འབྲུག་གི་འཛིན་སྐྱོང་ལྷན་སྡེ།

Wikipedia ལས།

འཛིན་སྐྱོང་ལྷན་སྡེ་ཟེར་མི་འདི་ གཞུང་གི་ཡན་ལག་ཅིག་ཨིནམ་དང་ དེ་ཡང་ ཁྲིམས་བཟོ་ལྷན་སྡེ་གི་བརྩམས་བཞག་མི་ཁྲིམས་ཚུ་ལག་ལེན་འཐབ་སྟེ་ གསལ་བརྗོད་འབད་མི་འདི་ལུ་སླབ་ཨིན་མས།

འཛིན་སྐྱོང་ལྷན་སྡེ་ལུ་དབྱེ་བ་གཉིས་ཡོད་མི་དེ་ཡང་ བརྒྱུད་འཛིན་གྱི་འཛིན་སྐྱོང་ལྷན་སྡེ་དང་། སྲིད་དོན་ཡང་ན་གནས་སྐབས་ཀྱི་འཛིན་སྐྱོང་ལྷན་སྡེ་ཟེར་གཉིས་འདུག། བརྒྱུད་འཛིན་གྱི་འཛིན་སྐྱོང་ལྷན་སྡེ་ཟེར་མི་འདི་ རྒྱལ་ཁབ་ཀྱི་འགོ་ཁྲིད་འདི་རྒྱལཔོ་ཡང་ན་རྒྱལམོ་གིས་སྐྱོང་མི་འདི་ ཤུལ་ལས་ཡང་ ཁོང་ཚུ་གི་སྲས་ཡང་ན་སྲསམོ་ཚུ་ ཁྲི་མངའ་གསོལ་འབད་མི་འདི་ལུ་སླབ་ཨིན།

སྲིད་དོན་ཡང་ན་གནས་སྐབས་ཀྱི་འཛིན་སྐྱོང་ལྷན་སྡེ་ཟེར་མི་འདི་ མི་ངོམ་སྲིད་འཛིན། བློན་ཆེན། ཡང་ན་བློན་པོ་གང་རུང་ཅིག་ མི་སེར་གྱི་བཙག་འཐུ་འབད་དེ་ གནས་ཡུན་གང་རུང་ཅིག་གི་དོན་ལུ་གཞུང་སྐྱོང་སྦེ་བཀོད་མི་འདི་ལུ་སླབ་ཨིན་མས། (civic, 2009)

འཛིན་སྐྱོང་ལྷན་སྡེ་གཉིས་ཡོད་ས་ལས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ གཉིས་ཆ་ར་ལག་ལེན་འཐབ་ཨིན། འཛིན་སྐྱོང་ལྷན་སྡེ་གི་འོག་ལུ་ ག་ག་ར་ཚུདཔ་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་དབུ་ཁྲིད་ མི་དབང་མངའ་ཞབས་མཆོག་དང་། འཛིན་སྐྱོང་ལྷན་སྡེ་གི་དབང་ཚད་ལག་ལེན་འཐབ་མི་འདི་ བློན་ཆེན་གྱིས་གཙོ་པའི་ལྷན་རྒྱས་གཞུང་ཚོགས་ཚུ་ཨིན་མས། ལྷན་རྒྱས་གཞུང་ཚོགས་ཟེར་མི་འདི་ བློན་པོ་ལྷན་ཚོགས་ཀྱི་ལྷན་ཁག་བཅུ་ཐམ་གྱི་ ངོ་ཚབ་འབད་མི་གི་ཚོགས་སྡེ་ཅིག་ལུ་ སླབ་ཨིན་མས།

འཛིན་སྐྱོང་ལྷན་སྡེ་འདི་གི་སྲིད་བྱུས་དང་ ཁྲིམས་བཟོ་ལྷན་སྡེ་གི་ཁྲིམས་བཞེངས་མི་འདི་ ལག་ལེན་འཐབ་ནི་རྐྱངམ་གཅིག་མེན་པར་ གཞན་མི་ཁག་ཆེ་བའི་ལཱ་འགན་ཡང་ཡོདཔ་ཨིན་མས། བདག་སྐྱོང་དང་འབྲེལ་བའི་ལཱ་འགན་འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ མི་སེར་བདག་སྐྱོང་གི་ལཱ་ཡར་སེང་རྐྱབ་ནི་ཡང་རྩ་ཁྲིམས་དང་འཁྲིལ་ཏེ་འབད་ནི། དེ་ལས་ སྲིད་བྱུས་ཀྱི་བཟོ་བཀོད་འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་འཆར་གཞི་དང་ གཞུང་གི་སྲིད་བྱུས་ཚུ་ངེས་བརྟན་བཟོ་སྟེ་ལག་ལེན་འཐབ་ནི། དེ་ལས་ དངུལ་འབྲེལ་གྱི་འཆར་དངུལ་ཚུ་གྲ་སྒྲིག་འབད་དགོཔ་ཨིན་མས། (Civic, 2009)

