འབྲུག་གི་རྒྱལ་ཡོངས་ཚོགས་སྡེ། Ι National Council
ངོ་སྤྲོད།
[ཞུན་དག]འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་ འདི་བསྐྱར་ཞིབ་ཀྱི་ཚོགས་ཁང་གཅིག་ཨིན། རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་དང་པ་འདི་ གླང་ཇོ་ཕར་ཁ་ལུ་ཡོད་པའི་ ཚོགས་སྟོན་ཁང་ནང་ སྤྱི་ཚེས་ ༡༧/༦/༢༠༠༨ ལས་ ༡༧/༧/༢༠༠༨ ཚུན་ཚོགས་ཡོདཔ་ཨིན།
དམིགས་ཡུལ།
[ཞུན་དག]རྒྱལ་ཡོངས་ཚོགས་སྡེ་གི་དམིགས་ཡུལ་འདི་ ནུས་ཤུགས་ལྡན་པའི་དམང་གཙོའི་རིང་ལུགས་ནང་ སྲིད་དང་འབྲེལ་གཏོགས་མེད་པའི་ གཙུག་སྡེ་ཅིག་འབད་དེ་ རྒྱལ་ཁབ་ཀྱི་བདེ་སྲུང་དང་ རང་དབང་སྲུང་སྐྱོབ་འབད་ཞིན་ན་ མི་སེར་གྱི་བདེ་སྐྱིད་གོང་འཕེལ་གཏང་ནི།
དམིགས་དོན།
[ཞུན་དག]རྒྱལ་ཡོངས་ཚོགས་སྡེ་གི་དམིགས་དོན་འདི་ མི་མང་སྲིད་བྱུས་བསྐྱར་ཞིབ་ ཁྲིམས་བཟོ་དང་ རྒྱལ་ཁམས་ཀྱི་ལས་དོན་ཚུ་ ནན་ཞིབ་འབད་ཐོག་ལས་ མི་སེར་གྱི་དགོས་མཁོ་དང་རེ་འདོད་གྲུབ་ནི་དང་ རྒྱལ་ཡོངས་ཀྱི་རྒྱལ་གནད་ཆེ་བའི་གནད་དོན་ཚུ་གི་ཐད་ལུ་ འབྲུག་རྒྱལཔོ་མཆོག་དང་བློན་ཆེན་ དེ་ལས་རྒྱལ་ཡོངས་ཚོགས་འདུ་ལུ་གྲོས་སྟོན་ཕུལ་ནི།
འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ལས་འགན་དེ་ཡང་བཤམ་བསལ་བལྟར་ དབྱེ་བ་གཉིས་འབད་ཡོདཔ་ཨིན།
༡༽ ཁྲིམས་བཟོ་དང་འབྲེལ་བའི་ལས་འགན།
[ཞུན་དག]Ø ཏི་རུ་དང་དངུལ་འབྲེལ་གྱི་དཔྱད་ཡིག་མེན་པའི་ གཞན་ཁྲིམས་ཡིག་ཚུ་ འགོ་ཐོག་བརྩམ་ནི་དང་ཡངན་བཟོ་ནི།
Ø ད་ལྟོ་ཡོད་པའི་ཁྲིམས་ཚུ་ བསྐྱར་ཞིབ་འབད་དེ་འཕྲི་སྣོན་འབད་ནི།
Ø རྒྱལ་ཡོངས་ཚོགས་འདུ་གིས་ཆ་འཇོག་འབད་བའི་ཁྲིམས་ཡིག་གི་རིགས་ བལྟ་ཞིབ་དང་ཆ་འཇོག་ འཕྲི་སྣོན་འབད་ནི་ ཡང་ན་ཆ་མེད་གཏང་ནི།
༢༽ བསྐྱར་ཞིབ་དང་འབྲེལ་བའི་ལས་འགན།
[ཞུན་དག]Ø གཞུང་གི་སྲིད་བྱུས་དང་འཆར་གཞི་ ལས་རིམ་ཚུ་གུ་ བསྐྱར་ཞིབ་དང་བསམ་འཆར་བཀོད་ནི།
Ø གཞུང་གི་མཛད་བྱ་ཚུ་བསྐྱར་ཞིབ་འབད་ནི།
Ø སྤྱི་ཚོགས་ཀྱི་ཆ་འཇོག་གྲུབ་པའི་ཁྲིམས་དང་གྲོས་ཆོད་ཚུ་ ལག་ལེན་འཐབ་དང་མི་འཐབ་བསྐྱར་ཞིབ་འབད་ནི།
Ø རྒྱལ་ཡོངས་ལུ་གལ་ཆེ་བའི་གནད་དོན་ཚུ་བསྐྱར་ཞིབ་འབད་ནི།
འཐུས་མི་འགྲུབ་ཚུལ།
[ཞུན་དག]རྒྱལ་ཡོངས་ཚོགས་སྡེ་ནང་བསྡོམས་ཀྱི་འཐུས་མི་ ༢༥ ཡོདཔ་ཨིན། འཐུས་མི་༢༥ ལས་འཐུས་མི་༢༠ འདི་ཐད་ཀར་རྫོང་ཁག་༢༠ ལས་རང་སོའི་མི་སེར་གྱི་གདམ་ཁ་དང་འཁྲིལ་ བཙག་འཐུ་འབདཝ་ཨིན། དེ་ལས་སོ་སོ་ཁྱད་ལྡན་གྱི་མི་ངོ་ ༥ པོ་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་སྟར་ འབྲུག་མངའ་དག་རྒྱལ་པོ་གིས་བསྐོ་བཞག་མཛད་གནངམ་ཨིན། རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ འཐུས་མི་བཙག་འཐུ་འབད་ནིའི་དོན་ལུ་ རྫོང་ཁག་རེ་རེ་བཞིན་དུ་ལུ་ འདེམས་ཁོངས་རེ་རེ་འབད་བརྩི་དགོཔ་ཨིན། རྫོང་ཁག་རེ་རེ་བཞིན་དུ་ལུ་ འདེམས་ཁོངས་རེ་རེ་དེ་ཡང་ རྒེད་འོག་རེ་རེ་དང་ རྒེད་འོག་གཅིག་གི་ནང་ མ་ཚུད་པའི་ རྫོང་ཁག་ཁྲོམ་སྡེ་ལས་འདེམས་ངོ་ རེ་རེ་བསྟོན་ནི་གི་ཐོབ་ལམ་ཡོདཔ་ཨིན། རྒྱལ་ཡོངས་ཚོགས་སྡེ་གི་ ལོ་གཅིག་ནང་ ཉུང་མཐའ་ ཚར་གཉིས་ གཅིག་ཁར་འཛོམས་ཏེ་ བསྐྱར་ཞིབ་ཀྱི་ ཕྱག་ལཱ་ཚུ་མཛད་གནངམ་ཨིན། རྒྱལ་ཡོངས་ཚོགས་སྡེ་གིས་འཐུས་མི་ཚུ་གི་ནང་ལས་ ཚོགས་ཁང་གི་ཁྲི་འཛིན་དང་ཁྲི་འཛིན་འོགམ་ གདམ་ཁ་རྐྱབ་ཨིན། རྒྱལ་ཡོངས་ཚོགས་སྡེ་འདི་བསྐྱར་ཞིབ་ཀྱི་ཚོགས་ཁང་གཅིག་ཨིནམ་ལས་འཐུས་མི་ག་ར་ སྲིད་དོན་དང་འབྲེལ་བ་མེད་པར་སྡོད་དགོཔ་ཨིན།
བཙག་འཐུ་གྲུབ་ནི་ལུ་འོས་འབབ་ཡོད་པའི་འཐུས་མི།
[ཞུན་དག]Ø ངོ་སྦྱོར་ལག་ཁྱེར་གྱི་སྒྲུབ་བྱེད་བཏོན་ནི་ཡོད་པའི་ འབྲུག་པའི་མི་སེར་ཨིན་མི།
Ø འདེམས་ཁོངས་འདི་ནང་ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བསྐྱུར་མི།
Ø གདམ་ངོའི་ཞུ་ཡིག་བཙུགས་པའི་སྐབས་ དམའ་ཤོས་སྐྱེས་ལོ་ ༢༥ དང་མཐོ་ཤོས་སྐྱེས་ལོ་ ༦༥ ལང་མི།
Ø མཐོ་རིམ་ཤེས་ཚད་ལས་མ་དམའ་བའི་སྒྲིགས་མཐུན་གཙུག་ལག་སློབ་གྲྭ་གི་ཤེས་ཚད་ཡོད་མི།
Ø སྲིད་དོན་ཚོགས་པ་གཞན་ག་དང་ཡང་འབྲེལ་གཏོགས་མེད་མི།
ཚོགས་སྡེའི་གནས་ཡུན།
[ཞུན་དག]རྒྱལ་ཡོངས་ཚོགས་སྡེའི་བཞུགས་རིམ་དང་པའི་ཚེས་གྲངས་ལས་ ལོ་ལྔའི་རིང་ རྒྱལ་ཡོངས་ཚོགས་སྡེ་འདི་འཕྲོ་མཐུད་གནས་དགོཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡༽ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ། https://web.archive.org/web/20231113104609/https://www.nationalcouncil.bt/en
༢༽ འབྲུག་གི་རྒྱལ་ཡོངས་ཚོགས་སྡུ། https://web.archive.org/web/20231202121402/https://www.nab.gov.bt/en/
༣༽ འབྲུག་གི་བཙག་འཐུ་ལྷན་ཚོགས། https://www.ecb.bt/elections/
༤༽ འབྲུག་གི་སྤྱི་ཚོགས། ༼གནམ་ལོ་མེད་༢༠༠༨༽ འབྲུག་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མ། https://+www.ecb.bt/wpcontent/uploads/2013/04/ElectionActEnglish.pdf