ཙཀྐ༌ཀླིང༌བླམ༌གདན༌རབས༌བཅུ༌པ༌བླ༌མ༌ཆོས༌ཉིད༌རྡོ༌རྗེ། Tenth Lam of Sakaling, Chhoenyed Dorji
ངོ་སྤྲོད།
[ཞུན་དག]དེ༌ཡང༌ཙཀྐ༌ཀླིང༌བླམ༌གདན་རབས་བཅུ་པ་བླ་མ་ཆོས་ཉིད་རྡོ་རྗེ༌འདི༌ ཆོས་ཉིད་དོན་ལ་གཟིགས་པའི་སྤྱན་ཡངས་ཤིང་། །བསླུ་མེད་རྡོ་རྗེའི་གསུང་གིས་སྐལ་ལྡན་གྱི། །བུ་ལ་དབང་དང་གདམས་ངག་ལེགས་ནོད༌པའི། །ལྷ་དང་བླ་མའི་ཤིས་པ་དེང་འདིར་སྩོལ། །ཁོ་བྱོར་སྐྱེས་སྦྱངས་ཡྱོན་ཏན་ཉག་ཕྲ་ཡང་། །བླ་མའི་མཛད་བཟང་འགོག་མེད་འཆར་བའི་ཚུལ། །བདག་འདྲས་ཚད་དུ་བཟུང་བའི་ཡུལ་མིན་ཡང་། །ཆ་ཙམ་ཡི་གེའི་ལམ་དུ་འགོད་པར་སྤྲོ།། ཟེར༌ཚིགས༌བཅད༌ཀྱིས༌མདུན༌བསུ༌སྟེ༌ ཙཀྐ༌ཀླིང༌བླམ༌རྗེ་བཙུན་ཆོས་ཉིད་རྡོ་རྗེ་མཆོག་གི་སྐོར་ལས་མདོར་བསྡུས་ཅིག་ཞུ་བ་ཅིན་ དེ་ཡང་བླམ་ཆོས་ཉིད་རྡོ་རྗེ་འདི་ཡབ་གདན་རབས་དགུ་པ་དམ་ཆོས་ལྷུན་གྲུབ་ཡང༌ན༌སངས་རྒྱས་བསྟན་འཛིན་དང་ ཡུམ་ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་དབང་ཕྱུག་གི་གདུང་བརྒྱུད་ལས་གྱེས་པའི་ སྐུར་སྟོད་རྒྱ་རས་ཞལ་ངོའི་སྲསམོ་ཨ་ཞེ་རིག་འཛིན་མཚོ་མོའི་སྲས་ལུ་ སྤྱི་ལོ་ ༡༩༤༠ ལོ༌ལུ་རང་ལུགས་གནམ་ལོ་ལྕགས་འབྲུག་ལོ༌ལུ་སྐུ་འཁྲུངས༌ནུག།
སྤྱི་ལོ། | ཤེས་བྱ། |
---|---|
༡༩༤༠ | སྐུ་འཁྲུངས༌ནུག། |
༡༩༤༧ | ཡི་གུའི་གཞི་མ་གསལ༌བྱེད༌དང་སྦྱྱོར་ཀློག་ལས་འགོ་བཙུགས༌ཏེ༌ འབྲི་ཀློག་དང་ཆོས་སྤྱྱོད་ངག་འདོན་གྱི་རིམ་པ་ཚུ་ཐུགས་འཛིན་མཛད་ནུག། |
༡༩༥༣ | སྤུངས་ཐང་སློབ་གྲྭ༌ལུ་ཧིན་དིའི་སློབ་སྦྱོང་གནང་ནུག། |
༡༩༥༦ | དབུ་ཅན་དང་མགྱོགས་ཡིག་གཉིས་ཆ༌ར་ཁུངས་དག་ཏོག༌ཏོ༌སྦེ༌སྦྱངས་བ་མཛད་པའི་ཁར་ བརྡ་ཡིག་ཚུ༌ལུ༌ཡང༌སློབ་སྦྱོངམཛད༌གནང༌ནུག། |
༡༩༦༠ | མཐོ༌བྲག་རིན་པོ༌ཆེ་པདྨ་ཚེ་དབང་དང་གདུང་སྲས་ཕྲིན་ལས་ནོར་བུ་གཉིས་ལས༌ གཅོད་དང་གཏེར་གསར་གྱི་དབང་ལུང་ཚུ༌གསན༌ནུག། |
༡༩༦༣ | སྤྲུལ་སྐུ་ཨྱོན་རིན་པོ་ཆེ་ཞུ༌ཞིནམ༌ལས༌དབང་ལུང་ཚུ༌གསན༌ནུག། |
