འབྲུག་རྒྱལ་ཡོངས་དཔེ་མཛོད།

Wikipedia ལས།

འབྲུག་རྒྱལ་ཡོངས་དཔེ་མཛོད།[ཞུན་དག།]

༉ ཕིམ་ཕུག་ལུ་ཡོད་པའི་འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ སྤྱི་ལོ་ ༡༩༦༧ ལུ་ འབྲུག་རྒྱལ་ཁབ་ཀྱི་ལམ་སྲོལ་དང་ནང་ཆོས་དང་འབྲེལ་བའི་སྲོལ་རྒྱུན་ཚུ་ ཉམས་སྲུང་དང་གོང་འཕེལ་གཏང་ནི་གི་དོན་ལུ་ གཞི་བཙུགས་འབད་ནུག། དཔེ་མཛོད་འདི་ ཐིམ་ཕུ་ཀ་ཝང་བྱང་ས་ལུ་ རྒྱལ་ཡོངས་བཟོ་རིགས་བཅུ་གསུམ་སྤེལ་ཁང་གི་ཉེ་འདབས་ལུ་ ཆགས་ཏེ་ཡོདཔ་ཨིན།.

བྱུང་རབས།[ཞུན་དག།]

འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ འགོ་དང་པ་ར་སྤྱི་ལོ་ ༡༩༦༧ ལུ་ གལ་ཆེ་བའི་དཔེ་ཆ་དག་པ་ཅིག་བསྡུ་སྒྲིག་འབད་དེ་ མི་དབང་རྒྱལ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་ (1911-༢༠༠༣) མཆོག་གི་སྐྱབས་འཛིན་འོག་ལུ་གཞི་བཙུགས་མཛད་ནུག། འགོ་དང་པ་ ཐིམ་ཕུག་བཀྲིས་ཆོསརྫོང་གི་དབུ་རྩེ་ནང་ལུ་ཨིན་རུང་ ཤུལ་ལས་དཔེ་མཛོད་དང་འབྲེལ་བའི་བསྡུ་གསོག་ཚུ་ལེ་ཤ་སྦེ་འོང་མི་དང་འབྲེལ་ ཐིམ་ཕུག་ལྕང་སྒང་ཁ་ལུ་སྤོ་གནང་ནུག། དེ་ལས་ གལ་ཅན་གྱི་ཕྱག་དཔེ་ལ་སོགས་པ་ཚུ་ལུ་ གཏན་བཞུགས་ཀྱི་ཕོ་བྲང་ཅིག་ཕུལ་ནི་གི་དོན་ལུ་ ཀ་ཝང་བྱང་ས་ལུ་ད་རེས་ཡོད་པའི་རང་ལུགསཀྱི་ཁྱིམ་ཐོག་ཚད་བཞི་མ་འདི་ བཞེངས་གནང་ནུག། དཔེ་མཛོད་གསར་བཞེངས་ཀྱི་མ་དངུལ་འདི་ཡང་ ཡོངས་རྫོགས་སྦེ་ར་འབྲུག་གཞུང་གིས་རྒྱབ་སྐྱོར་མཛད་གནང་ནུག།
རང་ལུགས་ཀྱི་དཔེ་ཆ་ཚུ་བསྡུ་གསོག་འབད་དེ་བཞག་ཡོད་པའི་ཁང་ཁྱིམ་འདི་ སྤྱི་ལོ་ ༡༩༨༤ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༢༣ ལུ་ སྐྱབས་རྗེ་དིལ་གོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ ལྷ་ཁང་སྦེ་རབ་གནས་མཛད་གནང་ནུག། འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ སྤྱི་ལོ་ ༡༩༨༤ གི་ལོ་མཇུག་བསྡུ་ཁམས་ལུ་ ཡོངས་རྫོགས་སྦེ་ ས་གོ་འདི་ནང་ལུ་སྤོ་བཤུད་འབད་གནང་ནུག།

མདོ་ཆེན།[ཞུན་དག།]

  • དགེ་བཤེས་ ཚེ་དབང། (༡༩༦༧ ལས་ ༡༩༧༣)
  • སློབ་དཔོན་ པདྨ་ལ། (༡༩༧༣ ལས་ ༡༩༩༣)
  • སངས་རྒྱས་དབང་ཕྱུག། (༡༩༩༣ ལས་ ༡༩༩༩)
  • མི་ཉག་ ཨར་ སྤྲུལ་སྐུ། (༡༩༩༩ ལས་ ༢༠༠༤)
  • རྡོ་རྗེ་ཚེ་རིང་། (༢༠༠༥ ལས་ ༢༠༠༧)
  • མགོན་པོ་ཚེ་རིང་། (༢༠༠༧ ལས་ ༢༠༡༠)
  • ཧར་ཀ་ བི་ གུ་རུང་། (༢༠༡༠-)

རྒྱལ་ཡོངས་གཏན་མཛོད།[ཞུན་དག།]

རྒྱལ་ཡོངས་གཏན་མཛོད་ཀྱི་འགན་ཁུར་འདི་ འབྲུག་རྒྱལ་ཁབ་དང་འབྲེལ་བའི་ཡིག་ཆ་ཁ་ཆེ་ཏོག་ཏོ་ཚུ་ བསྡུ་སྒྲིག་འབད་དེ་ མ་འོངས་པའི་མི་རྒྱུད་ཚུ་གི་དོན་ལུ་ ཉམས་སྲུང་འབད་དེ་བཞག་ནི་འདི་ཨིན་པས། སྤྱི་ལོ་ ༢༠༠༠ ལུ་ ཌེན་མཀ་གཞུང་གིས་ རྒྱལ་ཡོངས་གཏན་མཛོད་ལུ་ དེང་སང་གི་གཏན་མཛོད་སྒྲིང་ཁྱིམ་རྐྱབ་ནི་ལུ་ རྒྱབ་སྐྱོར་འབད་ནི་སྦེ་མཚན་རྟགས་བཀོད་གནང་ནུག། སྤྱི་ལོ་ ༢༠༠༤ ལུ་བསྒྲུབས་མི་ འ་ནཱི་ཐོག་ཚད་གཉིས་འབད་མི་སྒྲིང་ཁྱིམ་འདི་ དེང་སང་གི་ཉེན་སྲུང་དང་མེ་རྐྱེན་ཉེན་བརྡ་གི་མཐུན་རྐྱེན་ཚུ་བཙུགས་ཏེ་ཡོདