ཚེ་རིང་རྣམ་དྲུག།

Wikipedia ལས།

༉   ཚེ་རིང་རྣམ་དྲུག་ཟེར་མི་འདི་ བྲག་ཚེ་རིང་། མི་ཚེ་རིང་།(དྲང་སྲོང་།) རི་དྭགས་ཚེ་རིང་། བྱ་ཚེ་རིང་། ཆུ་ཚེ་རིང་། ཤིང་ཚེ་རིང་བཅས་ དྲུག་རི་མོའི་གཟུགས་སུ་བྲི་སྲོལ་ཡོད་མི་ལུ་སླབ་ཨིན་མས། འདི་གི་སྐོར་ལས་བཤད་སྲོལ་ཁག་མ་འདྲཝ་བཞི་དེ་ཅིག་ཡོདཔ་སྦེ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ལེགས་སྦྱར་བ་ སློབ་དཔོན་སྐལ་བཟང་རྡོ་རྗེ་གིས་བྲིས་ཏེ་ཡོད་པའི་ ལྷ་སྐུའི་བརྡ་དོན་རྣམ་བཤད་སྐལ་བཟང་གཞོན་ནུའི་རོལ་མཚོ། (གནམ་ལོ་མེད་ ༢༠༢༡ ཤོག་གྲངས་ ༦༨) ནང་ལུ་བཀོད་དེ་འདུག། ལུགས་བཞི་ཡང་ དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་། རྒྱ་ནག་གི་ལུགས་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་། དེ་ལས་ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་ཆ་འདྲ་བའི་རི་མོ། དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་ཆ་འདྲ་བའི་རི་མོ་བཅས་ བཞི་ཡོདཔ་ཨིནམ་དང་ ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་ སྔོན་ལས་ད་བར་རི་མོ་འདིའི་ བྲི་སྲོལ་མ་ཉམས་པར་གནས་ཏེ་ཡོདཔ་ཨིན།

འབྱུང་ཁུངས་ཁག་བཞི་ལས་ དང་པ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་གི་སྐོར་ ཉེ་འཁོར་བའི་རྣམ་བཤད་ནང་བཀོད་དེ་ཡོད་པའི་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ སྔོན་མ་གཏེར་སྟོན་ཆེན་པོ་ བདེ་ཆེན་གླིང་པ་མཆོག་གིས་ རྫུ་འཕྲུལ་གྱིས་འབད་ ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཇལ་བ་བྱོན་པའི་སྐབས་ འཇིག་རྟེན་གྱི་ཁམས་དང་ ཟངས་མདོག་དཔལ་རིའི་ཞིང་ཁམས་ཀྱི་བར་ན་ ཚེ་རིང་རྣམ་པ་དྲུག་འདི་དངོས་སུ་གཟིགས་པའི་ལོ་རྒྱུས་བཤད་དེ་འདུག། དེ་འབདཝ་ལས་དྲང་སྲོང་ཀུན་ཏུ་ཟློས་གར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་གི་རི་མོ་འདི་གཏེར་སྟོན་བདེ་ཆེན་གླིང་པ་མཆོག་ བྱོན་ཞིནམ་ལས་དར་དརཝ་ཅིག་ཨིན་མས།   

