Jump to content

འབྲུག་གི་དངུལ་ཁང་། Ι Bank of Bhutan

Wikipedia ལས།
BOB Bhutan

རྒྱལ་ཁབ་ཡར་རྒྱས་འགྱོཝ་དང་འབྲེལ་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་པའི་འཕྲུལ་རིགས་དང་ ཤེས་རིག་ལ་སོགས་པའི་ཡར་རྒྱས་ཚུ་ ལོ་གཅིག་བ་ལོ་གཅིག་གོང་འཕེལ་དང་འགྱུར་བཅོས་ ལེ་ཤ་སོང་སྟེ་ཡོདཔ་ཨིན། དེ་གི་ནང་ལས་ མི་དབང་རྒྱལཔོ་རིམ་བྱོན་གྱི་ཐུགས་དགོངས་ལས་འགྲུབ་པའི་ལོ་ལྔ་པའི་འཆར་གཞི་ གཞི་བཙུགས་གནང་མི་ལས་བརྟེན་ གཞི་རྟེན་མཁོ་ཆས་ལས་འགོ་བཙུགས་ དུས་དང་བསྟུན་པའི་གོང་འཕེལ་ཚུ་ འཆར་གཞི་དང་སྲིད་བྱུས་ཚུ་དང་འཁྲིལ་ རིམ་པ་བཞིན་གོང་འཕེལ་འགྱོ་སྟེ་ཡོད། དེ་གི་ནང་ལས་མི་སེར་ཚུ་ལུ་ དངུལ་འབྲེལ་གྱི་ཞབས་ཏོག་བྱིན་ཐབས་ལུ་ དངུལ་ཁང་དང་འབྲེལ་བའི་མཐུན་རྐྱེན་གཞི་བཙུགས་འབད་ཡོད་མི་གྲལ་ལས་ ལོ་ངོ་ལེ་ཤ་གི་སྔ་གོང་ལས་ འབྲུག་གི་དངུལ་ཁང་གཞི་བཙུགས་འབད་དེ་ དངུལ་གསོག་འཇོག་དང་གཏོང་ལེན་ལ་སོགས་པའི་ཞབས་ཏོག་ཚུ་བྱིན་ཏེ་ མི་སེར་ཚུ་ལུ་ཁེ་ཕན་སྦོམ་འབྱུང་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་དངུལ་ཁང་ལེ་ཤ་ཡོད་པའི་ནང་ལས་ འབྲུག་གི་དངུལ་ཁང་འདི་རྙིང་ཤོས་ཅིག་ཨིནམ་ད་ ཁྱབ་ཚད་ལས་འབད་རུང་རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་ཁྱབ་ཡོདཔ་ཨིན། Bank of Bhutan(གནམ་ལོ་མེད་༢༠༢༣) ནང་ལུ་བཀོད་མི་དང་འཁྲིལ་བ་ཅིན་ རྒྱལ་ཁབ་འཆར་གཞིའི་སྲིད་བྱུས་ལོ་ལྔ་འཆར་གཞི་དང་པའི་སྐབས་ མི་དབང་མངའ་བདག་རྒྱལ་པོའི་བཀའ་ཁྲིམས་ཐོག་ལུ་ སྤྱི་ལོ་ ༡༩༦༨ ཟླ་ ༥ པའི་ནང་ལུ་ གཞི་བཙུགས་འབད་བའི་དངུལ་ཁང་འགོ་དང་པ་ཨིན་པས། དངུལ་ཁང་དེ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ གཞི་བཙུགས་མ་འབད་ཚུན་གྱི་རིང་ལུ་ དངུལ་ཁང་ལྟེ་བ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས། འབྲུག་གི་དངུལ་ཁང་འདི་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ མི་མང་གི་ལས་འཛིན་ཅིག་སྦེ་ བདག་དབང་མ་མཛད་པའི་ཧེ་མ་ དངུལ་རྩིས་ལྷན་ཁག་འོག་ལུ་སྡོད་ཡོདཔ་ད་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ བདག་དབང་དེ་ཡང་སྤྱི་ལོ་ ༢༠༠༧ ལུ་མཛད་དེ་ཡོདཔ་ཨིན།

