མི་ཆོས་གཙང་མ་བཅུ་དྲུག། Me chhoetsangma Chudru
ངོ་སྤྲོད།
[ཞུན་དག]དེ་ཡང་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ཟེར་མི་འདི་ བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་ངོ་བསྒང་ལུ་ཁོ་རའི་འབངས་མི་སེར་ཚུ་ སྡིག་པ་མི་དགེ་བའི་ལཱ་ལས་བཟློག་སྟེ་དཀར་པོ་དགེ་བའི་ལཱ་ལུ་འཇུག་བཅུག་ནི་གི་ཁྲིམས་བཟོ་ཡོདཔ་ཨིན་མས། དེ་ཡང་བོད་ཀྱི་མི་སེར་ཆ་ཁྱབ་ལཱ་བཟང་པོ་དང་ངན་པའི་དབྱེ་བ་ཤེས་ཞིན་ན་ ཁོང་རའི་དུས་རྒྱུན་གྱི་མི་ཚེ་ནང་ལུ་བླང་དོར་གྱི་ལེགས་ཉེས་སྟོན་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ དེ་སྦེ་བཟོ་དགོ་མི་དེ་ཡང་འཇིག་རྟེན་ཡ་རབས་སྤྱོད་བཟང་གི་ལཱ་དང་ལམ་ལུ་འཇུག་བཅུག་ནི་གིས་ ཐུགས་བཞེས་གནང་སྟེ་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ཟེར་བརྩམས་ཏེ་གཞི་བཙུགས་མཛད་གནང་ནུག། དེ་སྦེ་འཇིག་རྟེན་པའི་ཁྲིམས་བརྩམས་དགོ་མི་རྒྱུ་མཚན་ཡང་ཁོང་མི་སེར་ཚུ་གི་ལུས་ངག་ཡིད་གསུམ་གྱི་སྒོ་ལས་མི་དགེ་བ་བཅུ་སྤང་སྟེ་ གནས་སྐབས་མངོན་མཐོ་གི་བདེ་བ་དང་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་བསྒྲུབ་པའི་ལམ་ལྷ་ཆོས་དགེ་བ་བཅུ་འདི་ ག་ར་གིས་ཉམས་སུ་ལེན་དགོ་པའི་ཁྲིམས་ལུགས་ཅིག་ཡིན། དེ་ཡང་སྤྱིར་བཏང་འཇིག་རྟེན་པ་ཚུ་ལུ་དམིགས་པ་བསྐྱེད་དེ་བརྩམས་གནང་ཡོདཔ་ཨིན་མས།
མི་ཆོས་གཙང་མ་བཅུ་དྲུག་དེ་ཡང་།
[ཞུན་དག]༡༽ དང་པ་ལྷ་དཀོན་མཆོག་གསུམ་ལུ་མོས་གུས་བསྐྱེད་དགོཔ་ནི།
[ཞུན་དག]དང་པ་ར་འཇིག་རྟེན་པ་ཚུ་གི་དཀོན་མཆོག་གསུམ་༼སངས་རྒྱས་དཀོན་མཆོག། ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་༽ གསུམ་འདི་ངོས་འཛིན་འབད་དེ་ དེ་ལས་དཀོན་མཆོག་གསུམ་ལུ་རིགས་དྲུག་གི་སེམས་ཅན་ག་ར་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཚུགས་པའི་ནུས་པ་ཡོདཔ་མ་ཚད་ སྲིད་དང་ཞི་བའི་མཐའ་ལུ་མི་བཞག་པར་གཏན་བདེ་གི་ས་སྟེ་སངས་རྒྱས་ཀྱི་གོ་འཕང་ལུ་བསྐྱལ་ཚུགསཔ་ཨིན། དེ་བཟུམ་གྱི་ནུས་པ་འདི་དཀོན་མཆོག་གསུམ་ལུ་རྐྱངམ་གཅིག་ཡོདཔ་ཤེས་ཏེ་ ཡིད་ཆེས་དང་དད་པ་བརྟན་ཏོག་ཏོ་གི་ཐོག་ལས་ ཉིན་མཚན་དུས་དྲུག་ཏུ་ཕྱག་འཚལ་ཞིན་ན་མཆོད་པ་ཕུལ་ཏེ་སྐྱབས་སུ་འགྲོ་དགོཔ་ཨིན་མས།
