Jump to content

འབྲུག་གི་ཁྲུང་ཁྲུང་སྐེ་ནག།

Wikipedia ལས།

༉ འབྲུག་གི་ཁྲུང་ཁྲུང་སྐེ་ནག་འདི་ གནམ་དགུན་སྤྱི་ཟླ་ ༡༠ པ་མཇུག་བསྡུ་ཁམས་ལས་ སྤྱི་ཟླ་ ༢ པའི་ཟླཝ་སྦུག་ལུ་ཚུན་ཚོད་ ས་གནས་ཕོབ་སྦྱིས་ཁ་ལུ་འཁྱམ་དོ་ཡོདཔ་ཨིན་པས། བྱ་འདི་ཚུ་ གནམ་བྱཱར་འཁྱམ་སའི་ས་གནས་བོད་ཀྱི་རི་ཐང་ལས་འོངམ་ཨིན་པས། ཁྲུང་ཁྲུང་ཚུ་མང་ཤོས་ར་ རྒྱབ་ཁབ་ཀྱི་སྲུང་སྐྱོབ་ས་ཁོངས་ཕོབ་སྦྱིས་ཁ་ལུང་གཤོང་ནང་ལུ་འཁྱམ་ཨིནམ་དང་ ཤར་ཕྱོགས་དང་དབུས་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ལུ་ཡང་ དག་པ་རེ་འཁྱམ་དོ་ཡོདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནང་ཚུ་ ཕོབ་སྦྱིས་ཁ་ལུ་ལྷོད་པའི་སྐབས་ སྐོར་ར་རྐྱབ་པའི་ཚུལ་ལུ་ སྒང་སྟེང་ལྷ་ཁང་ཚར་གསུམ་སྐོར་ར་རྐྱབ་ཨིནམ་དང་ གནམ་སོ་ཀ་ལོག་བོད་ལུ་འཕུར་བའི་སྐབས་ལུ་ཡང་ སྐོར་ར་ཚར་ཚར་གསུམ་རྐྱབ་ཏེ་འགྱོཝ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་(བོད་ཀྱི་ཁྲུང་ཁྲུང་།) འདི་ རྒྱལ་སྤྱི་རང་བཞིན་སྲུང་སྐྱོབ་མཐུན་ཚོགས་ (IUCN) ནང་ཉམས་ཉེན་ཅན་གྱི་རིགས་སྣའི་གྲངས་སུ་ཚུན་ཡོདཔ་ཨིན། ཁྲུང་ཁྲུང་གི་རིགས་བཅུ་དྲུག་ཡོད་པའི་ནང་ལས་ མཇུག་ལུ་ངོས་འཛིན་བྱུང་མི་ཁྲུང་ཁྲུང་སྐེ་ནག་འདི་ སྤྱི་ལོ་ ༡༨༧༦ ལུ་ ཨུ་རུ་སུ་(Russia) གི་དམག་མི་ ནི་ཀོ་ལེ་པིརི་ཞཱལ་ཨིསི་ཀི་(Nikolay Przhevalsky) གིས་བོད་ཀྱི་རི་ཐང་ལུ་ངོས་འཛིན་འབད་ནུག།
འབྲུག་རྒྱལ་ཁབ་ཀྱིས་ རིགས་སྣ་འདི་དམིགས་བསལ་སྦེ་བདག་འཛིན་འབད་ཡོདདང་ དེ་གི་དོན་ལུ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ ས་གནས་ཕོབ་སྦྱིས་ཁག་ལུ་ས་ཆ་རྒྱ་ཚད་ གྲུ་བཞི་ཀི་ལོ་མི་ཊར་ ༡༦༣ གྱི་ནང་ལུ་ སྲུང་སྐྱོབ་ས་ཁོངས་གཞི་བཙུགས་འབད་དེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱིས་ཕོབ་སྦྱིས་ཁ་ལུང་གཤོང་ནང་ལུ་ སྲུང་སྐྱོབ་ས་ཁོངས་འདི་ ༢༠༠༣ ལུ་གཞི་བཙུགས་ཞབད་ནུག། རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལུ་ཁྲུང་ཁྲུང་སྐེ་ནག་རྐྱངམ་གཅིག་མེན་པར་ གཞན་མི་ཉམས་ཉེན་ཅན་གྱི་རིགས་སྣ་ ༡༣ ཡང་སྲུང་སྐྱོབ་འབད་དགོ་པའི་འགན་དདབང་ཡོདཔ་ཨིན། སྤྱི་ལོ་ ༡༩༨༠ གི་ཧེ་མ་སྣང་མེད་སྦེ་བཞག་ཡོད་རུང་ དེ་ལས་ཚུར་ ཁྲུང་ཁྲུང་གསད་མི་ལུ་ བཙོན་ཁྲིམས་བཀལ་ནི་གི་ཁྲིམས་ལུགས་ཚུ་བཟོ་སྟེ་ དམ་དམ་སྦེ་སྲུང་སྐྱོབ་འབད་དེ་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་ནང་ ཁྲུང་ཁྲུང་སྐེ་ནག་ལུ་བརྩི་བཀུར་སྦོམ་ཡོདཔ་དང་ དེ་གི་དོན་ལུ་ ལོ་བསྟར་བཞིན་དུ་ ཁྲུང་ཁྲུང་སྐེ་ནག་ཚུ་བོད་ཀྱི་རི་ཐང་ལས་སྒངསྟེང་ལུ་ལྷོད་ཞིནམ་ལས་ སྤྱི་ཟླ་བཅུ་གཅིག་པའི་སྤྱི་ཚེས་ ༡༡ ལུ་ ཁྲུང་ཁྲུང་གི་དུས་སྟོན་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། འ་ནཱི་དུས་སྟོན་འདི་ མཇལ་ནི་གི་དོན་ལུ་ ཕྱི་ལས་ལྟ་བཤལཔ་ལེ་འོང་ནི་ཡོདཔ་ཨིན།