འཛིན་སྐྱོང་ལྷན་སྡེ་གི་འོག་ལུ་ བདག་སྐྱོང་དང་འབྲེལ་བའི་ལམ་ལུགས་དང་ རང་སྐྱོང་འདུས་ཚོགས་ཟེར་གཉིས་ཚུདཔ་ཨིན་མས། བདག་སྐྱོང་དང་འབྲེལ་བའི་ལམ་ལུགས་ཟེར་མི་འདི་ ཉིནམ་ཨ་རྟག་ར་ ལས་སྣ་ནང་ལུ་ བཅའ་མར་གཏོགས་ནི་དང་ རྒྱལ་ཡོངས་སྲིད་བྱུས་ཚུ་གཅིག་རུབ་ཀྱི་ཐོག་ལས་ལག་ལེན་ནང་བཙུགས་མི་འདི་ལུ་སླབ་ཨིན་མས།

རང་སྐྱོང་འདུས་ཚོགས་ཟེར་མི་འདི་ འགོ་འདྲེན་ག་ཅི་ར་འཐབ་རུང་ ལཱ་འདི་རང་དབང་གི་ཐོག་ལས་ གཞན་མི་དང་འཁྲིལ་མ་དགོ་པར་འབད་མི་ཅིག་ལུ་བཤདཔ་ཨིན། དེ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས། རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཚུ་ཡོད་པའི་ནང་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ ཁྲིམས་དོན་གྲོས་སྟོན་དང་ཁྲིམས་དོན་ངོ་ཚབ་སྦེ་འབདཝ་ཨིན་མས། འདི་ལུ་ ཁྲིམས་དོན་གཞི་བཙུགས་འབད་ནི། འགོ་བརྩམ་ནི། རྩོན་བཤེར་ཕྱིར་བཏོན་འབད་ནིའི་དབང་ཆ་ཚུ་ཡོདཔ་དང་། འདི་གི་ལོ་བསྟར་སྙན་ཞུ་ཚུ་ཡང་ མི་དབང་རྒྱལ་པོ་དང་བློན་ཆེན་ལུ་ཕུལཝ་ཨིན་མས། (Civic, 2009 ཤོག་གྲངས་ ༥༠)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དམིགས་གཏད་དང་ལཱ་འགན་གཙོ་བོ་ར་ ཞི་གཡོག་འདི་ཕན་ཐོག་ཅན་དང་ནུས་ཤུགས་ཅན་ཅིག་སྦེ་ངེས་བརྟན་བཟོ་ནི། ཞི་གཡོག་ཚུ་གི་བར་ན་ ཐ་དམ་ཚིག་དང་ དྲང་བདེན་ཚུ་ཡང་གཅིག་མཚུངས་ཀྱི་ཐོག་ལས་སྦེ་ ལག་ལེན་འཐབ་ནི། ཞི་གཡོག་ཚུ་ཚད་འཛིན་འབད་ནི་དང་ ཞི་གཡོག་གི་ལཱ་འབད་ཐངས་ཀྱི་གནས་སྟངས་ཚུ་ལུ་བལྟ་སྟེ་ ལཱ་བཀོད་རྐྱབ་ནི། དེ་ལས་ གོ་གནས་ཡར་སེང་འབད་ནི་དང་ མི་མང་ཞབས་ཏོག་ཡར་སེང་འབད་ནི་ཚུ་ཨིན་མས། Civil Service Commission

རྒྱབ་རྟེན།

The Royal Education Council. (2009). Bhutan Civics. Paro, Bhutan: The Royal Education Council.

Civil Service Commission. (n.d). Retrieved from      

https://en.wikipedia.org/wiki/Civil_service_commission

Politic of Bhutan. (n.d). Retrieved from https://en.wikipedia.org/wiki/Politics_of_Bhutan