འབྲུག་བརྒྱུད་འཕྲིན་ཚད། Ι Bhutan Telecom
འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་གི་སྔ་གོང་ལས་ རྒྱལཔོ་རིམ་བྱོན་ཚུ་གི་མངའ་འོག་ལུ་ གོང་འཕེལ་གྱི་ཕྱག་ལཱ་ལེ་ཤ་མཛད་དེ་ ཡར་རྒྱས་ཀྱི་འགྱུར་བ་ཚུ་ ད་ལྟོ་ཚུན་གྱི་རིང་ལུ་ཀུན་གྱིས་མཐོང་གསལ་ཆེ་སར་ཡོདཔ་ཨིན། ཡར་རྒྱས་ཀྱི་འགྱུར་བ་ཚུ་ལས་བརྟེན་ དཔལ་འབྱོར་གོང་འཕེལ་བལྟ་བཤལ་ལ་སོགས་པ་ཚུ་ཡང་ ཡར་རྒྱས་འགྱོ་སྟེ་ཡོད། ལྷག་པར་དུ་ རྒྱལ་ཁབ་ནང་འཁོད་ཀྱི་མ་ཚད་ འཛམ་གླིང་རྒྱལ་ཁབ་ག་ར་དང་ཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ འགྲེམ་ཁང་དང་རླུང་འཕྲིན་ བརྒྱུད་འཕྲིན་ཡོངས་འབྲེལ་ལ་སོགས་པའི་མཐུན་རྐྱེན་ ལེ་ཤ་གཞི་བཙུགས་འབད་དེ་ མི་སེར་ཚུ་ལུ་ཕན་ཐོགས་སྦོམ་འབྱུང་དོ་ཡོདཔ་ཨིན། དེ་ཚུ་གི་གྲལ་ལས་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ཞབས་ཏོག་ གཞི་བཙུགས་འབད་མི་འདི་གིས་བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ཡོངས་འབྲེལ་ལ་སོགས་པའི་མཐུན་རྐྱེན་ཚུ་ སྤྱོད་ནིའི་གོ་སྐབས་འཐོབ་སྟེ་ཡོད།
ལས་སྡེ་འདི་ འབྲུག་རྒྱལ་ཁབ་ཀྱི་ཡར་རྒྱས་གོམས་པ་མདུན་དུ་སྤོ་བའི་དུས་ལས་ར་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་གྱི་རིང་ ལས་སྡེའི་མཐུན་རྐྱེན་དང་ཞབས་ཏོག་གི་འགྱུར་བ་ཚུ་ ལེ་ཤ་འགྱོ་སྟེ་ལག་ལེན་འཐབ་ནི་ལུ་ ཧེང་སྐལ་སྟབས་བདེ་ཏོག་ཏོ་ལུ་འགྱུར་ཡོདཔ་ཨིན། ལོ་ངོ་བརྒྱ་ཕྲག་གི་གོང་འཕེལ། (གནམ་ལོ་མེད་༢༠༠༨ ཤོག་གྲངས་༢༥༡) དང་འཁྲིལ་བ་ཅིན་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་གོང་འཕེལ་གྱི་སྲིད་བྱུས་ ལོ་ལྔ་འཆར་གཞི་འགོ་དང་པ་བཙུགས་པའི་སྐབས་ བརྒྱུད་ཕྲིན་དང་རླུང་འཕྲིན་གྱི་མཐུན་རྐྱེན་འགོ་བཙུགས་ཏེ་ བདེ་ཆེན་ཆོས་གླིང་ཕོ་བྲང་གི་སྦོ་ལོགས་ཁར་ རླུང་འཕྲིན་ཁང་འགོ་བཙུགས་ཏེ་ འབྲུག་མི་ཚུ་རླུང་འཕྲིན་ལག་ལེན་འཐབ་ནི་ལུ་ སློབ་སྦྱོང་འབད་ནིའི་གོ་སྐབས་ཡང་གནང་ནུག། དེ་ལས་རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་ཚུ་ ལོ་བསྟར་བཞིན་ཡར་རྒྱས་འགྱོཝ་དང་བསྟུན་སྤྱི་ལོ་༡༩༧༠ ལུ་འབྲུག་གཞུང་གིས་ བརྒྱུད་འབྲེལ་ལས་ཁུངས་སྦེ་ འགོ་ཐོག་གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་༢༠༠༠ ཟླ་༧ པའི་ཚེས་༡ ལས་ རྒྱལ་ཁམས་མངའ་འོག་གི་ལས་སྡེ་སྦེ་ འཕྲོ་མཐུད་དེ་ གཞི་བཙུགས་འབད་ནུག།
གཙུག་སྡེ་དང་ལས་སྡེ་ ལས་འཛིན་ལྷན་ཁག་ག་ཅི་བཟུམ་ཨིན་རུང་ རང་སོའི་འཆར་སྣང་དང་དམིགས་དོན་ལས་དོན་ཚུ་ ཁ་གསལ་བཀོད་ཞིནམ་ལས་ ལས་བྱེདཔ་ག་ར་གིས་ དེ་ལུ་དང་ལེན་འབད་དེ་ལས་སྣ་ཚུ་འབདཝ་ཨིན། དེ་བཟུམ་སྦེ་འབྲུག་བརྒྱུད་འཕྲིན་ཚད་ཀྱི་འཆར་སྣང་གཞི་རྩ་དམིགས་དོན་ཚུ་ཡང་Bhutan Telecom (གནམ་ལོ་མེད་2023) ལྟར་འབད་བ་ཅིན་
འཆར་སྣང་།
གདམ་ཁ་ཅན་གྱི་ལས་སྡེ།
འབྲུག་བརྒྱུད་འཕྲིད་ཚད་འདི་ ལས་འཛིན་གཞུང་སྐྱོང་ ལེགས་ལྡན་གྱི་ཐོག་ལས་ ནམ་ར་ཨིན་རུང་ འགན་འཁྲི་ཅན་སྦེ་ འགན་ཁུར་འབག་སྟེ༌ བརྩོན་ཤུགས་བསྐྱེད་མི་ ལས་སྡེ་ཅིག་ཨིན། ལས༌སྡེ༌དེ་གིས་ ལཱ་ག་ཅི་འབད་རུང་ གཤམ༌གསལ༌ལས༌འཛིན༌གྱི༌ གཞི་རྩ་དང༌ཡིད་མོས་ཀྱི་ ལམ་སྟོན་དང་འཁྲིལ་ཏེ་འབདཝ་ཨིན།
ལས་འཛིན་དང་འབྲེལ་བའི་གཞི་རྩ།
༡༽ ལག་ལེན་ཆ་མཉམ་གྱི་དོན་ལུ་ ཟུར་རྡོ་བཟུམ་ཅིག་ཨིནམ་ལས་ ས་གནས་ཀྱི་མི་སྡེ་ལུ་ འཇོན་ཐངས་ཅན་དང་ དྲང་བདེན་དེ་ལས་ འགན་འཁྲི་ཅན་གྱི་ཐོག་ལས་ འགན་ཁུར་འབག་ནི།
༢༽ རྒྱལ་ཁབ་ཀྱི་གྲོང་གསེབ་དང་ མཐའ་ཟུར་ཚུ་ནང་ལུ་ བརྒྱུད་འཕྲིན་གྱི་ཞབས་ཏོག་ རྒྱ་བསྐྱེད་འབད་ཐོག་ལས་ དཔལ་འབྱོར་གོང་འཕེལ་ འདྲ་མཉམ་གྱི་གཞི་རྩ་ ཡར་འདྲེན་འབད་ནིའི་འགན་ཁུར་འབག་ནི།
༣༽ ལས་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་གི་རྒྱུད་ལུ་ ནམ་ར་ཨིན་རུང་ ལཱ་འབདཝ་ད་ སྤྱོད་བཟང་གི་རྣམ་གཞག་གི་ཐོག་ལས་ འབད་བཅུག་ནི།
