ཚར་བཟོ།
༉ འབྲུག་རྒྱལ་ཁབ་ནང་ལུ་ ཚར་བཟོ་རིག་པ་དེ་ཡང་ སྔོན་དང་ཕུ་ལས་ དར་ཁྱབ་སོང་སྟེ་ཡོདཔ་ཨིན་པས། དེ་ཡང་ རྒྱལ་རབས་ཀྱི་ལོ་རྒྱུས་ཚུ་ནང་ ཡིག་ཐོག་ལུ་བཀོད་དེ་མེད་རུང་ དབྱེ་དཔྱད་འབད་དེ་ལྟཝ་ད་ ནང་པ་སངྱས་པའི་བསྟན་པ་མ་དར་བའི་སྔོན་གོང་ལས་ གཡུང་དྲུང་གི་བོན་ཆོས་ཀྱི་བསྟན་པའི་སྐབས་ལུ་ སྦ་ཚར་ལས་འཐག་པའི་བང་ཅུང་ནང་ལུ་ བཟའ་བཅའི་རིགས་ཚུ་ བླུགས་ཏེ་ཟ་བའི་སྲོལ་བྱུང་ནུག། ག་དེ་སྦེ་སྨོ་ཟེར་བ་ཅིན་ བང་ཅུང་ཚུ་ནང་ རི་མོ་ཡང་གཡུང་དྲུང་བོན་གྱི་ངོ་རྟགས་ གཡུང་དྲུང་བཙུགས་ཏེ་འཐག་སྲོལ་ཡོད་པའི་ཁར་ བང་ཅུང་དེ་ལུ་ མིང་ཡང་གཡུང་དྲུང་མེ་ཏོག་ཟེར་ སླབ་སྲོལ་ཡོདཔ་ལས་བརྟེན་ཏེ་ཨིན་མས། དེ་མ་ཚད་ སྔོན་གྱི་དུས་ལུ་ ཚར་བཟོ་ལས་བརྟེན་པའི་ ཁྱིམ་ནང་གི་ཅ་ཆས་ དཔེར་ན་ ལྟོ་ཟ་ནི། འབྲུ་སྣ་བཀང་ནི། ཆུ་བཀང་ནི། ཉི་མར་འབྲུ་རིགས་བསྐམ་ནི། ཁྱིམ་ཐོག་བཀབ་ནི་དང་ ཞིང་ཁའི་རཝ་ཚུ་ག་ར་ སྦ་ཚར་གྱིས་བཟོ་སྲོལ་འདུག།
ཚར་བཟོ་འདི་ ཁྱབ་ཆེ་ཤོས་ར་ བཀྲིས་སྒང་རྫོང་ཁག་ནང་ལས་ ཁྲིམས་ཤིང་རྐང་པར་དང་ མོང་སྒར་ཁེངས་ན་འགོར། དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་གི་གཡུས་སྟོད་ཁ་ཐུག་ལུ་དང་ གཞལམ་སྒང་རྫོང་ཁང་ཚུ་ནང་ཡོདཔ་ཨིན་རུང་ བཀྲིས་གཡང་རྩེ་གི་ཚར་བཟོཔ་ཚུ་གིས་བང་ཅུང་འཐག་སྲོལ་མིན་འདུག། གཡུས་ཚན་དེ་ནང་གི་ཕོ་མོ་ཚུ་གིས་ སྣོད་ཆས་མ་འདྲཝ་ བང་ཅུང་། ལག་ཅུང་། རེ་ལྡེ། སོ་རས་པ་ལང་། ཞྭམོ། ཙེའུ། ཆུ་སྣོད་པ་ལང་གི་ཤུབས་ཚུ་ འཐག་ཤེས་པའི་ཁར་ གཡུས་ཚན་དེ་ཚུའི་ནང་ལུ་ ད་རེས་ནངས་པ་ཡང་ ཅ་ཆས་འདི་ཚུ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན། གཡུང་དྲུང་གི་བང་ཅུང་འདི་ ད་རེས་ནངས་པ་ ཁེངས་ལས་འཐོན་དོ་ཡོདཔ་ཨིན། ཚར་གྱིས་བཟོ་བའི་བང་ཅུང་མ་ཐོན་པའི་ཧེ་མ་ མོན་པའི་མི་ཚུ་བཟའ་འཐུང་གི་རིགས་ལོངས་སྤྱོད་པའི་སྐབས་ ཤིང་གི་ཤོམ་འདབ་ནང་ཟ་ནི་དང་འཐུང་ནིའི་རིགས་ཚུ་ སྦ་སྨྱུག་གི་ནང་ལུ་བླུགས་ཏེ་ ཟ་དོ་ཡོདཔ་ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ མིའི་རིག་པ་ཡང་གོང་དུ་འཕེལ་ཏེ་ སྦ་སྨྱུག་ཚུ་པགས་ཀོ་བཤུས་ཏེ་ ཁྱིམ་ནང་གི་ཅ་ཆས་དང་ ཁྱིམ་ཐོག་ཚུ་ཡང་ སྦ་གིས་འཐག་སྟེ་བཀབ་ནིའི་སྲོལ་བྱུང་ཡོདཔ་ཨིན་པས། བང་ཅུང་དེ་ལུ་ ལྷམ་པ་མ་འདྲཝ་ལེ་ཤ་ཡོད་པའི་ཁར་ མི་དྲག་ཞན་ཆེ་ཆུང་མེད་པར་ བང་ཅུང་ནང་ལྟོ་ཟ་ནིའི་སྲོལ་འདི་ དུས་རབས་ ༢༠ པ་མཇུག་བསྡུ་ཁམས་ཅིག་གི་བར་ན་ ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་མས། དེའི་ཤུལ་ལས་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ རྒྱ་དཀར་ནག་གཉིས་དང་རྒྱལ་ཁབ་གཞན་ཚུ་ལས་ འགྱིབ་དང་དཀར་ཡོལ་གྱི་བང་ཅུང་དང་ཕོརཔ་ཐོན་ཞིནམ་ལས་ ཚར་གྱི་བང་ཅུང་ལག་ལེན་འཐབ་ནིའི་སྲོལ་ཉམས་ཡོད་རུང་ ད་རེས་ནངས་པ་ ཤིང་འབྲས་དང་སྲིབ་ལ་སོགས་པ་བཀང་སྟེ་ མགྱོནམོ་ཚུ་ལུ་ བཞེས་རྩམ་དང་སྤགས་ཚུ་ དྲང་ནིའི་དོན་ལུ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན།
ཚར་ལས་བརྟེན་ཏེ་བཟོ་བའི་ཅ་ཆས་ཚུ་ཡང་ བང་ཅུང་ཆེ་ཆུང་གི་རིགས། གཟེབམ། འབོད་ལོ། ལག་ཅུང་། རེ་ལྡེ། ཆང་བཤོ། སྦི་འཁྱབ། པ་ལང་། བཞི་བང་། གསིག་མ། རྫེ་ཀོ། ཇ་བཙག། གཟེབ་ཅུང་། ཙེའུ། ཀུ་ཏོ། ཀར་གྱི་གསིག་མ་དང་ཕྱེའི་གསིག་མ། ལྟོ་བཙག། བལ་གྱི་ཁོད་སྟོད། བལ་ཤད། མཆོད་ཆས་ཀྱི་ཤུབས་ལ་སོགས་པའི་བཟོ་རྣམ་དང་རི་མོ་མ་འདྲཝ་ཚུ་ཨིནམ་དང་ ཅ་ཆས་དེ་ཚུ་ རྒྱལ་ཁབ་ཀྱི་གཡུས་གོ་ཚུ་ནང་ ད་ལྟོའི་བར་ན་ཡང་ ཁྱབ་ཆེ་ཏོག་ཏོ་སྦེ་ལག་ལེན་འཐབ་སྲོལ་ཡོདཔ་ཨིན། དེ་མ་ཚད་ ཚར་གྱི་ཧོད་ཆས་དེ་ཚུ་ ཚོས་གཞི་ལྷམ་པ་མ་འདྲཝ་གི་དབྱེ་བ་ལེ་ཤ་ཡོདཔ་ཨིན། བང་ཅུང་དང་རྩེ་གཟེབམ། ལག་ཅུང་དང་འབོད་ལོ་ཚུ་ ཚར་དཀར་རྐྱང་དང་ཚོན་ཁྲ་ཅན་གང་རུང་ རང་གི་བློ་འདོད་དང་འཁྲིལ་ཏེ་ འཐག་སྲོལ་ཡོད། སྦ་ཟེ། སྦི་འཁྱབ། གསིག་མ། བཞི་ཆ། ཁྱུང་་ཅུང་། རེ་ལྡེ་ཚུ་ ཚར་དཀར་རྐྱང་གིས་འཐགཔ་ཨིན། ཚོན་ཁྲ་ཡང་ཚོས་གཞི་སེརཔོ། ལྗང་ཁུ། དམརཔོ་དང་ལྗང་ནག་ཚུ་གིས་བཟོ་སྟེ་འཐགཔ་ཨིན། སྟག་ཁྲ་མེ་ཏོག་ཚུ་ ཚོས་གཞི་དམརཔོ་དང་དཀརཔོ་གིས་འཐག་ནི་དང་ གཡུང་དྲུང་མེ་ཏོག་ཚུ་ ཚོས་གཞི་སེརཔོ། དམརཔོ་དང་ལྗང་ནག་ཚུ་སླ་བསྲེས་ཏེ་འཐགཔ་ཨིན། ཚོས་གཞི་ཚུ་ལས་ སེརཔོ་འདི་ཡུང་སྒ་གིས་བཟོ་དོ་ཡོདཔ་དང་ དམརཔོ་འདི་ བཙོད་དང་ལྗང་ཁུ་འདི་ ཤར་ཕྱོགས་པའི་ཁ་སྐད་ནང་ལུ་ ཡང་ཁག་པ་ཟེར་མི་ཚུ་ལག་ལེན་འཐབ་ཞིནམ་ལས་ ཚར་བསྐམ་སྟེ་ཡོད་མི་ཚུ་ ཚོས་ཆུ་ནང་བཙོ་སྟེ་བཟོ་དོ་ཡོདཔ་ཨིན། དེ་ལས་ ཚད་གཞི་བགོ་ཐངས་དང་འཐག་ཐངས་ཚུ་ཡང་ ཆེ་ཆུང་གི་ཚད་གཞི་དང་བསྟུན་ཏེ་ འཐག་ཐངས་མ་འདྲཝ་ཡོདཔ་ཨིན་པས། དེ་ཚུ་ག་ར་ རྒྱུ་ཚར་གྱིས་འཐག་ནི་འདི་གིས་ ཚར་བཟོ་ཟེར་སླབ་ཨིན།
མདོར་བསྡུ་བ་ཅིན་ ཚར་བཟོ་འདི་ ནང་པའི་ཆོས་ཀྱི་བསྟན་པ་མ་དར་བའི་སྔ་གོང་ལས་ར་ཡོད་པའི་བཟོ་རིག་ཅིག་ཨིན། ཚར་བཟོ་དེ་ལུ་བརྟེན་ཏེ་ ཁྱིམ་ནང་གི་ཧོད་ཆས་མ་འདྲཝ་ཚུ་འཐག་སྟེ་སྡོད་ཡོདཔ་ཨིན་པའི་ཁར་ དང་ཕུའི་དུས་ལུ་འབད་བ་ཅིན་ ཧོད་ཆས་ཚུ་ འཇིག་རྟེན་པ་ཚུ་ལུ་ ཉེ་བར་མཁོ་བའི་ཅ་ཆས་ཅིག་སྦེ་ལག་ལེན་འཐབ་སྟེ་ སྡོད་ཡོདཔ་ཨིན་པས། ཚར་བཟོའི་ལམ་སྲོལ་འདི་ ད་ལྟོའི་བར་ན་ཡང་ བཀྲིས་སྒང་། མོང་སྒར། གཞལམ་སྒང་དང་ བཀྲིས་གཡང་རྩེ་གི་གཡུས་གོ་ཚུ་ནང་ མ་ཉམས་པར་བདག་འཛིན་འཐབ་སྟེ་ཡོད་པའི་ཁར་ གཡུས་གོ་དེ་ནང་གི་མི་སེར་ཚུ་གི་ དངུལ་གྱི་འོང་འབབ་ཡང་ ཚར་བཟོ་རིག་པ་དེ་ལས་བརྟེན་ཏེ་ འཐོབ་དོ་ཡོདཔ་ཨིན་པས་གོ།
ཁུངས་གཏུག།
[ཞུན་དག]- ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
- མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།