དངུལ་ཁང་དེ་གིས་ཞབས་ཏོག་ཚུ་ མཐར་འཁྱོལ་ཅན་སྦེ་ སྤྲོད་ནིའི་ཐབས་ལམ་སྣ་ཚོགས་བཏོན་དོ་ཡོདཔ་ད་ དངུལ་ཁང་དེ་གི་ འཆར་སྣང་དང་དམིགས་དོན་ གཞི་རྩ་ཚུ་བཟོ་ཡོད་མི་གུ་ དང་ལེན་འབད་དེ་ཞབས་ཏོག་ཚུ་སྤྲོདཔ་ཨིན་པས།

འཆར་སྣང་།

རྒྱལ་ཁབ་ཀྱི་གདམ་ཁ་ཅན་གྱི་དངུལ་འབྲེལ་གཙུག་སྡེ་ཅིག་སྦེ་བཟོ་ནི།

དམིགས་ལཱ།

  • དངུལ་འབྲེལ་གྱི་ལས་སྡེ་ཚུ་ དུས་དང་འཁྲིལ་ལེགས་བསྒྱུར་དང་རྒྱ་སྐྱེད་བཏང་སྟེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ འཕྲོ་འཐུད་ཀྱི་ཕན་རོགས་འབད་ནི།
  • འབྲུག་རྒྱལ་ཁབ་ཀྱི་མི་སེར་ལུ་ དངུལ་དང་འབྲེལ་བའི་ཞབས་ཏོག་ཆ་ཚང་ཕུལ་ནི།
  • ཚོང་མགྲོན་པ་ཚུ་ བསམ་པ་རྫོགས་ཐབས་ཀྱི་དོན་ལུ་ ཚོང་མགྲོན་པ་གཙོ་བོ་བཏོན་པའི་ཞབས་ཏོག་ཕུལ་ནི།
  • འཕྲུལ་ཆ་གསརཔ་དང་ ལམ་ལུགས་དྲག་ཤོས་ དེ་ལས་སྤྲོ་བ་དང་ དང་འདོད་ཅན་གྱི་ཁྱད་རིག་ཚུ་གི་ཐོག་ལས་ འཇོན་ཐངས་ཅན་གྱི་ཞབས་ཏོག་སྤྲོད་ནི།

གཞི་རྩ།

༡༽   འགྱུར་བ་ལུ་བློ་སྟོབས།

འབྲུག་གི་དངུལ་ཁང་གིས་ རིག་གསར་གྱི་འགྱུར་བ་འབད་ནིའི་དོན་ལུ་ ཚོར་སྣང་གི་ཐོག་ལས་ དུས་རྒྱུན་ལྷབ་སྦྱང་དང་གོང་འཕེལ་གཏང་ནི། རིག་པ་འདྲ་མིན་སྣ་ཚོགས་བསྡུ་བླངས་འབད་ནི། ཚོང་མགྲོན་པ་ཚུ་ལས་ སྐྱོན་བརྗོད་དང་བསམ་འཆར་ལེན་ནི། དེ་བཟུམ་སྦེ་ར་ ཚོང་ལམ་ནང་ལུ་ དོ་འགྲན་འབད་ནིའི་དྲན་ཤེས་ཚུ་ལུ་ཡིད་ཆེས་བསྐྱེད་ནི།

༢༽   འགན་འཁྲི།

འབྲུག་གི་དངུལ་ཁང་གིས་ཞབས་ཏོག་ཕུལ་བའི་སྐབས་ དྲང་སྤྱོད་ཡོདཔ་བཟོ་ཐབས་ལུ་ དངུལ་འབྲེལ་གྱི་ཞབས་ཏོག་ཕུལ་མི་ཚུ་གིས་དུས་རྒྱུན་ཚུལ་མཐུན་གྱི་ཀུན་སྤྱོད་ ཐ་དམ་ཚིག་དང་དྲང་བདེན་གྱི་ཐོག་ལས་ལཱ་འབད་དེ་ འགན་འཁྲི་ཅན་གྱི་ལམ་ལུགས་གུ་གནས་ནི་ཨིན།

