འབྲུག་གཉིས་པའི་རྟོགས་བརྗོད།
མི་དབང་འཇིགས་མེད་དབང་ཕྱུག་མཆོག་སྐུ་བལྟམས་པ་དང་དང་སྐུ་ཡོན་སྦྱངས་པ་མཛད་པའི་སྐོར།
[ཞུན་དག]༉ དེ་ཡང་ རང་ལུགས་འདས་ལོ་ ༢༥༦ སྤྱི་ལོ་ ༡༩༠༥ གནམ་ལོ་མེ་སྦྲུལ་ལོར་ ཡབ་གཉོས་རིགས་མི་དབང་ཨོ་རྒྱན་དབང་ཕྱུག་དང་ཡུམ་ཀུར་སྟོད་ལས་ ལྷུན་རྫོང་པ་ཕུན་ཚོགས་རྣམ་རྒྱལ་ཟེར་མི་དེའི་སྲས་མོ་ ཨ་ཞེ་བརྩོན་འགྲུས་ལྷ་མོ་གཉིས་ཀྱི་སྲས་སུ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་ནི་ ཕོ་བྲང་ཕྲིན་ལས་རབ་བརྟན་ལུ་སྦེ་ དགེ་བའི་མཚན་ལྟས་དང་བཅས་ཏེ་སྐུ་འཁྲུངས་ནུག། རྒྱལ་སྲས་འཇིགས་མེད་དབང་ཕྱུག་མཆོག་སྐུ་འཁྲུངས་པའི་སྐབས་ མི་དབང་ཡབ་རྗེ་ཨོ་རྒྱན་དབང་ཕྱུག་གི་ དབུ་བླ་སྦས་ཡུལ་རིན་པོ་ཆེ་གདན་འདྲེན་ཞུ་སྟེ་ སྐུ་ཚེ་ཞབས་པད་བརྟན་པའི་དོན་ལུ་ བོད་ལུང་པའི་བླ་ཆེན་ཡོད་ཚད་དང་ འབྲུག་གི་གྲྭ་ཚང་དགོན་སྡེ་ཚུ་ནང་ སྐུ་རིམ་ཞབས་བརྟན་སྦོམ་སྒྲུབ་བཅུག་ཡོདཔ་མ་ཚད་ ཕོ་བྲང་ཕྲིན་ལས་རབ་བརྟན་དང་དབང་འདུས་ཆོས་གླིང་ཕོ་བྲང་ནང་སྦེ་ འབངས་མི་སེར་ཚུ་ལུ་ གནང་སྦྱིན་དང་ཟས་སྟོན་ཚུ་ཡང་གནང་ཡོདཔ་ཨིན་པས།
རྒྱལ་སྲས་ནི་དགུང་ལོ་གཉིས་བཞེས་པའི་བསྒང་ལས་ རྟགས་དང་རྟེན་འབྲེལ་ལེགས་ཤོམ་ཙང་ཙ་བྱུང་སྟེ་ དེ་བསྒང་སྲས་འཇིགས་མེད་དབང་ཕྱུག་གི་ཡབ་འབྲུག་བརྒྱུད་འཛིན་རྒྱལ་པོའི་གསེར་ཁྲི་གུར་མངའ་གསོལ་ཞུ་ནུག། དེའི་སྐབས་ ཕྱིའི་རྒྱལ་ཁབ་ནང་ལས་ ཤེས་རིག་ཡོན་ཏན་སྤེལ་བའི་རོགས་རམ་འབྲུག་ལུ་ཐོབ་མ་ཚུགས་རུང་ ཡབ་མི་དབང་ཨོ་རྒྱན་མཆོག་ནི་ ཐུགས་ལུ་ཚ་གྱང་སྦོམ་བཞེས་ཏེ་ ཕྱི་ནང་གི་ཡོན་ཏན་ཚུ་སློབ་སྟོན་མཛད་མི་གཞན་མ་ཐོབ་ རྒྱལ་སྲས་དགུང་ལོ་བདུན་ལས་ར་ ཡབ་རྗེ་ཁོ་རའི་ཕྱག་གཡོག་གྲལ་ལས་ སྒང་སྟེངཔ་རྒྱ་གར་ཟེར་མི་དེ་ ཤེས་བྱ་རིགས་ལམ་ཧ་ལམ་ཁོ་རའི་མགོ་འདྲོངསཔ་ཅིག་ཤེས་མི་ལས་རྒྱལ་སྲས་ལུ་ ཀ་ཁ་དང་སྦྱོར་ཀློག་ལས་བརྩམས་ཏེ་ ནང་པའི་ཤེས་ཡོན་འགོ་དང་པ་ཁོ་གིས་སྦྱང་ཡོདཔ་ཨིན་པས།