གཉིས་པ་རྒྱ་ནག་གི་ལུགས་ལས་བྱུང་བའི་ཚེ་རིང་རྣམ་དྲུག་འདི་ ཚེ་རིང་རྣམ་དྲུག་གི་རྒྱུ་མཚན་ཚིགས་བཅད་མ་ལས་ “སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་དྲུག་ན། །བསྐལ་པ་དང་པོར་ཆགས་པའི་བྲག་རི་ནི། །ལྟ་ན་རབ་བརྗིད་མཐོ་མཛེས་དབྱིབས་ལེགས་དྲུང་། །མི་ཡི་སྐྱེས་བུ་དྲང་སྲོང་རིག་འཛིན་ཞིག། །ཉེ་བར་གནས་ཚེ་བྲག་དེའི་འགྲམ་ངོགས་ནས། །འཆི་མེད་བདུད་རྩིའི་ཆུ་རྒྱུན་ལྷུང་ལྷུང་བབས། །ཆུ་དེ་ལས་འཁྲུངས་རྐང་འཐུང་གཞོན་ནུ་ནི། །རྒས་མེད་ལོ་མ་མེ་ཏོག་འབྲས་བུར་བཅས། །དེ་ཚེ་ཆུ་འཐུང་དྲང་སྲོང་འཆི་མེད་བརྙེས། །རྟག་པར་ཆུ་རྒྱུན་གཏོར་ཟན་མ་ཆག་པས། །སྤུ་སྡུག་རབ་མཛེས་སྐད་སྙན་གཉིས་སྐྱེས་དང་། །རི་དྭགས་ཟུང་ཡང་འཆི་མེད་ཐོབ་ཅེས་གྲགས། །དེ་ཕྱིར་ཚེ་རིང་བྲག་དེར་གནས་པ་ཡི། །དྲང་སྲོང་ཚེ་རིང་འབབ་ཆུའི་རྒྱུན་ཚེ་རིང་། །ལྗོན་ཤིང་ཚེ་རིང་སྐད་སྙན་བྱ་ཚེ་རིང་། །རི་དྭགས་ཚེ་རིང་ཚེ་རིང་རྣམ་པ་དྲུག། །” (བྲག་དཀར་ཆོས་ཀྱི་དབང་ཕྱུག། ལོ་མེད་ པོད་ ༡༣ ཤོག་གྲངས་གཅིག་བྱོན།) ཟེར་གསུངས་ཡོདཔ་བཟུམ་སྦེ་ སྔོན་གྱི་དུས་ལུ་ མ་ཧཱ་རྩི་ནའི་ཡུལ་ལུ་ བསྐལ་པ་ཆགས་པའི་ཐོག་མར་བྱུང་བའི་ བྲག་རི་བཟོའི་རྣམ་པ་མཛེས་ཏོག་ཏོ་དང་ བརྟན་ཏོག་ཏོ་ དེ་ལས་གནམ་མེད་ས་མེད་ མཐོ་བའི་བྲག་རི་དེ་གི་སྦོ་ལོགས་ཁ་ མི་ལོ་སྟོང་ཕྲག་གི་བར་དུ་བསྒོམ་གནང་བཞུགས་ནི་དེ་གིས་ འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་དྲང་སྲོང་ རྒྱ་ནག་གི་རིག་འཛིན་གྱི་ཆ་ལུགས་ཅན་གཅིག་བཞུགས་ཡོདཔ་ཨིན་མས། དྲང་སྲོང་དེ་གི་མཐུ་དང་བྱིན་རླབས་ལས་བརྟེན་ བྲག་རི་དེ་ནང་ལས་ འཆི་མེད་ཚེའི་སྒྲུབ་ཆུ་རྒྱུན་ཆད་མེད་པ་བབས་ཡོདཔ་དང་ གྲུབ་ཆུ་འདི་ལས་རྩ་བ་བརྟན་པ་ ལོ་འདབ་རྒྱས་དང་འབྲས་བུ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ཅིག་འཁྲུངས་ཡོདཔ་ཨིན་མས། དེ་ལས་དྲང་སྲོང་དེ་གིས་ དུས་རྒྱུན་དུ་ར་སྦྱིན་པ་གནང་པ་ལུ་བརྟེན་ ལྷ་བྱ་ཁྲུང་ཁྲུང་གཉིས་བྱུང་ཡོདཔ་ཨིན་མས། དྲང་སྲོང་བཞུགས་པའི་ཉེ་འདབས་ལུ་ ཤ་བ་ཕོ་མོ་གཉིས་ཡང་རང་བྱུང་རྩ་དང་ཆུ་ལུ་ལོངས་སྤྱོད་དེ་འཁོར་མི་དེ་ཚུ་ག་ར་ དྲང་སྲོང་དེ་གི་བྱིན་རླབས་ལས་བརྟེན་ འགྱུར་མེད་གནས་པའི་ཚེ་དངོས་གྲུབ་ཐོབ་ཡོདཔ་ལས་ འ་ནཱི་དྲུག་ལུ་ཚེ་རིང་རྣམ་དྲུག་ཟེར་སླབ་ཨིན་མས།