༢༠༠༠ | རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་ ༡༧ ལུ་ གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་གནང་ནུག། |
ཆགས་རབས།
[ཞུན་དག]དེ༌ལས༌དགུང་ལོ་ ༧ ལས༌ཡབ་དང་ཡབ༌ཀྱི༌ཕོ༌རྒནམ་བླ་མ་སྐལ་བཟང་མི་ཕམ་རྡོ་རྗེ་ལས༌ ཡི་གུའི་གཞི་མ་གསལ༌བྱེད༌དང་སྦྱྱོར་ཀློག་ལས་འགོ་བཙུགས༌ཏེ༌ འབྲི་ཀློག་དང་ཆོས་སྤྱྱོད་ངག་འདོན་གྱི་རིམ་པ་ཚུ་ཐུགས་འཛིན་མཛད༌དེ༌དགུང་གྲངས ༡༣ བཞེསཔ༌ད་སྤུངས་ཐང་སློབ་གྲྭ༌ལུ་ཧིན་དིའི་སློབ་སྦྱོང་གནང་བའི༌ཤུལ༌ལུ༌ སློབ་དཔྱོན་བྱམས་པ་དཀར་པོ༌ལས་དཀྱིལ་ཆོག་གི་སྐོར་ཚུ་གསན་བསམ་མཛད་དེ༌བཞུགས༌པའི༌སྐབས༌ལུ༌ ཡབ་དང་ཕོ༌རྒནམ་གཉིས༌ཆ་ར༌སྐུ་ཚེ༌གིས་མ་ཟིན་པར་ཞིང༌ལུ༌ཕེབས༌སོ༌ནུག། ཚར༌གཅིག༌བླམ་ཁོ༌ར༌སྐུ་ན་ཆུང༌བའི༌སྟབས༌ཀྱིས༌ཡབ་ཀྱི་མཛད་པའི་ཕྱག་ལཱ་ཚུ་འཕྲོ་མཐུད་དེ༌འགན༌ཁུར༌བསྣམས༌མ༌ཚུགས༌རུང༌ ལྷ་ཆོས་དང་མི་ཆོས་ག༌ཅི༌ལུ༌ཡང༌ཤེས་རབ་ཀྱི་རྩལ་ཁ་མཆོག་ཏུ་རྒྱས་པའི་ཁོ༌རའི༌ཡུམ་འདི་ དགུང་ལོ་གཞོནམ་སྦེ༌བཞུགས་ཡོ་ནི༌དེ༌གིས༌འགོ་འདྲེན་ག༌ཅི༌ར༌ཨིན༌རུང༌ཡུམ་མོ༌ར༌གིས་མཛད་ཞིན༌ན༌ དགུང་གྲངས་ ༡༦ དེ༌ཅིག༌ལུ༌བལ་པོའི་མཆོད་རྟེན་ལུ་ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞབས་སར་ཁྱིད་ཞིན༌ན༌ སྙིང་ཐིག་གི་དབང་ལུང་ཚུ༌ཞུ་བཅུག་པའི༌ཤུལ༌ལས༌ སྐུར་སྟོད་ལ་གྲོང་སངས་རྒྱས་ལྡེ་མིག་དགོན་པ་ལུ༌ ཨཿབརྒྱ་བླ་མ་མཁའ་ཁྱབ་རྡོ་རྗེའི་སྲས་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་མཆོག་གི་ཞབས་སར་བཅར་ཏེ་ དབུ་ཅན་དང་མགྱོགས་ཡིག་གཉིས་ཆ༌ར་ཁུངས་དག་ཏོག༌ཏོ༌སྦེ༌སྦྱངས་བ་མཛད་པའི་ཁར་ བརྡ་ཡིག་ཚུ༌ལུ༌ཡང༌སློབ་སྦྱོངམཛད༌གནང༌ནུག།
ཁོ༌རའི༌ཡབ་རྗེ་དམ་པའི་སློབ་མ་བགྲེས་ཤོས་ལས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཚུ༌ རང་ཤུགས་ཀྱིས་གོམས་མྱོང་མཛད་པའི༌མཐའ༌མར༌ ཡབ་ཀྱི་སྐུ་ནུ་ སྐུ་གསུམ་མངོན་གྱུར་ཨ་ཁུ་བླ་མ་ཀུན་བཟང་མི་འགྱུར་མཆོག་དང༌སུམ་ཕྲང་རིན་པོ་ཆེའི་སློབ༌མའི་གྲས་ལས་ ཐུགས་དམ་བཞུགས་མི་དགུའི་གྲས་ལས་ གཅིག་ཨིན༌མི༌༌བཟུམབྱུང༌ནུག། ཨ་ཁུ་བླ་མ་མཆོག་ཨཿབརྒྱའི་གནས་དང་ཉེ་ཡུལ་ཡ་རབས་སྣག་ཚང་བཟུང་བར་བྱོནམ༌ལས༌ ཡོངས་གྲགས་ལུ་ཡ་རབས་བླ་མ་ཟེར༌ཞུ༌སྲོལ༌དར༌ཁྱབ༌སོང༌མི༌ལས༌ རང་ལུགས་པད་གླིང་ལུགས་ཀྱི་གར་ཐིག་དབྱངས་གསུམ་དང་རིག་སྟོང་ངོ་སྤྲོད་ཚུ་ག་ཅིའི་ཐད་ལས་ ཡང༌གསན་སྦྱོང་དཔྱིས་ཕྱིནམ༌སྦེ་མཛད་གནངམ༌མ༌ཚད༌ སྔོན་འགྲོ་ལས་འགོ༌བཟུང་བཅད་རྒྱའི་རིམ་པ་དང་དོན་དམ་གྱི་ཁྲིད་ཀ་དག་བསྐྱེད་རྫོགས་དབྱེར་མེད་དང་ ཀ་དག་རང་དབང་ཚུ༌ཡང༌ཨ་ཁུ་ཡ་རབས་བླ་མ་མཆོག་ལས་ཞུ༌ནུག།
དེ་གི༌ཤུལ༌ལས་སྐུ་ཡོན་གཞན་ཡང་ ཁམས་སྤོ༌ལོ༌ལས་བཅུ་ཕྲག་རིག་པའི་གནས་སྤྱི་དང་ལྷག་པར༌དུ་རྩིས་གཞུང་ལུ་མཁས་པའི་ཡོངས་འཛིན་རིན་པོ༌ཆེ་ངོ་བོ༌ རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་བླ་མ་ཚུལ་ཁྲིམས་མཆོག་དུས་དབང་གིས་ས༌ཕྱོགས་དེ༌ཁར༌ཕེབས་ཡོདཔ༌ལས༌ སྲིངམོ༌གི༌སྐུ་ཟླ་ཝང་ཐང་རིན་པོ་ཆེ་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་མཆོག་དང་ དེ༌ལས༌གཅེན་མོའི་གཉེན་ཟླ་སུམ་ཕྲང་བླ་མ་གསང་སྔགས་རིག་འཛིན་ཚུ༌གཅིག༌ཁར༌སྦེ༌ རིག་གནས་སྐོར་ག༌ར༌གསན་སྦྱོང་མཛད་པའི་ཁར་དཀར་ནག་རྩིས་ཀྱི་སྐོར་ཡང་གསན་བཞེས་མཛད༌གནང༌ནུག། དགུང་གྲངས་ ༢༠ དེ༌ཅིག༌ལུ༌མཐོ༌བྲག་རིན་པོ༌ཆེ་པདྨ་ཚེ་དབང་དང་གདུང་སྲས་ཕྲིན་ལས་ནོར་བུ་གཉིས་ལས༌ གཅོད་དང་གཏེར་གསར་གྱི་དབང་ལུང་ཚུ༌གསན༌ནུག། དགུང་ གྲངས་ ༢༣ ལུ་སྤྲུལ་སྐུ་ཨྱོན་རིན་པོ་ཆེ་ཞུ༌ཞིནམ༌ལས༌དབང་ལུང་ཚུ༌གསན༌ནུག། གསང་ཆེན་རྙིང་མའི་རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། ཡིད་མི་ཆེས་པའི་སྐྱོན་དུ་གྱུར། ཟེར་གསུངས་དོ༌བཟུམ༌ བླམ༌འདི༌བརྒྱུད་པ་འཛིན་མི༌བླ་མའི་མཚན་འཛིན༌པ༌ཙམ༌མེན༌པར༌ གཞན་ཕན་བྱང་ཆུབ་ཀྱི་སེམས་མ་བཅོས་རང་གཤིས་སུ་ཡོད་པའི༌ཁར༌ སྐུ་ཡོན་གྱི་ཐད་ལས༌ཡང༌ལྗགས་ཀློག་དང་ལྷ་སྐུའི་ཐིག་ཚད་ཕྱག་ཡིག་ དེ༌ལས༌མགྱོགས་ཚུགས་གཉིས༌ཆ༌རའི་ཡིག་བཟོ་ཚུ༌ལེགས༌ཤོམ༌སྦེ༌སྦྱངས༌ཡོདཔ༌ལས༌ སྐུ་ངལ་ལུ་མ་གཟིགས་པར་པད་གླིང་འདོན་ཆའི་སྐོར་ཕྱག་དཔེ་མང་རབས་ཅིག་བྲིས་གནང་ཡོད༌མི་ཚུ་ དམ་པ་དེ་ཉིད་ཀྱི་ཕྱག་དཔེ་ཚུ་གི་སྦུག་ལུ་མཇལ་ནི་ཡོདཔ་ཨིན་མས།
སྤྱི་ལོ་ ༡༩༨༣ ལོ་རང་ལུགས་ཆུ་ཕག་ལོ་ལུ་མཁས་གྲུབ་ཀྱི་བཤེས་གཉེན་དམ་པ་ བླ་མ་རྒྱལ་དབང་ཉི་མ་མཆོག་བཀྲ་ཤིས་གཡང་རྩེ་ཆ་འདུས་སྟོང་གཞང་ཁྲུས་ཆུ་དགོན་པ་ལུ་ འཛིན་པ་རང་གྲོལ་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་ཞུ་ནིའི་གསོལ་བ་བཏབ་བཞིན་དུ་བྱོན་སྦེ་ འཇམ་མཁར་ལུ་ཕེབས་ཏེ་ཙཀྐ་ཀླིང་ལས་སྒོམ་ཆེན་དབུ་མཛད་དང་སྐུ་དྲུང་གཉིས་དམིགས་བསལ་གྱིས་ དེར་ཡབ་མེས་གོང་མའི་གདན་ས་གཙུག་ལག་ཁང་རྙིངཔ་འདི་རྒྱ་བསྐྱེད་འབད་དེ་ཉམས་གསོ་ཞུ་ནི་དོན་ལུ་ སྤོ་ཆོག་གནང་བར་བྱོན་དགོ་པའི་ཞུ་ཡིག་ཅིག་ཕུལ་ཡོད་མི་ནང་་ལུ་ ཁོ་ར་ཉམས་རྟོགས་ཀྱི་ཡོན་ཏན་ཉག་ཕྲ་བས་སྐྱབས་རྗེ་དམ་པ་ཕར་ལུ་ཡུད་ཙམ་ཅིག་བྱོན་ཞིན་ན་ སྤོ་ཆོག་ཞིག་ཐུགས་རྗེས་མི་ཆུང་བར་ཞུཝ་བཞིན་མཛད་གནང་ནུག།
གོང་ལུ་ཞུ་དོ་བཟུམ་སྦེ་ཙཀྐ་ཀླིང་་བླ་མ་ཡབ་མེས་གོང་མ་ཚུ་ གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པ་ཤ་སྟག་བྱོན་ཡོདཔ་ལས་བསྟན་པ་དང་སེམས་ཅན་ལུ་ ཕན་པའི་འགྲོ་དོན་རླབས་ཆེན་མཛད་ཡོདཔ་མ་ཚད་ གདན་རབས་བཅུ་པ་དེ་གིས་ཡང་གོང་མའི་མཛད་པར་ངང་པ་མཚོར་འཇུག་གི་ཚུལ་བཟུམ་མཛད་གནང་ནུག། འདིར་མདོར་བསྡུས་ཏེ་ཉུང་ངུའི་ཚིག་གིས་ བླ་མའི་ཡོན་ཏན་རྗེས་སུ་དྲན་པའི་དགོ་པ་དེ་ཡང་ཡོ་ཏན་མཛོད་ལས་ བསྐལ་པར་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་ཞིང་། །བསྐྱེད་རིམ་བརྒྱ་ཕྲག་བསྒོམ་ལས་བླ་མ་འདི། སྐད་ཅིག་དྲན་པས་མཆོག་ཅེས་རྒྱལ་བས་གསུངས། དོ་རུང་གང་གིས་བསྐལ་པ་བྱེ་བ་རུ། ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། བླ་མ་སྐད་ཅིག་དྲན་པས་མཆོགཟེར་གསུངས་དོ་བཟུམ་སྦེ་ བླ་མ་ལུང་ཕྱོགས་དེའི་སྐྱེ་འགྲོ་ཡོངས་ཀྱིས་འདི་ཕྱིའི་སྐྱབས་གནས་ཡང་དག་པ་སྦེ་་འཛིན་པའི་ཁར་ བླ་མ་གིས་ཡང་ཕྲིན་ལས་རྣམ་བཞི་སྒོ་ལས་འགྲོ་དོན་རབ་འབྱམས་ཕྱོགས་རིས་མེདཔ་སྦེ་མཛད་གནང་ནུག། བླམ་གིས་སྦྱིན་བདག་ཉམ་ཆུང་འབད་སར་མི་ཤིའི་དགེ་ས་བསྒྲུབ་པར་བྱོནམ་ད་ཡང་ ཁོང་ཆ་ཁྱབ་ལུ་ག་ཅི་ཡང་མི་འོང་ཟེར་ཐུགས་བཞེས་གནང་སྟེ་ བླ་མ་ཁོ་ར་དང་ཁོ་རའི་དཔོན་དག་པ་ཅིག་ལུ་དྲང་ནིའི་བཟའ་ཆས་ཚུ་ བླམ་ཁོ་ར་གིས་བསྣམས་ཏེ་བྱོན་ཡོདཔ་ཨིན་མས། ཟང་ཟིང་གི་འབུལ་ཡོན་ཚུལ་ཙམ་རེ་ཕུལ་མི་ཚུ་ཡང་ སླར་ལོག་གནང་སྟེ་བྱོན་པའི་ལམ་ཁར་ཡང་ཡུལ་གྱི་སྔར་སྲོལ་ལྟར་དུ་ ཁྱིམ་མཚེས་གྲོང་པ་ཚུ་གིས་སྐྱེལ་ཆང་དང་གཅིག་ཁར་ཞབས་སྐྱེལ་ཕུལ་བར་འོངམ་ད་ ཤུལ་བཞག་དངུལ་གྱི་གསོལ་རས་ཡང་གནང་་སྲོལ་ཡོདཔ་ཨིན་མས། དེ་གི་སྐབས་ལུ་བླ་མ་ཁོ་ར་ལུ་ག་ཅི་ཡང་མེད་སྟབས་ཀྱིས་ ཕྱག་ཞུ་མི་ཚུ་ལས་བསྡུ་སྟེ་གནང་དོ་ཡོདཔ་ཨིནམ་ལས་བླམ་ཁོ་ར་ རྒྱུ་དངོས་ལུ་ཆཊ་ཞེན་སྤུ་རྩེ་ཙམ་ཡང་མེད་པར་བང་ཆུབ་སེམས་དཔའི་མཛད་རྣམ་འདི་བསྐྱངས་གནང་ཡོདཔ་ཨིན་མས།
དེ་ལས་དགུང་གྲངས་ ༢༡ ལུ་བླ་མ་གསང་སྔགས་དང་གཅིག་ཁར་ཨ་སམ་གྷོ་ཧ་ཊིའི་ཀུན་དགའ་བོའི་ཕྱོ་བྲང་དུ་བྱོནམ་ད་ སྤྱ་གཅིག་ལུ་ཅཱ་ན་བེག་ ༡ གནངམ་ད་ཚུར་ངང་ལ་ ༡ ཕུལ་མི་འདི་དུད་འགྲོ་སེམས་ཅན་ལུ་མ་སྲིད་པའི་ཡ་མཚན་གྱི་གཏམ་དེ་བཟུམ་ལུ་དཔྱད་པ་ཅིན་ བྱང་ཆུབ་སེམས་དཔའ་ཅིག་ཨིནམ་འོང་ནི་མས་ཟེར་བླ་མ་གསང་སྔགས་ལས་གོ་ཡོདཔ་ཨིན་མས། དེ་ཡང་དམ་པ་འདི་དགུང་ལོ་ཉི་ཤུ་རྩ་གྲངས་བཞེས་པའི་སྐབས་ལུ་ ཐག་ཉེའི་ཡུལ་ཚན་ཅིག་ལས་ ཐུགས་བདེ་གསལ་ལུ་ཕན་པའི་དོན་ལུ་དགའ་རོགས་ཤཱཀྱ་བཟང་མོ་ཟེར་མི་འདི་བསྟེན་སྦེ་བཞུགསཔ་ད་ སེམས་ཅན་རང་སོའི་ ལས་ཚུལ་བསམ་གྱིས་མི་ཁྱབ་པ་ལུ་བརྟེན་ཏེ་ ཡུལ་དེ་ཁ་ལུ་རྣམ་རྟོག་མེད་པར་འབྲུམ་ནད་ཚབས་ཆེན་ཐོན་ཏེ་ མི་རབས་ཆད་ནི་གུར་ཐུགཔ་ད་དགའ་རོགས་དེ་དང་གཞན་ཡང་འབྲུམ་ནད་ཀྱིས་བཏབ་སྟེ་ ཐུགས་སྙིང་རྗེ་གིས་འབྲལ་མ་ཕོད་པར་ནད་གཡོག་ཚུ་ག་ར་བླམ་ཁོ་ར་གིས་ཞུམ་མེད་དུ་མཛད་ཞིན་ན་ མཐར་ཕུང་པོ་འདི་སའི་དོང་ནང་མ་སྦས་ཀྱི་བར་ན་ངལ་བ་ལྷུར་ལེན་མཛད་དེ་བཞུགས་རུང་ བླམ་ཁོ་རའི་སྐུ་གཟུགས་ལུ་ཉེས་སྐྱོན་ཆུང་ཀུ་ཅིག་ཀྱང་མ་གོས་པ་དེ་ལུ་ལེགས་ཤོམ་སྦེ་དཔྱད་ལྟ་བ་ཅིན་ བླ་མ་ལུ་སྲུང་མ་ཚུ་གིས་ལུས་དང་གྲིབ་མ་བཟུམ་སྦེ་འགྲོགས་ཏེ་ མེལ་ཚེ་སྐྱོང་བའི་རྟགས་མཚན་ཅིག་ཨིནམ་རྩ་ལས་གདོན་ཟ་ནི་མི་འོང་ཟེར་བཤདཔ་ཨིན་མས། བླམ་ཁོ་ར་གི་ཡབ་ཡུམ་དང་དྲིན་ཅན་ཚུ་ལུ་ཡང་ཡ་རབས་དམ་པའི་སྤྱོད་ཚུལ་གྱིས་ དྲིན་ལན་བསབ་པའི་ཚུལ་དེ་ཡང་ཡབ་རྗེ་དམ་པ་ཞིང་ལུ་གཤེགས་པའི་སྐབས་སྐུ་ན་ཆུང་རུང་ དགོངས་རྫོགས་ཀྱི་ཐུགས་འགན་ཧྲིལ་བུ་འབག་མ་ཚུགས་རུང་ ཡུམ་དང་སྐུ་མཆེད་ཚུ་གཅིག་ཁར་ཅི་ལྕོགས་ཀྱི་ཞབས་ཏོག་གང་དྲག་ཞུ་ཡོདཔ་ཨིན་མས། གཞན་ཡང་ཡབ་མེས་གོང་མའི་དངོས་སློབ་སློབ་དཔོན་ལྟའུ་པོ་དང་སློབ་དཔོན་བདེ་ལེགས། སློབ་དཔོན་རྒྱ་མཚོ་དང་སློབ་དཔོན་དཀོན་མཆོག་དབང་འདུས། སློབ་དཔོན་སྨོན་ལམ་བཟང་པོ་དང་ དབུ་མཛད་ལས་ཀྱི། འཆམ་དཔོན་སྐལ་བཟང་དང་ཨྱོན་རྡོ་རྗེ། དགེ་བཤེས་སྐལ་བཟང་དང་སློབ་དཔོན་ཡེ་ཤེས་རྡོ་རྗེ། སློབ་དཔོན་མཚམས་པ་སྐལ་བཟང་དང་སློབ་དཔོན་རྡོ་པོ། འཆམ་མཇུག་སྲི་ཐར་དང་རྩིས་པ་བརྩོན་འགྲུས་ཚུ་ཡུལ་འདི་གི་ཆོས་པ་རྒན་རབས་ཚུ་ལུ་ ཁོང་ཆ་ཁྱབ་ཀྱི་ཡོན་ཏན་ལུ་བརྩི་མཐོང་གནང་ཡོདཔ་མ་ཚད་ ཐ་ན་ཁོ་རའི་ཕ་རྒན་སློབ་དཔོན་དོན་གྲུབ་ཚེ་རིང་བཟུམ་ཅིག་ལུ་ཡང་ ཁོ་རའི་ཡབ་རྗེ་དམ་པ་ཞིང་ལུ་གཤེགས་པའི་རྗེས་སུ་ཡུམ་གྱི་ཕྲིན་ལས་སྒྲུབ་པའི་ར་མདའ་མཛད་དེ་ ཁྱད་པར་པད་གླིང་དང་ཀར་གླིང་གཉིས་ཀྱི་གར་འཆམ་འགྲན་ཟླ་དང་བྲལ་བ་ཚུ་རྩིས་ཏེ་ འཆམ་གྱི་རྣམ་གྲངས་ ༣༠ དེ་ཅིག་ཡོད་མི་ཚུ་ག་ར་ཉམས་ནི་གུར་ལྷོད་པའི་སྐབས་ལུ་ ཧུར་བརྩོན་བསྐྱེད་དེ་རྒྱུན་འཛིན་གྱི་རྒྱབ་སྐྱོར་གང་དྲག་གནང་མི་ལུ་བརྟེན་ཏེ་ ད་རེས་ཙཀྐ་ཀླིང་གི་འཆམ་ཟེར་ཉམས་ལྷད་ཆུང་ཀུ་ཅིག་ཡང་མ་ཞུགས་པར་ ང་བཅས་ཚུ་གིས་མཇལ་ནི་ཡོད་མི་འདི་བླམ་ཁོང་གིས་བཀྲིན་ཨིནམ་དང་ བླམ་ཁོ་ར་འཆམ་གྱི་སྒྱུ་རྩལ་ལུ་མཁས་ནི་དེ་གིས་གཤིན་རྗེ་དང་པད་གླིང་རྔ་འཆམ་གྱི་སྐབས་ལུ་ འཆམ་དཔོན་ཡང་མཛད་ཡོདཔ་མ་ཚད་སྔར་མེད་ཞྭ་ནག་རྔ་འཆམ་ཅིག་ཡང་གསར་བཙུགས་གནང་སྟེ་ ཙཀྐ་ཀླིང་་གི་ཞྭ་ནག་ཟེར་མོང་སྒར་རྫོང་ནང་ཡང་རྐྱབ་སྲོལ་ཡོདཔ་ཨིན་མས།
དེ་ལས་ཡབ་རྗེ་དམ་པ་གཤེགས་པའི་ཤུལ་ལས་ སྤྱི་ལོ་ ༡༩༥༩ ས་ཕག་ལ་ལུ་སྐུར་སྟོད་ཝམ་བུར་དུ་མཁྱེན་རྟོགས་ཀྱི་བདག་ཉིད་ སློབ་དཔོན་ པདྨ་དབང་ཕྱུག་སྟངས་དཔྱལ་གཉིས་ཀྱི་སྲས་ལུ་ཡབ་ཀྱི་ཡང་སྲིད་འཁྲུངས་པའི་ལོ་རྒྱུས་གསན་ཏེ་ ལྷ་དང་བླ་མའི་བརྟགས་པ་དང་ཨ་ལུའི་སྤྱོད་ཚུལ་ཚུ་ག་ར་དཔྱད་དེ་གཟིགས་པའི་སྐབས་འཁྲུལ་བྲལ་གྱི་ངེས་པ་རྙེད་དེ་ སྐུ་སྐྱེས་དགུང་གྲངས་ ༤ བཞེས་པའི་སྐབས་ལུ་གཟའ་སྐར་ལེགས་ཤོམ་གྱི་ཉིནམ་ལུ་ ཁོ་རའི་གདན་སར་ཁྱིད་དེ་ཁྲི་མངའ་གསོལ་གྱི་རྟེན་འབྲེལ་ཚུལ་བཞིན་མཛད་དེ་ འབྲི་ཀློག་གི་སྐུ་ཡོན་ཚུ་ཡང་ཕུལ་གནང་ཡོདཔ་ཨིན་མས། དེ་ལས་གསང་ཟབ་རིག་གཞུང་སློབ་གྲྭའི་ཆོས་སྒོར་བཙུགས་ཏེ་སྐུ་ཡོན་གསན་བཞེས་མཛད་བཅུག་ནུག།
སྐབས་ཅིག་འབྲུག་གཞུང་ཤེས་རིག་ལས་ཁུངས་ནང་ལུ་ ནང་ཆོས་ཀྱི་སློབ་སྟོན་གྱི་ཐུགས་འགན་བཞེས་ཤིང་ སློབ་དཔོན་ཀུན་བཟང་རང་གྲོལ་ཟེར་ཁ་བཞིའི་འབྲུག་གི་བློ་གསལ་གཞོན་ནུའི་ཚོགས་ལུ་ དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་བཞིན་པར་བཞུགས་ཡོད་མི་དེ་ཡང་ ཡབ་ཀྱི་སྐུ་དྲིན་འཇལ་བའི་མཛད་འབྲས་རྨད་དུ་བྱུང་བ་ཅིག་ཨིན་མས། དེ་ལས་མི་རིང་བར་ཡུམ་དང་སྐུ་མཆེད་དང་ཡུལ་མི་ཚུ་བསྟུན་གྲོས་ཐོག་ལས་ བླ་བརྒྱུད་ཆད་ནི་གིས་ཉེན་ཁ་ཡོདཔ་ཤེས་ཏེ་ སྐུར་སྟོད་ཝ་ཝལ་ཕྱུག་མོ་ལུ་ཀུན་མཁྱེན་ཀློང་ཆེན་གྱི་གདུང་རིགས་ལས་སྐྱེས་པའི་བུམོ་ མཚན་ལྡན་མ་ཚེ་རིང་ལྷ་སྒྲོན་འདི་ཕྱག་རྒྱར་སྦེ་བསུས་ཡོད་མི་ལས་སྲས་ཆེ་བ་བརྒྱུད་འཛིན་བསྟན་འཛིན་དོན་གྲུབ། ཀརྨ་དགེ་འཕེལ་དང་ཨྱོན་རིག་འཛིན་བཅས་སྲས་གསུམ་དང་ ཆུང་ཤོས་སྲསམོ་དབྱངས་ཅན་ལྷ་མོ་བཅས་སྤུན་བཞི་འཁྲུངས་ཡོདཔ་ཨིན་མས། སྲས་ཆུང་ཤོས་བླམ་ཨྱོན་རིག་འཛིན་འདི་གིས་ཁ་སླབ་ཤེས་མ་ཤེས་ཙམ་ཅིག་ཁར་ ཨ་ཁུ་ཡ་རབས་བླ་མ་ཞིང་ཕེབས་ཀྱི་ཞབས་ཕྱིས་ཐེར་པོ་ལ་ཟེར་ཡོད་མི་གིས་མིང་བཏོན་ཏེ་ ཁོ་ངེའི་སར་ནམ་འཐོན་འོང་ཟེར་ལོག་ཅི་ལོག་ཅི་ར་སླབ་མི་ལུ་བརྟེན་ཏེ་ བཀྲེས་པ་ཟས་དང་སྐོམ་པ་ཆུ་ལྟར་དྲན་པ་སོགས་སྐུ་ཚེ་ཧེ་མའི་བག་ཆགས་སད་དེ་ དམ་པ་དེ་ཉིད་ཀྱི་ཡང་སྲིད་འཁྲུལ་མེད་ཨིན་པའི་ངོས་འཛིན་རང་ཤུགས་ཀྱིས་གསལ་ཏོགཏོ་བྱུང་མི་ལུ་བརྟེན་ཏེ་ སྐུ་ཚེ་གོང་མའི་དྲིན་དྲན་ཏེ་སྲས་དེ་ལུ་ཐུགས་ཀྱི་གདིང་ལས་ར་དམིགས་བསལ་གྱི་བརྩི་བཀུར་མཛད་ཡོདཔ་ཨིན་མས། དེ་ལས་བླམ་གིས་སངས་རྒྱས་ཀྱི་བསྟན་པ་ལུ་འགྲན་ཟླ་མེད་པའི་ཞབས་ཏོག་ཞུ་བའི་མཐའ་མར་གདུལ་བྱའི་མཐའ་རྫོགས་ཏེ་ སྤྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༢༡ རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་ ༡༧ ལུ་ གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་གནང་ནུག། (རྫོང་ཁ་གོང་འཕེལ་ལྷན་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༤། ཤོག་གྲངས་ ༣༦-༧༧)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. རྫོང་ཁ་གོང་འཕེལ་ལྷན་ཚོགས། ཙཀྐ་ཀླིང་བསམ་གཏན་ཆོས་གླིང་གི་གདན་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༡༤། ཐིམ་ཕུག། འབྲུག།