དེ་ལས་བུམ་ཐང་དབང་འདུས་ཆོས་གླིང་ལུ་ རྒྱལ་སྲས་འཇིགས་མེད་དབང་ཕྱུག་མཆོག་ནི་ འདས་ལོ་ ༢༦༥ སྤྱི་ལོ་ ༡༩༡༤ ལོར་ དགུང་ལོ་ ༩ བཞེསཔ་ད་ ནང་པ་དང་ཧིན་དི་ཆོས་ཚན་གཉིས་ཀྱི་ཤེས་ཡོན་ཕུལ་ནིའི་དོན་ལུ་ སྐུ་ཚབ་ནོར་བུ་དང་འབྲས་ལྗོངས་པ་ཕན་ཏོག་གཉིས་ཆེད་དུ་འབོ་གནང་སྟེ་ འབྲུག་རྒྱལ་ཁབ་ནང་འཛམ་གླིང་རྒྱལ་སྤྱིའི་ལུགས་ཀྱི་སློབ་གྲྭ་འགོ་དང་པ་བཙུགསཔ་དང་བཅས་ རྒྱལ་སྲས་ཀྱི་ཕྱག་ཞུ་སྟེ་སློབ་ཕྲུག་ ༡༤ ཤེས་ཡོན་ལྷབ་ནི་འགོ་བཙུགས་ཡོདཔ་ཨིན་པས།
དེའི་ལོ་དེ་ནང་ར་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་གིས་ཧཱ་ལུ་སློབ་ཕྲུག་ ༤༦ འབད་མི་སློབ་གྲྭ་གཅིག་འགོ་བཙུགས་གནང་སྟེ་ སློབ་ཕྲུག་ཚུ་སློབ་གཉེར་འབད་བཅུག་ཡོད་མིའི་ནང་ རྒྱ་གར་གྱི་ཆེ་མཐོའི་དཔོན་ཁག་ཤེས་ཡོན་ཅན་ཚུ་གི་སྦུག་ལུ་ ཧིན་དི་སྐད་ནང་རྒྱལ་ཁབ་ཀྱི་སྲིད་བྱུས་ལས་རིམ་ལ་སོགས་པའི་སྐོར་ལས་ སྦྱངས་ཡོདཔ་ཨིན་པས།
ལྷག་པར་དུ་ ཁོ་རའི་ཡབ་བཟུམ་དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་ལུ་གཙོ་བོར་བསྟེན་ཏེ་ ཡབ་ཀྱི་སྒོ་ཁར་ སྤྱིར་བཏང་གི་འཇར་རོགས་དང་དབྱེ་བ་མེད་པར་ ཉིན་མ་ཕྱག་ཞུ་མི་ མི་སེར་དམངས་ཀྱི་གྱལ་ཁར་ དྲོ་པ་དང་ཕྱི་རུ་ཕྱག་སྒར་པའི་སྦུག་ན་སྒྲིག་རྒྱུག་སྟེ་ དཔལ་ལྡན་ཆོས་རྗེ་འབྲུག་པའི་སྒྲིག་ལམ་ལུ་ཉམས་བཞེད་ ག་དེ་དྲག་དྲག་ལེགས་ཤོམ་སྦེ་མཛད་གནང་ནུག།
དབྱིན་ལོ་ ༡༩༡༩ ལོར་སྤྱི་གཙུག་གི་ཉི་ཟླ་རྒྱལ་སྲས་མཆོག་དགུང་ལོ་ ༡༤ བཞེས་པའི་དུས་འདིར་ཀྲོང་གསར་མགྲོན་གཉེར་སྦེ་བསྐོ་བཞག་མཛད་གནང་ནུག། སྤྱི་ལོ་ ༡༩༢༢ ལོར་ བཙུན་མོ་རིན་པོ་ཆེ་མཆོག་ནི་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་རྗེས་སུ་རྒྱལ་སྲས་མཆོག་ལ་ ཧ་ཅང་གི་ཕྱག་འགན་ཧྲིལ་བུར་བྱེད་དགོས་པ་བཞིན་དུ་ ཕུང་པོ་འདོན་ལས་ཀྱང་ལམ་ལྷོང་ཅན་ལུ་འགྱུར་བ་མ་ཟད། རྗེས་འབྲང་དུ་རྒྱལ་སྲས་མཆོག་ཀྲོང་གསར་དཔོན་སློབ་ཀྱི་ཁྲི་ཐོག་ཁར་ མངའ་གསོལ་མཛད་ནུག།ལོ་འདི་གི་ཤུལ་མ་ རྒྱལ་སྲས་འཇིགས་མེད་དབང་ཕྱུག་མཆོག་ ཆུ་མིག་ཞལ་ངོ་ དྲགོས་འཇམ་དབྱངས་དང་ཨ་ཞེ་དམ་ཆོས་གཉིས་ཀྱི་སྲས་མོ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་རྒྱལ་བཙུན་སྦེ་བཞེས་གནང་ནུག། ཆུ་མིག་ཞལ་ངོ་གི་བརྒྱུད་པ་འདི་ གཏེར་བཏོན་པདྨ་གླིང་པའི་ཐུགས་སྲས་ཟླ་བའི་ ཆོས་རྗེ་གདུང་བརྒྱུད་ཀྱི་བརྒྱུད་པ་ངོ་མ་ཨིན་པས། ཨ་ཞེ་དམ་ཆོས་འདི་ བྱ་དཀར་རྫོང་དཔོན་འཆི་མེད་རྡོ་རྗེ་དང་ཨ་ཞེ་ཡེ་ཤེས་ཆོས་སྒྲོན་གཉིས་ཀྱི་སྲས་མོ་ཨིནམ་མ་ཚད་ གོང་ལུ་བཀོད་དོ་བཟུམ་ ཨ་ཞེ་ཡེ་ཤེས་འདི་ གཏམ་ཞིང་ཆོས་རྗེ་ཨོ་རྒྱན་ཕུན་ཚོགས་ཀྱི་སྲསམོ་སྦོམ་ཤོས་ཨིན་མས།
འདི་བཟུམ་སྦེ་ རྒྱལ་སྲས་འཇིགས་མེད་དབང་ཕྱུག་དང་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གཉིས་ཀྱི་གཉེན་སྦྱོར་གྱིས་ དུང་དཀར་ཆོས་རྗེ་དང་ གཏམ་ཞིང་ཆོས་རྗེ་དང་ཆུ་མིགཞལ་ངོ་ གཏེར་སྟོན་པདྨ་གླིང་པའི་བརྒྱུད་པ་ མི་དབང་སྐུ་འཁོར་གྱི་ནང་ལུ་ལན་གསུམ་བྱུང་ཡོདཔ་མས། དེ་བསྒང་ གཉེན་སྒྲིག་སྤུན་ཆ་ནང་དོག་འབད་ནི་གི་སྲོལ་སྡོད་ཡོདཔ་ལས། དེ་ཡང་ དམིགས་བསལ་ ཆོས་རྗེ་གདུང་བརྒྱུད་ཚུ་ནང་ཁྱབ་ཆེ་སུ་སྡོད་ནུག། དེ་བཟུམ་འབད་དགོ་མི་འདི་ ཕ་མའི་ནོར་མཛོད་གཅིག་ཁར་བསྡོམ་ནི་དང་ སྙན་གྲགས་ཀྱི་དོན་ལུ་འབད་དོ་ཡོདཔ་མས།།
འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་གཉིས་པ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་གི་ཁྲི་མངའ་གསོལ་ཞུ་ཡོད་པའི་སྐོར།
[ཞུན་དག]༉ མི་དབང་འབྲུག་རྒྱལ་དང་པ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་དྲུག་ (༡༩༢༦) ལུ་བུམ་ཐང་སྐུ་རྗེས་ལྷ་ཁང་ནང་ཞིང་གཤེགས་པའི་སྐབས་ སྐུ་འཁོར་ཡོངས་པུར་སྦྱང་གི་དོན་ལུ་ བསྒུགས་བཞུགསཔ་ད་ མི་དབང་འབྲུག་རྒྱལ་གཉིས་པ་ སྤུ་ན་ཁ་ལུ་ཁྲི་མངའ་གསོལ་གྱི་དོན་ལུ་བྱོན་དགོཔ་བྱུང་ནུག། མི་དབང་མཆོག་ཞིང་གཤེགས་ཏེ་ ཟླ་ངོ་དྲུག་གི་ཤུལ་ལས་ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༡༤ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་བདུན་ (༡༩༢༧) ལུ་ མི་དབང་འབྲུག་རྒྱལ་གཉིས་པ་མཆོག་གི་ཁྲི་མངའ་གསོལ་བརྩི་སྲུང་ཞུ་ནུག། དུས་སྟོན་དེ་ཡང་ ཞབས་དྲུང་རིན་པོ་ཆེ་མཆོག་ རྗེ་མཁན་པོ་དང་སྤ་རོ་དཔོན་སློབ་ དེ་ལས་རྫོང་དཔོན་གྱི་དབུ་བཞུགས་མཛད་ནུག། དེ་སྐབས་བིརི་ཊིཤི་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་འགན་འཛིན་གྱི་འཐུས་མི་ ཨེཕ་ཨེམ་བེ་ལི་དང་སི་ཀིམ་གྱི་སྲིད་འཛིན་འགོ་དཔོན་རྣམ་གཉིས་བྱོན་ཏེ་ མི་དབང་མཆོག་ལུ་རྒྱ་གར་རྒྱལ་ཁབ་ཀྱི་ (C.I.E) གི་རྟགས་མ་ཡང་གནང་ནུག།
ཁྲི་མངའ་གསོལ་གྱི་ཤུལ་ལས་ མི་དབང་འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་མཆོག་གི་གཞུང་གྲྭ་ཚང་གི་དགེ་འདུན་འཕགས་པའི་ཚོགས་ལུ་ གསོལ་རས་ཚུ་མ་བཏུབ་བཏུབ་སྦེ་གནང་སྟེ་ སྤུ་ན་ཁ་རྫོང་གི་ལྡེབས་རིས་དང་གསེར་ཏོག་དོན་ལུ་ གསེར་དངུལ་གྱི་གྲོགས་རམ་ཚུ་ཡང་གནང་ནུག། དེ་མ་ཚད་ བཀའ་འགྱུར་བསྟན་འགྱུར་གྱི་དེབ་གསརཔ་ སྐུ་འཆམ་གྱི་རྒྱན་ཆ་ཚུ་ཡང་གསར་སྒྲུབ་གནང་ནུག། ལྷག་པར་དུ་མི་སེར་ཚུ་ལུ་་བཟའ་འཐུང་དང་གོ་ལ་ ནོར་ལ་སོགས་པ་ཚུ་ཡང་གསོལ་རས་གནང་ནུག། དེ་ལས་མི་དབང་མཆོག་ བུམ་ཐང་ལུ་བྱོན་ཏེ་ ཡབ་ཀྱི་དགེ་བ་དགེ་རྩ་ཚུ་གང་དྲག་བསྒྲུབས་ནུག།
མི་དབང་མཆོག་གིས་འབྲུག་ནང་འཁོད་ཀྱི་ བརྒྱུད་འབྲེལ་ཡར་དྲག་བཟོ་ཡོད་པའི་སྐོར།
[ཞུན་དག]ང་བཅས་འབྲུག་རྒྱལ་ཁབ་ནང་དེང་སང་གི་ཤེས་ཡོན་འགོ་ཐོག་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་གཞི་བཙུགས་གནང་ནུག། དེ་བསྒང་ཤེས་ཡོན་གྱི་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་ལུ་གཙོ་བོར་བཏོན་ནུག། མི་དབང་མཆོག་གིས་སློབ་གྲྭ་དང་པ་ཧཱ་ལུ་གཞི་བཙུགས་མཛད་གནངམ་མ་ཚད་ འབྲུག་པའི་ཨ་ལུ་ཚུ་རྒྱ་གར་ཀ་ལིངམ་པོང་དང་ རྒྱལ་ཁབ་ནང་འཁོད་ལུ་ དཔེ་ཆ་ལྷབ་པར་བཏང་ཡོདཔ་ཨིན་མས།
སྤྱི་ལོ་༡༩༡༤ ལུ་འབྲུག་པའི་སློབ་ཕྲུག་ ༤༦ ཐོ་བཀོད་འབད་གནང་ནུག། དེ་བསྒང་གོང་གཟིམ་ཨོ་རྒྱན་རྡོ་རྗེ་མཆོག་ལུ་ ཤེས་ཡོན་དང་འབྲེལ་བའི་ཀ་ལིངམ་པོང་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་གི་ཤེས་ཡོན་དང་འབྲེལ་བའི་སྐྱིད་སྡུག་གཟིགས་ནི་དང་ ལྟ་རྟོག་པའི་ཕྱག་འགན་ཚུ་ཡང་མང་རབས་གཅིག་མཛད་གནང་ནུག།
སྤྱི་ལོ་ ༡༩༡༥ ལུ་རྒྱལ་འཛིན་རྒྱལ་སྲས་འཇིགས་མེད་དབང་ཕྱུག་དང་ལས་རོགསཔ་ཚུ་གི་དོན་ལུ་ འབྲུག་གི་སློབ་གྲྭ་གཉིས་པ་བུམ་ཐང་ལུ་གཞི་བཙུགས་གནང་ནུག། རྒྱ་གར་རྒྱལ་ཁབ་ལུ་ཤེས་ཡོན་སྦྱངས་པར་འགྱོ་མི་སློབ་ཕྲུག་ ༡༢ སྤྱི་ལོ་ ༡༩༢༡ ལུ་ལོག་འོང་སྟེ་འབྲུག་པའི་ཤེས་ཡོན་ཅན་གྱི་སྡེ་ཚན་ཆུང་ཀུ་ཅིག་བཟོ་ནུག། མི་དབང་མཆོག་གིས་ འབྲུག་པའི་དགེ་སློང་དང་མཁས་པ་ཚུ་ བོད་ལུ་ཤེས་ཡོན་སྦྱངས་པར་བཏང་ཡོདཔ་མ་ཚད་ བོད་ཀྱི་སློབ་དཔོན་མཁས་པ་ཚུ་འབྲུག་རྒྱལ་ཁབ་ནང་ དཔེ་ཆ་སྟོན་ནིའི་དོན་ལུ་གདན་འདྲེན་ཞུ་ནུག།
ལས་རིམ་འདི་གི་ འབྲུག་པའི་མཁས་པ་ཚུ་གིས་ དགོན་སྡེ་དང་འབྲེལ་བའི་ཤེས་ཡོན་ཡར་དྲག་གཏང་ཐབས་ལུ་ གྲོགས་རམ་ཡང་མཛད་གནང་ཡོདཔ་ཨིན་མས། འབྲུག་རྒྱལ་ཁབ་ནང་འཁོད་ནང་དཀྲོང་གསར་དང་བུམ་ཐང་རྫོང་ཁག་འདི་ ནང་དོན་རིག་པ་དང་རྩོམ་རིག་གི་ཤེས་ཡོན་ལྟེ་བ་གཙོ་བོ་གཅིག་ལུ་གྱུར་་ནུག།