གསུམ་པ་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་ཆ་འདྲ་བའི་དཔེ་རིས་འདི་འཇིག་རྟེན་འདི་ནང་ རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ བྲིས་སྲོལ་ཡོདཔ་ཨིན་མས། འདི་ཡང་ཉ་རོགསཔ་སྤང་ལེབ་འཛིན་པ་གིས་ ཀླུ་ཚུ་གི་སྲོག་སྐྱབས་འབད་བ་ལུ་བརྟེན་ ཁོ་རའི་འདོད་པ་ལྟར་དུ་ དྲི་ཟའི་བུ་མོ་ཡིད་འཕྲོག་ལྷ་མོ་འདི་ བཟུང་ནིའི་ཐབས་ལུ་ ནོར་བུ་དོན་ཡོན་ཞགས་པ་འདི་ལེན་ཏེ་ ཡིད་འཕྲོག་ལྷ་མོ་འདི་བཟུང་དཔ་ཨིན་རུང་ དྲང་སྲོང་གིས་ཡིད་འཕྲོག་ལྷ་མོ་འདི་ ཉ་རོགསཔ་གི་གཉེན་གྲོགས་ལུ་ གྲོགས་སྐལ་མེདཔ་ལས་ཆོས་རྒྱལ་ནོར་བཟང་གི་ བཙུན་མོ་འབད་ ཕུལ་དགོ་པའི་ལུང་བསྟན་བཞིན་ ཉ་རོགསཔ་གིས་ཡང་ ཡིད་འཕྲོག་ལྷ་མོ་དེ་ཆོས་རྒྱལ་ནོར་བཟང་གི་བཙུནམོ་སྦེ་ཕུལ་ ཁོ་རའི་རེ་འདོད་ཚུ་ཡང་འབད་མེད་དུ་གྲུབ་ཡོདཔ་ཨིན་མས། དེ་སྦེ་ཆོས་རྒྱལ་ནོར་བཟང་གི་ཐུགས་ལུ་ ཡིད་འཕྲོག་ལྷ་མོ་དགོ་པའི་རེ་བ་མེད་རུང་ རྒྱུ་རྐྱེན་ཕུན་སུམ་ཚོགསཔ་ལས་ ཡིད་འཕྲོག་ལྷ་མོ་བཙུནམོ་སྦེ་ཐོབ་ཡོདཔ་ལས་ འཇིག་རྟེན་འདི་ནང་ཡང་ རྟེན་འབྲེལ་ལེགས་པའི་བརྡ་ལུ་པར་རིས་འདི་བྲིས་སྲོལ་དར་ཡོདཔ་ཨིན་རུང་ ཚེ་རིང་རྣམ་དྲུག་གི་རི་མོ་ངོ་མ་མེནམ་སྦེ་ ཉེ་འཁོར་རྣམ་བཤད་ནང་ལུ་བཀོད་དེ་འདུག།

བཞི་པ་དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་ལས་བྱུང་བའི་ ཚེ་རིང་རྣམ་དྲུག་དང་ཆ་འདྲ་བའི་པར་རིས་འདི་ཡང་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཆེ་བ་ལུ་དགོངས་ཏེ་བྲིས་སྲོལ་ཡོདཔ་ཨིན། ཨིན་རུང་འདི་ཡང་ལོ་རྒྱུས་ཅིག་ལས་བརྒྱུད་དེ་བྲིས་སྲོལ་བྱུང་ཡོདཔ་མ་གཏོགས་ ཚེ་རིང་རྣམ་དྲུག་གི་པར་རིས་ལས་སོ་སོ་ཅིག་ཨིནམ་སྦེ་ ཉེ་འཁོར་རྣམ་བཤད་ནང་བཀོད་དེ་ཡོདཔ་ཨིན།

ཚེ་རིང་རྣམ་དྲུག་རེ་རེ་གྱི་བཤད་པ། དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གྱི་ལུགས་ལྟར་བཀོད་པ། དང་པ་ རང་བཞིན་བཅོས་མ་མེད་པར་གྲུབ་སྟེ་ བསྐལ་པའི་བར་དུ་བྱུང་བཞི་རྐྱེན་ངན་གྱིས་ འཇིག་པ་མེད་པ་པར་བརྟེན་པོར་གནས་པ་ གནས་ཁྱད་པར་ཅན་དེ་ བྲག་ཚེ་རིང་། གཉིས་པ་ལོ་ངོ་སྟོང་ཕྲག་གི་བར་དུ་ ཏིང་ངེ་འཛིན་བསྒོམས་ཏེ་ འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་ཡོད་པའི་ཕྱག་མཚན་ལུ་ འཆི་མེད་ཚེ་འབུམ་བསྣམས་ཏེ་ བཞུགས་མི་དྲང་སྲོང་དེ་ མི་ཚེ་རིང་། གསུམ་པ་བྲག་གི་སྐེད་པ་ལས་ བསྐལ་པའི་བར་དུ་ཡང་རྫོགས་ནི་མེད་པའི་ འཆི་མེད་བདུད་རྩིའི་ཆུའི་རྒྱུན་ཁྱད་པར་ཅན་བབས་མི་དེ་ ཆུ་ཚེ་རིང་། བཞི་པ་བསིལ་བའི་གྱིབ་མ་ལ་སོགས་པའི་བདེ་བ་བྱིན་མི་ ལོ་འདབ་ཡོངས་སུ་རྒྱས་པའི་དཔལ་ ཕུན་སུམ་ཚོགས་པའི་ལྗོན་ཤིང་དེ་ ཤིང་ཚེ་རིང་། ལྔ་པ་རྔོན་པ་དང་གཅན་གཟན་གྱི་འཇིགས་པ་མེད་པ་ སྒོ་གསུམ་ཉམས་དགའ་བའི་སྒོ་ལས་ དྲང་སྲོང་གི་འཆི་མེད་རྫས་སུ་ བྱིན་གྱིས་བརླབས་པའི་ རྩྭ་དང་ཆུ་ལུ་ལོངས་སྤྱོད་དེ་གནས་མི་དེ་ རི་དྭགས་ཚེ་རིང་། དྲུག་པ་དྲང་སྲོང་གིས་དུས་རྒྱུན་ཆུ་གཏོར་གྱི་སྦྱིན་པ་ལུ་ ལོངས་སུ་སྤྱོད་པའི་རྒྱུ་རྐྱེན་ལས་ ཚེ་དང་ངག་གི་དངོས་གྲུབ་ཐོབ་མི་དེ་ བྱ་ཚེ་རིང་བཅས་ རྣམ་པ་དྲུག་ག་ར་ འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་ཡོདཔ་ལས་བརྟེན་ ཚེ་རིང་རྣམ་དྲུག་ཟེར་སླབ་ཨིན།