༣༽   མཐུན་ལམ།

འབྲུག་གི་དངུལ་ཁང་གིས་ ལས་སྡེ་ནང་འཁོད་དང་ཚོང་མགྲོན་པ་ དེ་ལས་གཞན་ཡང་ འགན་འཛིན་པ་ཚུ་དང་ གཅིག་གིས་གཅིག་ལུ་ གུས་ཞབས་དང་བློ་གཏད་བསྐྱེད་ཚུགས་པའི་ མཐུན་འབྲེལ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན།

༤༽   ཞབས་ཏོག་ནང་ལུ་ཁྱད་འཕགས།

འབྲུག་གི་དངུལ་ཁང་གི་གྲུབ་འབྲས་ཚུ་ ངལ་རངས་ཏོག་ཏོ་སྦེ་འབྱུང་ཐབས་ལུ་ དུས་ཨ་རྟག་ར་ཚོང་མགྲོན་པ་ཚུ་ལུ་ སྟབས་བདེ་བའི་ཞབས་ཏོག་ ཕུལ་ནིའི་ལམ་ལུགས་ཀྱི་ཐོག་ལས་དང་ དུས་ནམ་ར་འབད་རུང་ ལམ་ལུགས་དང་འཁྲིལ་ ཞབས་ཏོག་ཚུ་ཕུལ་ཏེ་ ག་ར་གིས་བློ་གཏད་དང་ཡིད་ཆེས་ཡོད་པའི་ ཞབས་ཏོག་ཕུལ་ནིའི་ཡིད་ཆེས་བསྐྱེདཔ་ཨིན།

༥༽   མི་སྡེའི་འགན་ཁུར།

འབྲུག་གི་དངུལ་ཁང་གིས་ མི་སྡེ་གོང་འཕེལ་གྱི་དོན་ལུ་རྒྱབ་སྐྱོར་འབད་དེ་ ཁེ་ཕན་ཅན་གྱི་མཉམ་འབྲེལ་ཐོག་ལས་ མི་སྡེ་གི་རེ་འདོད་གྲུབ་ནིའི་དམིགས་གཏད་བསྐྱེདཔ་ཨིན།