༤༽ ལས་བྱེདཔ་ཚུ་ལུ་ ལཱ་གི་ལྕོགས་གྲུབ་རིམ་པ་དང་འཁྲིལ་ འོས་འབབ་དང་ལྡན་པའི་སྤྲོ་འཐུས་དང་ གསོལ་རས་ཚུ་གནང་ཐོག་ལས་ སེམས་ཤུགས་བསྐྱེད་བཅུག་ནི།
༥༽ ལས་བྱེདཔ་ཚུ་ལུ་ཤེས་ཡོན་དང་ སྦྱོང་བརྡར་ དེ་ལས་བསྐྱར་སྦྱོང་ཚུ་བྱིན་ཐོག་ལས་ མི་སྟོབས་ཀྱི་ལྕོགས་གྲུབ་དང་འཇོན་ཐངས་ཚུ་ གོང་འཕེལ་གཏང་ནི།
༦༽ ཚོང་མགྲོན་པའི་དགོས་མཁོ་ བསྒྱུར་འགྲོས་དང་འཁྲིལ་བའི་ ཐོན་སྐྱེད་དང་ཞབས་ཏོག་ཚུ་སོ་སོ་སྦེ་བྱིན་ནི།
༧༽ གཡོ་སྒྱུ་གི་ཐོག་ལས་ གྱོངས་རྒུད་དང་ཆད་ལྷག་སོང་མི་ཚུ་ ཚད་འཛིན་འབད་ནིའི་དོན་ལུ་ བྱ་བའི་གནད་རིམ་ཚུ་ ཁ་གསལ་དང་གཏན་གཏན་བཟོ་ཐོག་ལས་ ནང་འཁོད་ཀྱི་འཛིན་སྐྱོང་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་བསྟར་སྤྱོད་འབད་ནི།
དམིགས་དོན།
ང་བཅས་རའི་ལས་སྡེ་འདི་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ཚུ་ ཕན་ཚུན་འབྲེལ་བ་འཐབ་སྦེ་ བཞག་ཐབས་ལུ་གསར་གཏད་ཅན་དང་ བློ་གཏད་ཚུགས་པའི་ཁུངས་ལྡན་གྱི་ བརྡ་དོན་བརྒྱུད་འབྲེལ་(ཨའི་སི་ཊི་) གྱི་ཞབས་ཏོག་ཕུལ་མི་ཅིག་ཨིན།
ལས་སྡེ་འདི་གི་ཡིག་ཚང་ལྟེ་བ་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ ཐིམ་ཕུག་ཆུ་བར་ཆུ་ འགྲོ་ཕན་ལམ་༢/༢༨ ལུ་ཆགས་ཡོདཔ་ད་ དེ་གི་ཡན་ལག་ཡིག་ཚང་ཚུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཉི་ཤུ་ ཁྲོམ་སྡེ་བཞི་ཚུན་ཁྱབ་ཡོདཔ་ཨིན་པས། དེ་མ་ཚད་ ཚོང་འབྲེལ་ངོ་ཚབ་ཚུ་ཡང་ རྒྱལ་ཁབ་ཀྱི་ས་གནས་ག་ར་ལུ་ཁྱབ་ཡོདཔ་ལས་ ཞབས་ཏོག་སྤྱོད་ནི་ལུ་ དཀའ་ངལ་ག་ནི་ཡང་མེདཔ་ཨིན་པས། ལས་སྡེའི་མཐུན་རྐྱེན་ཚུ་ རྒྱལ་ཁབ་ཕྱི་ནང་མི་མང་ག་ར་གིས་ ལོངས་སྤྱོད་ནིའི་གོ་སྐབས་འཐོབ་ཚུགས་དོ་ཡོདཔ་ཨིན། Customer Charter (གནམ་ལོ་མེད་ 2022 ཤོག་གྲངས་༢༡) ནང་ལུ་བཀོད་མི་དང་འཁྲིལ་བ་ཅིན་ ལས་སྡེའི་ཞབས་ཏོག་སྤྱོད་མི་ ཚོང་མགྲོན་པ་ཚུ་གི་ཐོབ་དབང་དང་འཁྲིལ་ ཞབས་ཏོག་དང་འབྲེལ་བའི་སྟབས་མ་བདེཝ་འཐོན་པའི་སྐབས་ ཉོག་བཤད་བཀོད་ཆོག་ནི་ཨིན་པའི་ཁར་ ཚར་གཅིག་ཉོག་བཤད་ཀྱི་ཡི་གུ་བཙུགས་ཚར་ཞིནམ་ལས་ དཀའ་ངལ་སེལ་ཐབས་ཀྱི་གནས་རིམ་ཚུ་གི་སྐོར་འདྲི་ཆོག་ནི་ཨིན་པས། ཉོག་བཤད་བཀོད་མི་ལུ་ ལས་སྡེའི་ཧོངས་ལས་ བརྡ་དོན་གང་རུང་གི་ཐོག་ལས་ ངོས་ལེན་དང་དགའ་ཚོར་གྱི་ཡི་གུ་ལེན་ཆོག་པའི་ཁར་ ལས་སྡེ་གིས་ཉོག་བཤད་འདི་ གསང་བའི་ཐོག་ལུ་བཞག་དོ་ཡོདཔ་ཨིན་པས།
ལས་སྡེའི་ཞབས་ཏོག་ཚུ་ མཐར་འཁྱོལ་ཅན་སྦེ་སྤྲོད་ནིའི་དོན་ལུ་ ལས་བྱེདཔ་ཚུ་ཡང་ མ་ལང་ལངམ་སྦེ་བཙུགས་ཡོད་པའི་ཁར་ བཀོད་ཚོགས་ཀྱི་འཐུས་མི་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས། Bhutan Telecom (གནམ་ལོ་མེད་ 2023) དང་འཁྲིལ་བ་ཅིན་ ལས་སྡེ་འཛིན་སྐྱོང་གི་དོན་ལུ་ བཀོད་ཚོགས་ཅིག་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ལས་སྡེ་འཛིན་སྐྱོང་ནང་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན། འཕྲུལ་རིག་ལས་ཁུངས་ཀྱི་མདོ་ཆེན། ཚོང་འབྲེལ་ལས་ཁུངས་ཀྱི་མདོ་ཆེན། འཕྲུལ་སྤྱོད་སྡེ་ཚན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ། དངུལ་རྩིས་སྡེ་ཚན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ། ཚོང་མགྲོན་ཞབས་ཏོག་སྡེ་ཚན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ། ལས་འཛིན་ཞབས་ཏོག་སྡེ་ཚན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ་དང་ བརྡ་དོན་འཕྲུལ་རིགས་སྡེ་ཚན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ་ཚུ་ཨིན་པས།
ལས་སྡེ་འདི་གིས་ ཞབས་ཏོག་སྤྱོད་མི་ རྒྱལ་ཁབ་ཕྱི་ནང་གི་མི་སེར་ག་ར་ལུ་ ཞབས་ཏོག་ཁག་མ་འདྲཝ་ལེ་ཤ་བྱིན་དོ་ཡོདཔ་ཨིན། Bhutan Telecom (གནམ་ལོ་མེད་ 2023) ནང་ལུ་བཀོད་མི་ནང་ ལས་སྡེ་འདི་གིས་ བརྒྱུད་འཕྲིན་གྱི་ཞབས་ཏོག་ རྐྱངམ་གཅིག་གིས་མ་ཚད་པར་ བི་མོ་བཱ་ཡེལ་ཞབས་ཏོག་གི་འོག་ལུ་ མི་སྡེའི་སྡེ་ཚན་འགྲུལ་འཕྲིན་དང་ འབྲུག་ནེཊ་གི་འོག་ལུ་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ཞབས་ཏོག་ཚུ་ཡང་བྱིན་དོ་ཡོདཔ་ཨིན་པས། འབྲུག་བརྒྱུད་འཕྲིན་ཚད་འདི་ རྒྱལ་ཁབ་ནང་ལུ་ འགྲུལ་འཕྲིན་དང་ཡོངས་འབྲེལ་(ཨིན་ཊར་ནེཊ) གཉིས་ཆ་རའི་ཞབས་ཏོག་བྱིན་མི་ ལས་སྡེ་ཅིག་ཨིན་པའི་ཁར་ བརྒྱུད་འཕྲིན་གྱི་ཞབས་ཏོག་ཡང་བྱིན་དོ་ཡོདཔ་ཨིན་པས། དེ་མ་ཚད་ ད་ལྟོ་ཚུན་ཚོད་ རྒྱལ་ཁབ་མཐའ་དབུས་མེད་པར་ གློག་རྡུལ་ཕྲ་རླབས་(ཌི་ཇི་ཊལ་མའེ་ཀོ་རོ་ཝེབ་) ཡོངས་རྫོགས་བཙུགས་པའི་ཁར་ སྣང་རིག་གི་རྒྱུད་སྐུད་ཀྱི་ རྒྱབ་རྟེན་ཡོངས་འབྲེལ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་ འཛམ་གླིང་གཅིག་འགྱུར་གྱི་དུས་ལུ་ དུས་མཐུན་གྱི་ཞབས་ཏོག་མཐུན་རྐྱེན་ཚུ་ ཚོང་མགྲོན་པ་ག་ར་ལུ་ ཞབས་ཏོག་སྤྱོད་ནིའི་གོ་སྐབས་སྤྲོད་དེ་ཡོདཔ་ཨིན། དེ་གིས་འབད་ ཚོང་མགྲོན་པ་ཚུ་གིས་ འགྲུལ་འཕྲིན་དང་ཡོངས་འབྲེལ་ལ་སོགས་པའི་མཐུན་རྐྱེན་ཚུ་ལས་བརྟེན་ དུས་ཧེ་མ་ལས་ལྷག་པའི་དགའ་སྐྱིད་དང་ཐབས་ལམ་ཚུ་ལུ་ ལོངས་སྤྱོད་དེ་ཡོདཔ་ཨིན། དེ་ལུ་བརྟེན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནི་ལུ་ཡང་ ཁེ་ཕན་སྦོམ་བྱུང་ཡོདཔ་མ་ཚད་ མཐུན་རྐྱེན་དེ་ལུ་བརྟེན་ མཛེས་ཆ་ལྡན་པའི་རྒྱལ་ཁབ་ཀྱི་མཐོང་སྣང་ཚུ་ཡང་ ཕྱིའི་མི་ཚུ་ལུ་སྟོན་བཏུབ་པའི་མཐུན་རྐྱེན་ ཁྱད་དུ་འཕགས་པ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
དྲུང་བགྲེས་དམ་ཆོས་ལྷུན་གྲུབ། (ཀེ་ཨེམ་ཀྲི་པར་མ་གནམ་ལོ་མེད་༢༠༠༨) ལོ་ངོ་བརྒྱ་ཕྲག་གི་གོང་འཕེལ། འབྲུག། ཕུན་ཚོགས་གླིང་། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
Bhutan Telecom Limited.(གནམ་ལོ་མེད་2022) Customer Charter. https://www.bt.bt/wpcontent/uploads་/2021/05/BTL_Customer_Charter_16_06_2022.pdfནང་ལས་འཐོབ་ཡོདཔ་ཨིན།
Bhutan Telecom Limited.(གནམ་ལོ་མེད་ 2023) About Us.https://www.bt.bt/about/about-us/ནང་ལས་འཐོབ་ཡོདཔ་ཨིན།