མི་དབང་མཆོག་གིས་འབྲུག་ནང་འཁོད་ཀྱི་བརྒྱུད་འབྲེལ་ཡར་དྲག་བཟོ་ནི་དང་ ས་ཁྲལ་བཏབ་ནི་ཚུ་མར་ཕབ་འབད་ནུག། དེ་མ་ཚད་མི་དབང་མཆོག་གིས་འབྲུག་མི་ཡོངས་ལུ་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ ཚོང་འབྲེལ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནུག་གོ།
བསྙུང་གཞི་དང་གཤགས་པའི་སྐོར།
[ཞུན་དག]སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཞེ་དགུ་ ༼༡༩༤༩༽ ལུ་ སྤ་རོ་ལུ་དཔོན་སློབ་ཚེ་རིང་དཔལ་འབྱོར་གཤགསཔ་ལས་ མི་དབང་མཆོག་སྤ་རོ་ལུ་བྱོན་ཏེ་ རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྤ་རོ་དཔོན་སློབ་སྦེ་བསྐོ་བཞག་གནང་ནུག། དེ་ལས་ཕོ་བྲང་ཀུན་དགའ་རབ་བརྟན་ལུ་ བྱོན་པའི་ཤུལ་ལས་ མདའ་རྩེད་འགྲན་བསྡུར་རྩེད་དེ་ དུས་ཡུན་མ་རིངམ་ཅིག་གི་ཤུལ་ལས་ བསྙུང་ནི་འགོ་བཙུགས་ནུག། བསྙུང་གཞི་ལས་རྩ་ལས་མ་ཐར་བར་ རིམ་གྱིས་སྐུ་ཁམས་སྐྱོ་སུ་སྐྱོ་སུ་ཐལཝ་ལས་ ཐ་ན་སྤ་རོ་ལུ་ རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་རྟེན་འབྲེལ་ནང་ལུ་ཡང་ བྱོན་མ་ཚུགས་པས། དེ་ལས་བུམ་ཐང་དང་མང་སྡེ་ཚུ་ནང་ རྟགས་དང་མཚན་མ་ངན་པ་ལེ་ཤ་ཅིག་ར་བྱུང་པའི་མཐའ་མ་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ ང་གསུམ་༼༡༩༥༣༽ དབྱིན་ཟླ་གསུམ་པའི་ནང་ ཕོ་བྲང་ཀུན་དགའ་རབ་བརྟན་ལུ་གཤགས་ནུག། འབྲུག་རྒྱལ་འཇིགས་མེད་དབང་ཕྱུག་མཆོག་གཤགས་པའི་དུས་ཚོད་ཚུན་ཚོད་ལུ་ རྒྱལ་ཁབ་ནང་དགའ་སྐྱིད་དང་གཞི་བདེ་དུས་ཡུན་རིང་ཤོས་བྱུང་པའི་དུས་ཚད་མཇུག་བསྡུཝ་ཨིན་ནོ།།
ཁུངས་གཏུག།
[ཞུན་དག]- Gyamtsho, T. (1996). A History of Bhutan. Thimphu ,Bhutan: Curriculum and Professional support division (CAPSD), Education Department ,Ministry of Health and Education