འབྲུག་གི་དངུལ་ཁང་འགོ་ཐོག་བཙུགས་པའི་དུས་ལས་ ད་ལྟོ་ཚུན་གྱི་རིང་ ཡར་རྒྱས་ཀྱི་འགྱུར་བ་ཚུ་ རྒྱལ་སྤྱི་ལམ་ལུགས་དང་བསྟུན་པའི་ཚོང་མགྲོན་ཞབས་ཏོག་ཚུ་ཕུལཝ་ཨིན་པས། Bank of Bhutan(གནམ་ལོ་མེད་ ༢༠༢༣) དང་འཁྲིལ་བ་ཅིན་འབྲུག་གི་དངུལ་ཁང་དེ་ གཞུང་དབང་ལས་སྡེའི་ཚོང་འབྲེལ་དངུལ་ཁང་ཅིག་སྦེ་ འབྲུག་གི་ཚོང་ལས་བཅའ་ཁྲིམས་༢༠༠༠ ཅན་མ་འོག་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས། དེ་ལས་ཚུར་ རིམ་པ་བཞིན་གོང་འཕེལ་གྱི་འགྱུར་བ་ལེ་ཤ་སོང་ཡོདཔ་ད་ སྤྱི་ལོ་ ༢༠༠༩ ལུ་ འབྲུག་གི་དངུལ་ཁང་གིས་ དངུལ་འབྲེལ་ལས་དོན་གྱི་དོན་ལུ་ ཐབས་ལམ་གཙོ་བོ་ཅིག་ཆ་འཇོག་འབད་དེ་ དངུལ་ཁང་དང་འབྲེལ་བའི་ཞབས་ཏོག་ཚུ་ རང་བཞིན་གྱིས་འཇམ་ཏོང་ཏོ་དང་ཡར་རྒྱས་སོང་སྟེ་ཡོདཔ་ཨིན། དེ་གི་སྐབས་ དངུལ་བཏོན་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལས་དོན་ འགྲུལ་འཕྲིན་ཐོག་གི་སྒེར་དང་ལས་སྡེའི་དངུལ་འབྲེལ་ལས་དོན་ (ཨེམ་བྷོབ) གི་ཞབས་ཏོག་ཚུ དངུལ་ཁང་དང་འབྲེལ་བའི་ཞབས་ཏོག་ཕུལ་ནིའི་དོན་ལུ་ ཐབས་ལམ་ཅིག་སྦེ་འགོ་བཙུགས་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ རིམ་པ་བཞིན་དུ་ ཚོང་མགྲོན་པ་ཚུ་ལུ་ འགྲུལ་འཕྲིན་གྱི་ཐོག་ལུ་ བྱ་སྟབས་བདེ་བའི་དངུལ་འབྲེལ་ཞབས་ཏོག་ཕུལ་ཐབས་ལུ་ གོ་བྷོབ་ བྷོབ་ཨིཀྲ་ བྷོབ་ནེཀྲ་རི་ཀྲཱེལ་ ལ་སོགས་པའི་མཐུན་རྐྱེན་དང་ དེ་ཚུ་སྤྱོད་མ་ཤེས་མི་ཚུ་ལུ་ དངུལ་བཏོན་བཙུགས་འབད་ནི་ལུ་ཐབས་ལམ་ བྷོབ་ཀ་ནེཏ་ཟེར་བའི་ཞབས་ཏོག་ དངུལ་བཙུགས་ནིའི་འཕྲུལ་ཆས་ལ་སོགས་པ་ཚུ་གཞི་བཙུགས་འབད་དེ་ ཚོང་མགྲོན་ཞབས་ཏོག་ཚུ་ ཕུལཝ་ཨིན་པས། ཞབས་ཏོག་དེ་ཚུ་དང་འབྲེལ་བའི་དོགས་དཔྱད་དང་ སྤྱིར་བཏང་དངུལ་འབྲེལ་ཞབས་ཏོག་ལེན་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་སྤྱོད་ཁྲལ་གོང་ཡངས་ཨང་༡༠༩༥ དང་ ཕྱི་རྒྱལ་ཨཱས་ཀྲི་ལི་ཡ་ལུ་བཞུགས་མི་ཚུའི་དོན་ལུ་ ༠༠༩༧༥- ༢- ༣༤༩༩༠༣ གཞི་བཙུགས་འབད་ཡོདཔ་ཨིན་པས།

དངུལ་ཁང་གི་ཁ་ཐུག་ལས་ ཚོང་མགྲོན་པའི་དགོས་མཁོ་དང་འཁྲིལ་ སྐྱིན་འགྲུལ་གྱི་ཞབས་ཏོག་ཚུ་ཡང་ མཁོ་བྱད་དང་ཤེས་རིག་ ཚོང་འབྲེལ་ བཟོ་སྐྲུན་ དུས་སྟོན་ ཁྱིམ་བཟོ་སྐྲུན་ སྨན་བཅོས་ སྣུམ་འཁོར་ གཞི་བཙུགས་ གསེར་དང་ས་གཞི་ལ་སོགས་པ་གཏའ་མ་བཙུགས་ཐོག་ལས་ སྐྱིན་འགྲུལ་ཚུ་བྱིན་དོ་ཡོདཔ་ད་ སྐྱིན་འགྲུལ་གྱི་དབྱེ་ཁག་དང་འཁྲིལ་སྐྱེད་ཚད་ཚུ་ཡང་ སོ་སོ་སྦེ་ཡོདཔ་ད་ སྐྱེད་ཚད་ཉུང་མཐའ་ བརྒྱ་ཆ་ ༦.༨༨% ཡོདཔ་ཨིན་པས། ཞབས་ཏོག་དེ་ཚུ་ ཚོང་མགྲོན་ག་ར་ལུ་སྤྲོད་མི་ ཚོང་དང་འབྲེལ་བའི་དངུལ་ཁང་སྦོམ་ཤོས་ཅིག་ཨིན། དངུལ་ཁང་དེའི་ཡིག་ཚང་གཙོ་བོ་ ཐིམ་ཕུག་གི་ཁྲོམ་གཞུང་ནོར་འཛིན་ལམ་བདའ་སྟེ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཡིག་ཚང་གི་ལྟད་ལས་ཡོདཔ་ད་ ཡན་ལག་ཡིག་ཚང་ ཡོངས་བསྡོམས་ ༤༧ གཞི་བཙུགས་འབད་དེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ དང་ ཁྲོམ་ཚོགས་སྦོམ་ཤོས་ཚུ་ནང་ དངུལ་ཁང་འདི་གིས་ཁྱབ་སྟེ་ཡོདཔ་ཨིན།

