབུ་ཐོན་སངས་རྒྱས་དེ་ ལྷོ་རོང་ལུ་ གདུལ་བྱ་གི་ལུང་བསྟན་ཡོདཔ་གཟིགས་ཞིན་ན་ ཆེད་དུ་མངགས་ཏེ་བཏང་གནངམ་བཞིན་དུ་ གྲུབ་ཐོབ་ཀྱིས་ཡང་ བླ་མའི་བཀའ་བཞིན་ལྷོ་རོང་ལུ་བྱོན་ཏེ་རིམ་པ་བཞིན་ དར་དཀར་ལ་གི་རྩེ་ལུ་སྒྲུབ་པ་གནང་སྟེ་བཞུགས་ནུག།
དེའི་སྐབས་ མ་འོངས་པར་གྲུབ་ཐོབ་ཁོ་རའི་རིགས་རྒྱུད་ཀྱིས་ བསྟན་པ་དང་སེམས་ཅན་ལུ་ཕན་ནི་ཨིནམ་མཁྱེན་ཏེ་ མཚན་ལྡན་གྱི་གསང་ཡུམ་ཅིག་བཞེས་མི་དེ་ལས་ སྲས་ཅིག་འཁྲུངས་ནུག། རི་དེ་གི་རྩ་བར་ བྱག་ཆོས་ཀྱི་པོ་ཏི་བརྩེགས་བརྩེགསཔ་བཟུམ་མའི་ རྟགས་མཚན་ལེགས་ཤོམ་ཅིག་ཡོདཔ་གཟིགས་ཏེ་ ས་གནས་དེ་ནང་སྦ་སྒོར་ཅིག་རྐྱབ་ཞིན་ན་ སྐུ་མཚམས་ལུ་བཞུགསཔ་ལས་ མཚམས་བྲག་ནང་ཟེར་བའི་མིང་ཆགས་ནུག། ཤུལ་ལས་དེ་གི་བརྒྱུད་པ་སོ་སོ་མཆེད་མི་ལས་ གྲུབ་ཐོབ་ཀྱི་གཟིགས་སྣང་ལུ་ མཚམས་བྲག་གི་རི་མཇུག་ལུ་ སའི་རྟགས་མཚན་ལེགས་ཤོམ་ཡོད་ས་ཅིག་ནང་ མེ་དམར་ལྷབ་ལྷབ་འབར་ཏེ་ཡོདཔ་གཟིགས་ཏེ་ དེ་ནང་ས་གཞི་བྱིན་གྱིས་བརླབས་ཞིནམ་ལས་ གཡུས་ཚན་ཅིག་ཆགས་མི་དེ་ལུ་ གྲོང་གཞི་མེ་ལྟེམས་ ཟེར་བཏགས་ནུག། ཤུལ་ལས་མེ་ལྟེམས་ཞལ་ངོ་ཅིག་ ར་ལུང་ལུ་ཆོས་ཞུ་བར་བྱོན་པའི་སྐབས་ ད་ལྟོ་རྡོ་སྦིས་ཆོས་འཁོར་ལུ་ཡོད་པའི་ རྗེ་བཙུན་མི་ལ་གི་སྐུ་གསུང་འབྱོན་མ་དེ་ཡང་ ནཱ་ལུ་གདན་དྲངས་ཡོདཔ་ཨིན་པས།
དེ་གི་སྐུ་ཚ་བོ་ ཆོས་རྗེ་ངག་དབང་རྡོ་རྗེ་སྐུ་འཁྲུངས་ཞིནམ་ལས་ གདོང་དཀར་སྤྲུལ་སྐུ་བཀྲ་ཤིས་རྡོ་རྗེ་བསྟེན་ཏེ་ རྟོགས་པ་འཁྲུངས་ནུག། ཡབ་མེས་ཚུ་གི་སྒྲུབ་གནས་མཚམས་བྲག་ལུ་ སྒྲུབ་པ་གནང་སྟེ་བཞུགས་པའི་སྐབས་ གུ་རུ་དངོས་སུ་བྱོན་ཏེ་ སློབ་དཔོན་ཧཱུཾ་ཆེན་ཀཱ་ར་གི་སྤྲུལ་པ་ཨིན་པའི་ལུང་བསྟན་གནང་ནུག། དེ་ལས་རིམ་པ་བཞིན་ གདུལ་བྱ་བསྐྱངས་ཏེ་སྦ་སྒོར་ལེ་ཤ་བྱུང་ནུག། དོ་རུང་གྲུབ་པའི་དབང་ཕྱུག་དེ་གི་ནུ་གཅུང་ཞལ་ངོ་དར་པོ་གི་སྲས་ལུ་ བྱང་ཆུབ་སེམས་དཔའ་གསུང་དབང་སྤྲིན་གྱི་ང་རོ་ཟེར་ཞུ་མི་དེ་བྱོན་ཏེ་ མཁན་ཆེན་དམ་ཆོས་པད་དཀར་དང་ རིག་འཛིན་ཆེན་པོ་བསྟན་འཛིན་ལེགས་པའི་དོན་གྲུབ་རྣམ་གཉིས་ལུ་བསྟེན་ཏེ་ ཕྱག་རྫོགས་དབྱེར་མེད་ཀྱི་རྡོ་རྗེ་འཛིན་པ་ སྦོམ་ཅིག་ལུ་གྱུར་སོ་ནུག། དེ་གིས་མཚམས་བྲག་དགོན་པའི་གཙུག་ལག་ཁང་སྦོམ་འདི་བཞེངས་ཏེ་ གསར་རྙིང་ཆུ་བོ་གཅིག་འདྲེས་ཀྱི་བསྟན་པའི་སྲོལ་རྒྱུན་བཙུགས་གནང་བའི་ཁར་ ཁོ་རའི་སྐུ་ཚ་བོ་ངག་དབང་རྒྱ་མཚོ་ལུ་ ཆོས་དང་གདམས་ངག་ཡོངས་རྫོགས་གནང་སྟེ་ གདན་འཛིན་སྦེ་མངའ་གསོལ་མཛད་ནུག། སྐུ་ཚ་བོ་དེ་གིས་ཡང་ རྗེ་བྱང་ཆུབ་སེམས་དཔའ་ གསུང་དབང་སྤྲིན་གྱི་ང་རོ་མཆོག་གི་དགོངས་རྫོགས་སྦེ་ དངུལ་འབུམ་མཆོད་རྟེན་བཞེངས་གནངམ་ ལ་སོགས་པའི་འགྲོ་དོན་གྱི་མཐའ་བསྐྱངས་ཏེ་ དགོངསམ་རྫོགས་སོ་ནུག། དེ་གི་ཤུལ་ལས་ ནུ་གཅུང་རྗེ་ཡོན་ཏན་མཐའ་ཡས་ཀྱིས་ གདན་ས་འཛིན་ཏེ་བཞུགས་པའི་སྐབས་ སྐུ་ཚ་བོ་རྗེ་ངག་དབང་འབྲུག་པའི་ཡང་སྲིད་ཚུལ་ཁྲིམས་སྙིང་པོ་བྱོན་ཏེ་ གདན་ས་འཛིན་མི་དེ་ལས་བཟུང་ གདུང་འཛིན་དང་སྤྲུལ་པའི་སྐུ་ཕྲེང་རིམ་པ་བཞིན་བྱོན་མི་ཚུ་གིས་ ད་ལྟོ་གི་བར་ན་ཡང་ཆོས་རྒྱུན་གྱི་ཟམ་པ་ མ་ཆདཔ་སྦེ་བྱུང་ནུག།” ཟེར་བཀོད་དེ་ཡོད་དོ་བཟུམ་ཨིན་པས།
ལྷ་ཁང་དེ་ནང་སྐུ་རྟེན་གྱི་རིགས་ཡང་ མཚམས་བྲག་དགོན་པའི་གནས་བཤད་ དྲང་སྲོང་བདེན་ཚིག་གྲུབ་པའི་གཏམ་བཤད་ (གནམ་ལོ་མེད་༢༠༢༡) ལྟར་དུ་འབད་བ་ཅིན་ སྨན་འཇིམ་དང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་དུས་གསུམ་སངས་རྒྱས། ཚེ་དཔག་མེད། མགོན་པོ་ཕྱག་བཞི་པ་ ལ་སོགས་པའི་སྐུ་རྟེན་དེ་ཚུ་བཞུགས་ཡོད་པའི་ཁར་ མེ་ལྟེམ་ཞལ་ངོ་ཅིག་ལུ་ འབྲུག་ཆེན་ངག་དབང་ཆོས་རྒྱལ་གྱིས་གནང་མི་ དབང་ཞྭ་དང་དབང་ཆས་ དེ་ལས་རྡོ་རྗེ་དྲིལ་བུ་དང་སྐུ་རྟེན་ལ་སོགས་པའི་བླ་ཆས་ཀྱི་རིགས་དེ་ཚུ་ཡང་ ནང་རྟེན་སྦེ་བཞུགས་ཏེ་ཡོདཔ་ཨིན་པས། དེ་མ་ཚད་ རྗེ་ངག་དབང་འབྲུག་པ་མཆོག་གིས་བཞེངས་གནང་མི་ རྒྱ་ནག་སི་ཐང་ལས་དཔེ་བླངས་པའི་ སྟོན་པ་གནས་བརྟན་བཅུ་དྲུག་ དགེ་བསྙེན་རྒྱལ་ཆེན་སྦྱིན་བདག་ཧ་ཤང་དང་བཅས་པའི་ ཞལ་ཐང་དང་། བཀའ་བརྒྱད་ཀྱི་ཞལ་ཐང་ དེ་ལས་རྗེ་ངག་དབང་འབྲུག་པ་གིས་ གཏེར་གྱི་ཚུལ་སྦེ་བཞེས་གནང་མི་ ཟ་ཧོར་གྱི་ཆོས་གོས་བྱིན་ཅན་དང་གཞན་ཡང་ བྱིན་རླབས་ཅན་གྱི་སྐུ་རྟེན་དང་ ཐང་ཀ་ལྡེབ་རིས་དང་བཅསཔ་སྦེ་ མཇལ་ནི་ཡོདཔ་ཨིན།
གསུང་རྟེན་རྒྱལ་བའི་བཀའ་འགྱུར་ ཚལ་སྤར་ཅན་མ་ཡོངས་རྫོགས་དང་བསྟན་འགྱུར། རྙིང་མའི་རྒྱུད་འབུམ་ཚུ་ བཞེངས་ཏེ་ཡོད་པའི་ཁར་ ཐུགས་རྟེན་རྗེ་ངག་དབང་འབྲུག་པ་གིས་ བྱེ་བ་ཚ་ཚ་གི་སྤར་བཏབ་བཏབ་པའི་བརྐོས་ཕོར་དང་། གཙུག་ལག་ཁང་གི་ཉེ་འདབས་ལུ་ རྗེ་བཙུན་མཁན་རིན་པོ་ཆེ་དམ་ཆོས་པད་དཀར་ གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་རྗེས་དྲན་ལུ་བཞེངས་མི་ ཐུགས་རྟེན་མཆོད་རྟེན་དང་། རྗེ་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡེ་ཤེས་རྡོ་རྗེ་ ཞིང་ཁམས་གཞན་ལུ་གཤེགས་པའི་ཐུགས་རྟེན་མཆོད་རྟེན་དང་། རྗེ་བླ་མ་རིག་འཛིན་ཆེན་པོ་བསྟན་འཛིན་ལེགས་པའི་དོན་གྲུབ་ གཟུགས་སྐུའི་བཀོད་པ་བསྡུ་བར་མཛད་པའི་དགོངས་རྫོགས་ལུ་དམིགས་ཏེ་ བཞེངས་པའི་དགོངས་རྫོགས་མཆོད་རྟེན། དེ་བཟུམ་སྦེ་ རྒྱུ་རིན་ཆེན་གཉིས་པ་ལས་གྲུབ་པའི་རྗེ་ངག་དབང་འབྲུག་པའི་སྐུ་གདུང་མཆོད་རྟེན་ཚུ་ དད་པའི་རྟེན་ལུ་བཞུགས་ཏེ་ཡོདཔ་ཨིན།