གྲངས་རློབས།

[ཞུན་དག]

འབྲུག་རྒྱལ་ཁབ་ནང་ ལོ་ལེ་ཤ་ཅིག་གི་རིང་ལུ་ ཁྲུང་ཁྲུང་སྐེ་ནག་འདི་ མང་ཤོས་ར་ ཕོབ་སྦྱིས་ཁ་ལུང་གཤོང་ནང་ལུ་འཁྱམ་དོ་ཡོདཔ་ཨིན་པས། ཁྲུང་ཁྲུང་འཁྱམ་སའི་ས་ཁོངས་གཞན་ཡང་ འབུམ་སྡེ་གླིང་ ལྷུན་རྩེ་རྫོང་ཁག་ སྟག་མོ་ཆུ་ ཐང་སྦྱིས་ཁར་ས་ བཀྲིས་གཡང་རྩེ་ སྤུ་ན་ཁ་ བུམ་ཐང་ བྱ་དཀར་ བསམ་གཏན་སྒང་ དགེ་ཙ་ ཁོ་ཐག་ཁ་ སྒོར་སྒོ་ན་དང་དབང་འདུས་ཚུ་ཨིན། ཨིན་རུང་ གཙོ་བོ་འདི་ཕོབ་སྦྱིས་ཁ་ཨིནམ་ལས་ ས་གནས་འདི་ནང་ཁྲུང་ཁྲུང་སྐེ་ནང་གི་གྱངས་ཁ་ཡང་ སྤྱི་ལོ་ ༡༩༨༦/༨༧ ལུ་ ༡༢༠ སྤྱི་ལོ་ ༢༠༠༠ ལུ་ ༢༡༩ དང་ དེ་རེས་ནངས་པ་ ༢༧༠ ལུ་ ཡང་སེང་སོང་སྟེ་ཡོདཔ་ཨིན་པས། ད་རེས་འཛམ་གླིང་ནང་ ཁྲུང་ཁྲུང་སྐེ་ནང་ཡོངས་བསྡོམས་ ༡༡༠༠༠ དེ་ཅིག་ཡོདཔ་དང་ མང་ཤོས་ར་རྒྱ་ནག་ལུ་ཡོདཔ་ཨིན་པས། དེ་ཚུ་ལས་ འབྲུག་རྒྱལ་ཁབ་ནང་ ༥༠༠ དེ་ཅིག་དང་ རྒྱ་གར་གྱི་ས་གནས་ཨ་རུ་ན་ཅཱལ་པར་དེཤ་དང་ཝེཊ་ནམ་ལུ་ཡང་དག་པ་ཅིག་ཡོདཔ་ཨིན་པས།

གནོད་ཉེན།

[ཞུན་དག]

འབྲུག་ལུ་ཁྲུང་ཁྲུང་འཁྱམ་ས་འདི་ གཙོ་བོ་ར་ཆུ་ཞིང་ནང་ལས་ཕར་ཨིནམ་ལས་ སོ་ནམ་གྱི་ལཱ་དང་མི་གི་ལཱ་ཚུ་ལུ་བརྟེན་ཏེ་ གྱངས་ཁ་མར་བབས་འགྱོ་དོ་ཡོདཔ་ལས་བརྟེན་ འཛམ་གླིང་ནང་ཉམས་ཉེན་ཅན་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༦ ལུ་འབྲུག་ལུ་ཆུ་རུད་བྱུང་མི་འདི་གིས་འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་གི་ཁྲུང་ཁྲུང་འཁྱམ་ས་འདི་མེདཔ་བཏང་ཡོདཔ་ཨིན། གཞན་ཡང་ ཁྲིམས་ལུགས་དང་དམ་འཛིན་ཚུ་སྒྲིང་སྒྲི་མེད་པ་ཅིན་ མ་འོངས་པའི་ནང་ལྟ་བཤལཔ་འདི་ཡང་ གནོད་ཉེན་ཅིག་ལུ་འགྱུར་ནིའི་ཉེན་ཁ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Wikipedia contributors. (2021). Black-necked cranes in Bhutan. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Black-necked_cranes_in_Bhutan&oldid=1053991247