༢༽ གཉིས་པ་དམ་པའི་ཆོས་བཙལ་ཏེ་བསྒྲུབ་ནི།
[ཞུན་དག]དམ་པའི་ཆོས་བཙལ་ཏེ་བསྒྲུབ་པ་ཟེར་མི་འདི་ ཚེ་འདི་ཕྱིའི་ཕན་བདེ་སྒྲུབ་ནིའི་དོན་ལུ་དགེ་བ་དང་སྡིག་པའི་ལཱ་ཚུ་གི་སྤང་བླང་གི་གནས་ཚུ་ ཚུལ་བཞིན་དུ་ཤེས་ཞིནམ་ལས་སྐྱབས་འགྲོ་བསག་ནི་དང་གཉེན་པོ་སྟོབས་བཞིའི་སྒོ་ལས་སྡིག་པ་དང་སྒྲིབ་པ་ཚུ་སྦྱང་ནི་ལ་སོགས་པ་ཚུ་ དམ་པའི་ཆོས་དང་འབྲེལ་བའི་ལཱ་ཚུ་ལུ་འཇུག་དགོ་པའི་དོན་སྟོནམ་ཨིན་མས།
༣༽ གསུམ་པ་ཕ་མ་ལུ་དྲིན་ལན་འཇལ་ནི་འདི་ཨིན།
[ཞུན་དག]དེ་ཡང་ཚེ་ད་རེས་ཀྱི་རྟེན་བཟང་པོ་སྦྱིན་མི་གི་ཕམ་གཉིས་ལུ་དྲིན་གཟོ་དང་གུས་བཀུར་དེ་ལས་ ཞབས་ཏོག་ཚུ་ག་དེ་དྲག་དྲག་བསྒྲུབ་སྟེ་ཕམ་གི་དྲིན་ལན་འཇལ་དགོཔ་ཨིན་མས།
༤༽ བཞི་པ་ཡོན་ཏན་ཅན་ལུ་ཞེ་མཐོང་ཡོད་པ།
[ཞུན་དག]ལུང་དང་རྟོགས་པའི་ཡོན་ཏན་མངའ་བའི་སྐྱེ་བོ་དམ་པ་ཚུ་ལུ་སྐྱེ་བོ་རྩ་རྒས་གཞན་ཚུ་ལས་ ཕན་ཐོགས་ཆེ་བར་མཐོང་སྟེ་མི་མཆོག་ཏུ་གྱུར་པ་དེ་ཚུ་རང་གི་གོང་དུ་བཀུར་དགོཔ་ཨིན་མས།
༥༽ ལྔ་པ་རིགས་མཐོ་བ་དང་རྒན་རབས་ཚུ་ལུ་བཀུར་སྟི་ཆེ་བ།
[ཞུན་དག]རང་ལས་རིགས་དང་ལོ་ན་ཚོད་མཐོ་བ། ཐོས་རྒྱ་ཆེ་བ་དང་བསླབ་པ་རྒན་པ་ཚུ་ལུ་ལུས་ངག་ཡིད་གསུམ་ཐོག་ལས་བསྙེན་བཀུར་དང་གུས་ཞབས་འབད་དགོཔ་ཨིན་མས།
༦༽ དྲུག་པ་ཡུལ་མི་ཁྱིམ་ཚང་ཚུ་ལུ་ཕན་ཐོགས་པ།
[ཞུན་དག]དང་ཕུའི་རྒན་རབས་ཚུ་གི་ངག་རྒྱུན་ལས་ ཐག་རིང་གི་གཉེན་ཉེ་འབྲེལ་ལས་ཐག་ཉེ་བར་གནས་པའི་ཁྱིམ་ཚང་གི་དགྲ་བོ་ཡིན་ཡང་དགའ་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ གྲོང་པ་ཁྱིམ་ཚང་དང་ཉམ་ཆུང་ག་ར་ལུ་གནོདཔ་མ་བསྐྱལ་བར་ཕན་བདེ་ག་དེ་དྲག་དྲག་སྒྲུབ་ཚུགསཔ་ཅིག་སྒྲུབ་དགོཔ་ཨིན་མས།
༧༽ བདུན་པ་བཀའ་དྲང་ཞིང་སེམས་ཆུང་བ།
[ཞུན་དག]དཀོན་མཆོག་གསུམ་དང༌། དཀར་ཕྱོགས་སྐྱོང་བའི་ལྷ་དང་རང་གི་སེམས་དཔང་པོ་བཙུགས་ཏེ་གཞན་གྱི་ཁ་ལུ་མ་ཉན་པར་ ལཱ་དང་བྱ་བ་ག་ཅི་འབད་རུང་རང་ཚུགས་བརྟན་པོའི་ཐོག་ལས་དྲང་པོ་དྲང་བཤད་ཀྱིས་ཐོག་ལས་ བསྒྲུབ་ནི་གི་བློ་སེམས་བཟང་པོ་དགོ་ཟེར་ཨིན་མས།