ས་གནས་དེ་ནང་གདན་ས་བཅགས་མི་ཡང་ གྲུབ་ཐོབ་སྦོམ་ཅིག་ཨིན་པའི་ཁར་ དེ་གི་ཤུལ་ལས་ཡང་ རྗེ་ངག་དབང་འབྲུག་པ་དང་རྗེ་མཁན་ཁྲི་རབས་བཅུ་གསུམ་པ་ རྗེ་ཡོན་ཏན་མཐའ་ཡས་ དེ་ལས་ད་ལྟོ་རྩོད་མེད་ཀྱི་གྲུབ་ཐོབ་རྒྱལ་མཚན་ ལ་སོགས་པའི་སྐྱེས་ཆེན་དམ་པ་ མང་རབས་ཅིག་བྱོན་ཏེ་ བྱིན་གྱིས་བརླབས་ཞིན་ན་ ཆོས་རྗེ་དཔལ་ལྡན་འབྲུག་པའི་ཕ་ཆོས་གདམས་པ་ སྡོང་པོ་གསུམ་དྲིལ་གྱིས་གཙོས་པའི་ཟབ་འཁྲིད་བཀའ་རྒྱ་ཅན་ལྔ་དང་ བསྐྱེད་རིམ་ལྷ་དགུ་ལ་སོགས་པའི་སྒོ་ལས་སྒྲུབ་པའི་ རྒྱལ་མཚན་བཙུགས་ཏེ་ སྒྲུབ་པ་ཉམས་ལེན་གནང་སའི་གནས་ ཁྱད་པར་ཅན་ཅིག་ཨིན་པའི་ཁར་ལུ་ ཆོས་གར་ཐིག་དབྱངས་གསུམ་ལུ་ཉམས་ལེན་མཛད་ནིའི་དོན་ལུ་ སངས་རྒྱས་ཀྱི་བསྟན་པའི་གཞི་མ་ དགེ་འདུན་གྱི་སྡེ་ཚུ་ཡང་བཙུགས་ཏེ་ བཤད་སྒྲུབ་གཉིས་ཀྱི་བསྟན་པ་འདི་ གནམ་བྱཱར་གྱི་མཚོ་བཟུམ་སྦེ་རྒྱས་ཏེ་ཡོདཔ་ཨིན་པས།
འདི་བཟུམ་མའི་ཁྱད་པར་ཅན་དེ་ནང་ རང་གི་ལུས་ཀྱི་སྡིག་སྒྲིབ་དག་སྟེ་ ཚེ་ད་ལྟོ་གི་བར་ཆད་སེལ་ཏེ་ ནད་དང་གདོན་གྱི་གནོད་པ་ཉུང་། ཚེ་ཕྱི་མ་ གནས་སྐབས་མངོན་མཐོ་ ལྷ་དང་མིའི་གོ་འཕང་ཐོབ་སྟེ་ མཐོ་རིས་འབྱོར་པའི་དཔལ་གྱིས་འཚོ་ཚུགས་ནི་དང་མཐར་ཐུག་ གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་དགོས་པ་སྦོམ་ཡོདཔ་ལས་ ཆོས་ལྡན་གྱི་ཞིང་ཁམས་འདི་ནང་སྐྱེས་པའི་དད་ལྡན་གྱི་སྐྱེ་བོ་ཕོ་མོ་ག་ར་གིས་ རང་སོའི་ཚོགས་བསགས་སྒྲིབ་བྱང་གི་དོན་ལུ་ མཚམས་བྲག་དགོན་པ་ལུ་འབྱོན་གནང་ཟེར་ཞུ་ནི་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡༽ རྫོང་ཁ་གོང་འཕེལ་ལྷན་ཚོགས། (གནམ་ལོ་མེད་༢༠༢༡) ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན། འབྲུག། ཐིམ་ཕུག།
༢༽ འབྲུག་གནས་སྐོར(Bhutan Pilgrim) གྱི་ཡོངས་འབྲེལ་ཕེས་བུག། (གནམ་ལོ་མེད།༢༠༢༡) མཚམས་བྲག་དགོན་པའི་གནས་བཤད་དྲང་སྲོང་བདེན་ཚིག་གྲུབ་པའི་གཏམ་བཤད། འབྲུག། ཆུ་ཁ།