མོ་མོ་
མོ་མོ།
བཞེས་སྒོ།
མོ་མོ་འདི་བཞེས་སྒོའི་རིགས་ཅིག་ཨིན། མོ་མོ་འདི་ བཞེས་སྒོ་ངོ་མ་ཅིག་སྦེ་ཡང་བཟའ་བའི་ཁར་ ཇ་མཉམ་སྤྲོ་ཟས་ཅིག་སྦེ་ཡང་བཟའཝ་ཨིན།
མོ་མོའི་རིགས།
ཤའི་མོ་མོ། ཚོད་བསྲེའི་མོ་མོ། དར་ཚིའི་མོ་མོ། དེ་ལས་ཧཱ་དང་སྤ་རོ་རྫོང་ཁག་གཉིས་ནང་ ལོ་འབག་ཟེར་བརྩི་སྲུང་ཞུ་བའི་སྐབས་ཡང་ སྤྲོ་བ་ཅན་གྱི་བཞེས་སྒོ་ཧོན་ཏེ་ཟེར་མི་འདི་ཡང་ མོ་མོ་བཟུམ་སྦེ་བཟོ་སྟེ་བཟའ་སྲོལ་ཡོད། ལོ་འབག་འདི་རང་ཟླ་ ༡༠ པའི་ཚེས་ ༢༩ ལས་ རང་ཟླ་ ༡༡ པའི་ཚེས་ ༣ ཚུན་བརྩི་སྲུང་ཞུཝ་ཨིན། ཟླཝ་ ༡༠ པའི་ཚེས་ ༢༩ གི་ཕྱི་རུ་ལོ་གཅིག་གི་རྐྱེན་ཟློག་པའི་ཆེད་དུ་གླུད་བསྐྱལ་ནི་གི་སྲོལ་ཡང་ཡོདཔ།
བཟོ་དབྱིབས།
མོ་མོ་འདི་ མི་གི་མིག་ཏོ་བཟུམ་སྦེ་ དཀྱུས་རིངམོ་སྦེ་བཟོ་སྲོལ་ཅིག་དང་ གོང་ཏོ་རིལ་རི་སྦེ་བཟོ་སྲོལ་གཉིས་ཡོད།
རྒྱུ་ཟས།
ཀར་ཕྱེ། ཤ། སྒོགཔ། ཀོ་པི། ལོམ། མར་ཁུ། ཚྭ།
བཟོ་ཐངས།
མོ་མོ་འདི་བཟོཝ་ད་ ཀར་ཕྱེ་ནང་ཆུ་བླུག་སྦེ་བསྣད་དེ་ ཀེབ་ཏ་བཟུམ་བཟོ་སྟེ་ ཕྱི་ཤུབས་འདི་བཟོཝ་ཨིན། མོ་མོའི་ནང་ཟས་འདི་ མོ་མོའི་རིགས་དང་འཁྲིལ་ ཤ་ཡང་ན་ ཚོད་བསྲེ་བླུག་བཟོ་དགོཔ་ཨིན། ནང་ཟས་ཚུ་ཕྱ་རུ་རུ་སྦེ་ ཉ་བརྫམ་རྐྱབ་སྟེ་ དེ་ནང་སྒོགཔ་དང་ཀོ་པི་ དེ་ལས་མར་ཁུ་དང་ཚྭ་ཚུ་བླུག་སྦེ་བཟོ་ཞིནམ་ལས་ མོ་མོ་བཟོ་སའི་ རྡིག་གསུམ་བརྩེགས་བཞི་བརྩེགས་ནང་ཙུགས་ཏེ་བཙོཝ་ཨིན། རྡིག་གི་གཤམ་མར་གྱི་ཧོད་དེ་ནང་ ཆུ་བླུག་སྟེ་བསྐོལཝ་ཨིན། རང་ལུ་ཡོད་པ་ཅིན་ གཤམ་ཧོད་ཀྱི་ཆུ་འདི་ནང་ ཤ་གི་རུ་ཏོ་ཚུ་བླུག་སྟེ་བཙོ་བ་ཅིན་ རུས་ཁུ་ཡང་ལེགས་ཤོམ་སྦེ་ཐོནམ་ཨིན། གཤམ་མ་རྩིས་པའི་ ལྟག་གི་ཧོད་ཚུ་ནང་མོ་མོ་ཚུ་བཙོ་ནིའི་དོན་ལུ་བླུགསཔ་ཨིན།
མོ་མོ་ཚོང་སྒྱུར།
མོ་མོ་འདི་ ཟ་ཁང་མང་ཤོས་ཅིག་གི་བཟོ་སྟེ་བཙོང་དོ་ཡོདཔ་ཨིན། མོ་མོ་འདི་ ཧི་མ་ལ་ཡ་གི་གངས་ལྗོངས་ནང་སྡོད་མི་ཚུ་གིས་བཟོ་བཟའ་དོ་ཡོད་རུང་ འཛམ་གླིང་ནང་ཡོངས་གྲགས་འགྱོ་སྟེ་ཡོད། ཚོང་པ་ལ་ལུ་ཅིག་གིས་ མོ་མོ་འདི་མ་བཙོ་བ་བཟོ་ཞིནམ་ལས་ བསིལ་ནང་བཙུགས་ཏེ་འཁྱེག་ཟས་བཟུམ་བཟོ་སྟེ་ཡང་བཙོང་དོ་ཡོདཔ་ཨིན། འདི་བཟུམ་ཚུ་རང་གིས་ཉོ་འབག་སྟེ་ ཁྱིམ་ནང་ལྷོདཔ་ད་ ཆུ་ཚན་བླུགས་ཏེ་ བཙོ་སྦེ་བཟའ་བཏུབ་ཨིན།
མོ་མོའི་ཐ་སྙད་ལག་ལེན།
མོ་མོའི་ཚིག་འདི་དགོད་བྲའི་བློ་ནང་ལག་ལེན་འཐབ་སྲོལ་ཡོད། མོ་མོ་གི་མགུ་འདི་ཨོ་ཀྲོ་བསུམས་བསུམས་ཡོདཔ་ལས་ མི་ལ་ལུ་ཅིག་གི་གདོང་འདི་ ཨོ་ཀྲོ་བསུམས་བསུམས་ཡོད་པ་ཅིན་ མི་འདི་གི་གདོང་ཡང་མོ་མོ་བཟུམ་སྦེ་ཟེར་སླབ་སྲོལ་ཡོད།