དངུལ་ཁང་དེ་ནང་ལས་བྱེདཔ་ལེ་ཤ་ཡོད་པའི་ཁར་ འགན་འཛིན་ཅན་གྱི་མི་ངོམ་ཚུ་ཡང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན། ལས་འཛིན་ལས་དོན་གྱི་མདོ་ཆེན། ལག་ལེན་མདོ་ཆེན། དངུལ་རྩིས་གཙོ་འཛིན་འགོ་དཔོན། དངུལ་འབྲེལ་གཙོ་འཛིན་འགོ་དཔོན། རྒྱབ་སྐྱོར་ཞབས་ཏོག་གཙོ་འཛིན་འགོ་དཔོན། སྒེར་དང་ལས་སྡེའི་དངུལ་འབྲེལ་གཙོ་འཛིན་འགོ་དཔོན། བརྡ་དོན་གཙོ་འཛིན་འགོ་དཔོན། བརྡ་དོན་འཕྲུལ་རིག་འགོ་དཔོན། སྐྱིན་འགྲུལ་གཙོ་འཛིན་འགོ་དཔོན། ལས་སྡེའི་ཞབས་ཏོག་གཙོ་འཛིན་འགོ་དཔོན། ཞིབ་འཚོལ་དང་སྲིད་བྱུས་འགོ་དཔོན་ཚུ་པས། Bank of Bhutan (གནམ་ལོ་མེད་ ༢༠༢༣)

རྒྱལ་ཁབ་ནང་ལུ་ དུས་དང་བསྟུན་པའི་དངུལ་འབྲེལ་ཞབས་ཏོག་ཚུ་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་མི་སེར་ཚུ་ལུ་ དུས་ཨ་རྟག་ར་སྤྲོད་མི་ཅིག་ འབྲུག་གི་དངུལ་ཁང་འདི་འབདཝ་ལས་ རྒྱལ་ཁབ་དཔལ་འབྱོར་གོང་འཕེལ་དང་མི་མང་ལུ་ སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ཨིན། དེ་གིས་ རྒྱལ་ཁབ་ཀྱི་ལྟ་བ་དང་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ཚུ་གྲུབ་ཚུགསཔ་མ་ཚད་ དུས་དང་བསྟུན་པའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་མང་ལུ་ སྤྱོད་ནིའི་གོ་སྐབས་འཐོབ་ཚུགསཔ་བཟོཝ་ཨིན། རྒྱལ་ཁབ་ནང་ལུ་ དངུལ་ཁང་ལེ་ཤ་ཡོད་པའི་ནང་ལས་ དངུལ་ཁང་རྙིང་ཤོས་ཅིག་ཨིན་མི་ འབྲུག་གི་དངུལ་ཁང་འདི་གིས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ད་ལྟོའི་བར་ན་ཡང་ བྱིན་ཏེ་ར་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

Bank of Bhutan Limited. (གནམ་ལོ་མེད་ 2023) About Us.https://www.bob.bt/ནང་ལས་འཐོབ་ཡོདཔ་ཨིན།