ཚེ་རིང་རྣམ་དྲུག་གི་པར་རིས་བྲིས་དགོ་པའི་དགོས་པ། སྤྱིར་བཏང་ ཚེ་རིང་རྣམ་དྲུག་གི་རི་མོ་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་གི་ ཁྱིམ་དང་ལྷ་ཁང་ཚུ་ནང་ལུ་ ཕྱི་མཛེས་པའི་རི་མོ་སྦེ་ བྲིས་སྲོལ་ཡོདཔ་ཨིནམ་དང་ ལྷག་པར་དུ་ རི་མོ་འདི་བྲི་དགོ་པའི་དགོས་པ་ཡང་ ཚེ་རིང་རྣམ་དྲུག་གི་རྒྱུ་མཚན་ཚིགས་བཅད་མ་ལས་ “ད་ལྟའང་ཡོད་ཅེས་ཚུལ་འདི་བཀོད་རིས་ཀྱང་། །གང་གི་ཁྱིམ་དུ་བྲིས་པའི་རྟེན་འབྱུང་ལས། །འཆི་མེད་ཕུན་ཚོགས་དགེ་མཚན་འཕེལ་འགྱུར་ཞེས། །སྔོན་བྱུང་གཏམ་དུ་ཡོངས་སུ་གྲགས་ཕྱིར་བཀོད། །” (བྲག་དཀར་ཆོས་ཀྱི་དབང་ཕྱུག། ལོ་མེད་ པོད་ ༡༣ ཤོག་གྲངས་གཅིག་བྱོན།) ཟེར་གསུངས་ཡོདཔ་ལས་ རང་གི་ཁྱིམ་ནང་ལུ་ རི་མོ་འདི་བྲིས་བཞག་པ་ཅིན་ འཆི་མེད་ཕུན་ཚོགས་དཔལ་ཡོན་ཚུ་རྒྱས་ཏེ་ དགེ་ལེགས་འོང་བའི་དགོས་པ་ཡོདཔ་ཨིན་ནོ།།

རྒྱབ་བརྟེན།

ཀུན་བཟང་ཕྲིན་ལས། (༢༠༠༡) ཉེར་མཁོའི་རྣམ་བཤད་སྣང་བ་གསར་པ་བཞུགས། ཐིམ་ཕུག། ཀེ་ཨེམ་ཀྲི་དཔར་སྐྲུན་ཁང་།

སྐལ་བཟང་རྡོ་རྗེ། (ལྕགས་མོ་གླང་ལོ་ ༢༠༢༡) ལྷ་སྐུའི་བརྡ་དོན་རྣམ་བཤད་སྐལ་བཟང་གཞོན་ནུའི་རོལ་མཚོ། ཀྲོང་གསར།

འབྲུག་དང་ཧི་མ་ལཱ་ཡ་ཞིབ་འཚོལ་ལྟེ་བ།

ཆོས་ཀྱི་དབང་ཕྱུག། (ལོ་མེད།) བྲག་དམར་ཆོས་སྐྱིད་དབང་ཕྱུག་གི་གསུང་འབུམ། ཚེ་རིང་རྣམ་དྲུག་གི་རྒྱུན་མཚན་ཚིགས་བཅད་མ།

པོད་༡༣  Retrieved From BDRC Library: https://library.bdrc.io

"https://dz.wikipedia.org/w/index.php?title=ཚེ་རིང་རྣམ་དྲུག།&oldid=29790" ལས་ སླར་འདྲེན་འབད་ཡོདཔ།