༨༽ བརྒྱད་པ་ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།
[ཞུན་དག]མཛའ་གྲོགས་གསརཔ་ལུ་ཉེར་འགྲོགས་མི་སྔ་བར་སྔར་འདྲིས་ཆ་ཟབ་པའི་མཛའ་གྲོགས་རྙིངམ་ག་ར་ལུ་བློ་རྩེ་བརྟན་པོའི་ཐོག་ལས་གཞུང་རིང་མཛད་དགོ་པའི་དོན་སྟོནམ་ཨིན་མས།
༩༽ དགུ་པ་ཡ་རབས་ཀྱི་རྗེས་སུ་བསྙེག་ཅིང་ཕྱི་ཐག་རིང་བ།
[ཞུན་དག]ཟས་དང་བཀབ་གོ་ལ། དེ་ལས་སྟོབས་དང་འབྱོར་པའི་དོན་ལུ་སྡིག་པ་བསགས་པའི་མི་ངན་པའི་རྗེས་སུ་མི་འབྲང་བར་ མི་ཡ་རབས་སྐྱེས་བུ་དམ་པ་ཚུ་ལུ་མིག་ལྟ་སྟེ་ ཁོང་ཆ་ཁྱབ་ཀྱིས་རྗེས་སུ་འབྲང་དགོ་ཟེར་བའི་དོན་སྟོནམ་ཨིན་མས།
༡༠༽ བཅུ་པ་ཟས་ནོར་ལུ་ཚོད་འཛིན་པ།
[ཞུན་དག]ཟས་ནོར་དང་ལོངས་སྤྱོད་ལུ་ཧ་ཅང་བཟང་བ་དང་ངན་པའི་མཐའ་གཉིས་ལུ་ ཕྱོགས་རིས་མ་ཞུགས་པར་སྤྱོད་ཚུལ་རན་ཏོག་ཏོ་སྦེ་མཚམས་ཚོད་འཛིན་དགོ་པའི་དོན་སྟོནམ་ཨིན་མས།
༡༡༽ བཅུ་གཅིག་པ་སྔར་དྲིན་ཅན་གྱི་མི་རྩད་གཅོད་པ།
[ཞུན་དག]འདི་གི་དོན་དག་འདི་ རང་ལུ་གཞན་གྱིས་ཕན་པ་སྦོམ་ཆུང་ག་ཅི་བཟུམ་ར་འབད་མི་ཚུ་ལུ་ དེ་རང་གི་སེམས་ཁ་ལས་ནམ་ཡང་མ་བརྗེད་པར་ ཁྲེལ་ཡོད་པའི་སྒོ་ལས་རང་གིས་ཁོང་ཆ་ཁྱབ་ཀྱིས་འབད་མི་བ་ལྷག་སྟེ་འབད་མ་ཚུགས་རུང་ དེ་དང་མཉམ་པའི་ཕན་ལན་བསྒྲུབ་དགོཔ་འདི་སེམས་ཁ་ལས་ ནམ་ཡང་མ་བརྗེད་པར་བཞག་དགོཔ་འདི་ཤིན་ཏུ་ནས་ཁག་ཆེཝ་ཨིན་ཟེར་བའི་དོན་སྟོནམ་ཨིན་མས།
༡༢༽ བཅུ་གཉིས་པ་བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ།
[ཞུན་དག]ཁ་ལས་བློ་གང་བྱུང་མ་བྱུང་སྦེ་སླབ་སྟེ་ཕ་ལོགསམ་གི་རྒྱུ་དངོས་བྲེ་སྲང་ལུ་་འཇལ་བའི་སྐབས་ལུ་ གཡིབ་སྟེ་གཡོ་སྒྱུ་དང་ངན་ལྷད་ཚུ་འབད་མི་བཏུབ་ཟེར་བའི་དོན་སྟོནམ་ཨིན་མས།
༡༣༽ བཅུ་གསུམ་པ་ཀུན་ལ་ཕྲག་དོག་ཆུང་བ།
[ཞུན་དག]རང་ལས་གཞན་ལུ་ཐོབ་པའི་བདེ་སྐྱིད་དང་ལོངས་སྤྱོད་ཚུ་ལུ་སེམས་མི་དགའ་བའམ་ཕྲག་དོག་གི་ངན་སེམས་བསྐྱེད་མི་མེན་པར་ མི་ག་ར་ལུ་འདྲན་འདྲ་སྦེ་དགའ་བ་འདྲ་མཉམ་བསྒོམ་དགོ་པའི་དོན་སྟོནམ་ཨིན་མས།
༡༤༽ བཅུ་བཞི་པ་ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།
