འབྲུག་ན་གཞོན་གོང་འཕེལ་མ་དངུལ།
༉ འབྲུག་ན་གཞོན་གོང་འཕེལ་མ་དངུལ་འདི་ རྒྱལ་ཡུམ་ཨ་ཞེ་ཚེ་རིང་པདམོ་དབང་ཕྱུག་མཆོག་གི་སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༦ ལུ་ཐིམ་ཕུག་ལུ་སྦེ་འགོ་བཙུགས་གནང་ནུག། ལྟེ་བ་དེ་གི་སྲིད་འཛིན་ཡང་ རྒྱལ་ཡུམ་ཨ་ཞེ་མོ་ར་ཨིན་མས། སྤྱི་ལོ་ ༡༩༩༩ ལས་འགོ་བཙུགས་ཏེ་ འབྲུག་གི་ན་གཞོན་ཚུ་ ངན་པའི་དབང་ལུ་མི་ཤོར་ནིའི་དོན་ལུ་དམིགས་ཏེ་འབྲུག་ན་གཞོན་གོང་འཕེལ་མ་དངུལ་ལྟེ་བ་གིས་ ན་གཞོན་སྟོང་ཕྲག་ལས་བཅད་མི་ལུ་ཕན་ཐོགས་ཏེ་ཡོདཔ་ཨིན་མས། རྒྱལ་ཡུམ་གྱིས་གསུངས་མི་དང་འཁྲིལ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་རློབས་ ཕྱེད་ཀ་ལྷགཔ་ཅིག་ ན་གཞོན་ཚུ་ཨིནམ་ལས་ དེ་ལུ་དམིགས་གཏད་བསྐྱེད་དགོཔ་འདི་གལ་ཆེ་དྲགས་ཅིག་ཨིན་མས། དེ་འབདཝ་ལས་ ན་གཞོན་གོང་འཕེལ་གཏང་ནིའི་ཐབས་ལམ་བདག་འཛིན་འབད་ཐངས་དེ་ རྒྱལ་ཁབ་གཅིག་མཐུན་གྱི་སྒོ་ལས་འཆར་གཞི་བཟོ་ཡོད་མི་ གོང་འཕེལ་གྱི་དམིགས་དོན་རེ་རེ་བཞིན་དུ་ལུ་ འབྲེལ་གཏོགས་འབད་ནི་དེ་གལ་ཆེ་ཏོག་ཏོ་ཅིག་ཨིན།
འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱིས་ རྒྱལ་ཁབ་ཀྱི་ན་གཞོན་ག་ར་ མ་འོངས་རྒྱལ་ཁབ་ཀྱི་འགོ་ཁྲིདཔ་བཟོ་ནི་ལུ་བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིནམ་དང་། འབྲུག་གི་ན་གཞོན་ལས་ཁུངས་དེ་ གལ་ཆེ་ཤོས་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་ན་གཞོན་ག་ར་ལུ་ ཤེས་རིག་ཡོན་ཏན་འདྲ་མཉམ་བྱིན་ནི། དོན་དག་ཡོད་པའི་གཡོག་དང་གོ་སྐབས་སྤྲོད་དེ་ ང་བཅས་རའི་ན་གཞོན་ཚུ་གི་དཀའ་ངལ་སེལ་ཐབས་ལུ་དང་། ཁོང་རའི་ནུས་པ་དེ་ ལེགས་ཤོམ་དང་ངེས་བརྟན་བཟོ་ཐབས་ལུ་ ལཱ་འབད་དོ་ཡོདཔ་ཨིན་མས། དུས་ཚོད་ད་རེས་བཟུམ་ཅིག་འབད་བ་ཅིན་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་དེ་ སྒྲིང་སྒྲི་སྦེ་ཡར་རྒྱས་འགྱོ་བའི་ལམ་ཁར་ལྷོད་དེ་ཡོད་རུང་ དེང་སང་ལམ་ལུགས་གི་དབང་ལུ་ཐལ་བའི་འབྲས་བུ་གིས་ གོང་འཕེལ་དང་གཅིག་ཁར་ མི་སྡེ་ནང་ལུ་དཀའ་ངལ་ཡང་བྱིན་དོ་ཡོདཔ་ཨིན་མས། དུས་མཐུན་དང་གཅིག་ཁར་བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ཏེ་ ང་བཅས་རའི་ན་གཞོན་གྱི་མི་ཚེ་ནང་ལུ་ སེམས་ཕམ་པའི་བྱེམ་ཤུགས་ཕོག་ནི་ཨིན། དེ་བཟུམ་སྦེ་ འགྱུར་བ་ལུ་བརྟེན་པའི་གནོད་པ་དག་པ་ཅིག་ གསལ་སྟོན་འབད་བ་ཅིན། ན་གཞོན་ཚུ་སྤྱོད་ངན་ཅན་ལུ་འགྱུར་ནི་དང་ སྨྱོས་རྫས་ལུ་ལང་ཤོར་ཐལ་ནི། རང་གི་ལུས་བཙོང་ནི་ལ་སོགས་པའི་གནས་སྟངས་ཚུ་ཡར་སེང་འགྱོཝ་ཨིན། དེ་འབདཝ་ལས་ སྐབས་ཐོབ་དང་འཁྲིལ་ཏེ་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱིས་ ཨ་ལུ་ཚུ་གི་ཕན་བདེ་དང་ཉེན་སྲུང་ཚུ་ངེས་བརྟན་བཟོ་ཐབས་ལུ་ རྒྱལ་གཞུང་གིས་ བརྩོན་ཤུགས་བསྐྱེད་ནིའི་ནང་ ངེས་པར་མཁོ་བའི་ལཱ་འགན་འབག་ནི་ལུ་ ལྷན་ཐབས་འབདཝ་ཨིན། དེ་བཟུམ་མའི་དཀའ་ངལ་ཚུ་ ན་གཞོན་ཚུ་གི་རྒྱུད་ལུ་སྤེལ་མི་འགྱོ་ནིའི་དོན་་ལུ་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱིས་ ཧེ་མ་ལས་ ངན་པའི་དབང་ལུ་ཤོར་མི་ན་གཞོན་ཚུ་བསྒྱུར་བཅོས་འབད་ནི་དང་ དཀའ་ངལ་འབྱུང་བའི་གཞི་ངོ་མ་ཚུ་བཀག་ཐབས་ལུ་ བརྩོན་ཤུགས་སྐྱེདཔ་ཨིན།
འབྲུག་གི་མ་འོངས་པའི་ན་གཞོན་ཚུ་རྒྱབ་ཁར་བསྐྱུར་མ་བཞག་པར་ ཨ་ལུ་ཚུ་ལུ་ཕང་སེམས་བསྐྱེད་དེ་ བདག་འཛིན་འབད་དགོཔ་དེ་ཡང་ཁག་ཆེཝ་ཨིན་མས། ན་གཞོན་ཚུ་གི་མི་ཚེ་འདི་ ངན་པའི་དབང་ལུ་ཐལ་སོ་རུང་ ལོག་ཁོང་རའི་མི་ཚེ་ ཉམས་གསོ་འབད་དེ་སྒྲིང་སྒྲི་བཟོ་ནི་དང་ མི་ཚེ་དོན་དག་ཡོདཔ་སྦེ་བཟོ་ནིའི་དོན་ལུ་དམིགས་ཏེ་ལཱ་འབད་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ དཀའ་ངལ་ཚུ་འབྱུང་བའི་གཞི་དེ་ རྩ་བ་ལས་འབལ་གཏང་ནིའི་དོན་ལུ་ དྲག་སྤྱོད་ཀྱི་སྐུལ་བསྒྲགས་འབད་ནི་ཡང་འགོ་བཙུགས་ཡོདཔ་ཨིན་མས། ཨ་ལུ་ཚུ་གི་མི་ཚེ་ནང་ལུ་ ཕན་ཐོགས་ཆེ་བའི་ཐབས་ཤེས་གཞན་སྒྲིང་སྒྲི་ཚུ་བྱིན་དགོཔ་ཁག་ཆེཝ་ལས་ ངལ་སངས་ལྟེ་བ་གཞི་བཙུགས་འབད་མི་ལུ་བརྟེན་ ན་གཞོན་ཚུ་གི་བསམ་སྤྱོད་བཟང་པོ་ཚུ་ཡར་རྒྱས་འགྱོ་ཐབས་ལུ་ ཨ་ལུ་ཚུ་ལྟེ་བ་དེ་ནང་ ཡན་ལག་ཆོས་ཚན་ཚུ་ནང་ལྟ་རྟོག་འབད་མིའི་བྱ་བ་དང་ ཁྱད་རིག་གི་བསླབ་སྟོན་ལ་སོགས་པ་ལུ་བཅའ་མར་གཏོགས་ཏེ་བཞགཔ་ཨིན་མས། འབྲུག་ན་གཞོན་གོང་འཕེལ་མ་དངུལ་ལྟེ་བའི་འཆར་གཞི་གཙོ་བོ་ར་ འབྲུག་གི་ན་གཞོན་ཚུ་གིཉིནམ་ ད་རེས་ལེགས་ཤོམ་བཟོ་ནི་དང་ ཉིནམ་ནངས་པ་ ད་རེས་ལས་ལྷག་སྟེབཟང་པོ་ཅིག་བཟོ་ནི་དེ་ཨིན་མས། འཆར་གཞི་ལམ་སྟོན་ལུ་བརྟེན་ཏེ་ ན་གཞོན་གོང་འཕེལ་གྱི་ལས་རིམ་དང་འཆར་གཞི་ཚུ་ མ་ཉམས་པར་ཡུན་བརྟན་གྱི་དོན་ལུ་ ཐོན་སྐྱེད་ཚུ་ཡར་སེང་འབད་ནིའི་ནང་བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིན་མས། དེ་ སྒྲུབ་འབྲས་ཅན་ཅིག་ལུ་འགྱུར་ཐབས་ལུ་ རྒྱལ་ཁབ་ནང་གི་ཆ་རོགས་དང་ ཕྱི་རྒྱལ་གྱི་ངོ་ཤེསཔ་ཚུ་ལས་རྒྱབ་སྐྱོར་ལེན་ཏེ་ ལཱ་དེ་ལཱ་ཁག་ཅིག་ལུ་མ་གྱུར་བར་ ལེགས་ཤོམ་འགྱོ་འོང་ཟེར་རྒྱལ་ཡུམ་མཆོག་གིས་གསུངས་གནང་ནུག།
ཁུངས་གཏུག།
[ཞུན་དག]- Bhutan Youth Development Fund. (n.d.). About YDF. Retrieved from Presidnt's Message: http://www.bhutanyouth org