[ཞུན་དག]བུམོ་ཆ་ཁྱབ་བློ་སེམས་ཆུང་ནི་དེ་གིས་ལཱ་སྦོམ་ཚུ་སེམས་ཀྱི་མནོ་བསམ་གཏང་མ་ཚུགས་པར་ ཆ་རོགས་ངན་པའི་ཁ་ལུ་ཉན་པ་ཅིན་མི་དགེ་བའམ་བཀྲ་མི་ཤིས་པ་འབྱུང་ནིའི་ཉེན་ཁ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་གྲོས་དང་མི་བསྟུན་པར་རང་ཐག་རང་གིས་གཅོད་དགོཔ་ཁག་ཆེ་བའི་དོན་ཨིན་མས།
༡༥༽ བཅོ་ལྔ་པ་ངག་འཇམ་ཞིང་སྨྲ་བ་ཉུང་བ།
[ཞུན་དག]རང་གཞན་སེམས་ཅན་ག་ར་གི་འཕྲལ་ཕུགས་ཀྱི་བདེ་བ་ལུ་དམིགས་ཏེ་ བློ་སླབ་རུང་མཛའ་མཐུན་གྱིས་འདུ་ཤེས་ཐོག་ལས་ཁ་འཇམ་ཏོག་ཏོ་སྦེ་སྦེ་སླབ་ཞིན་ན་ ཉག་ཉོག་དང་འཆལ་གཏམ་ཚུ་ལེ་ཤ་སླབ་ནི་མེན་པར་ཉུང་སུ་ཅིག་སྦེ་སླབ་དགོ་པའི་དོན་སྟོནམ་ཨིན་མས།
༡༦༽ བཅུ་དྲུག་པ་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ།
[ཞུན་དག]ཆོས་དང་འཇིག་རྟེན་གྱི་བྱ་གཞག་ལུ་འཛུལ་བའི་སྐབས་ལུ་ ལཱ་གི་དཀའ་སྡུག་ག་ཅི་བཟུམ་འབྱུང་རུང་འདི་ལུ་སེམས་དཔའ་ཞུམ་ནི་མེན་པར་ བློ་སེམས་སྦོམ་སྦེ་གཏང་སྟེ་དཀའ་སྡུག་ག་ཅི་བཟུམ་འབྱུང་རུང་འབག་ཐེག་པའི་བཟོད་པ་ཟབ་མོ་སྒོམ་དགོ་པའི་དོན་སྟོནམ་ཨིནམ་ལས་ འ་ནཱི་མི་ཆོས་གཙང་མ་བཅུ་དྲུགཔ་འདི་ཧེ་མ་དུས་རབས་ ༧ པའི་སྐབས་ལུ་ བོད་ཀྱི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་གིས་བོད་ཀྱི་མི་སེར་ཚུའི་མཐའ་དོན་ལུ་དགོངས་ཏེ་གཞི་བཙུགས་མཛད་མི་དེ་གིས་ སྤྱིར་བོད་ཀྱི་མི་སེར་ཚུ་ལུ་ཚེ་འདི་དང་ཕྱི་མར་ཕན་པའི་དོན་སྒྲུབ་ཚུགསཔ་མ་ཚད་ འཛམ་གླིང་ཡོངས་ཀྱི་མི་སེར་ཚུ་ལུ་ཕན་ཐོགས་ཏེ་ཡོདཔ་ཨིན། ལྷག་པར་དུ་ཡང་ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་མི་ཆོས་གཙང་མ་བཅུ་དྲུག་ལུ་ མི་སེར་མང་ཆེ་ཤོས་ཀྱིས་ར་གུས་ཞབས་ཀྱིས་ཐོག་ལས་ཁོང་རའི་མི་ཚེ་གང་ལག་ལེན་འཐབ་སྟེ་རྒྱལ་ཁབ་ནང་ལུ་མི་ཚུ་ཞི་བདེ་དང་དགའ་སྐྱིད་ཀྱི་ཐོག་ལས་ལོངས་སྤྱོད་དེ་ ཚེ་ཕྱི་མ་ཡང་མངོན་མཐོ་ལྷ་དང་མིའི་གོ་འཕང་འཐོབ་ནི་ཨིནམ་མ་ཚད་ གཏན་བདེ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་གོ་སྐབས་ཚུ་སྦོམ་བཟོ་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. ཝི་ཁེ་རིག་མཛོད། ཡོངས་འབྲེལ་ཁ་བྱང་། https://bo.wikipedia.org/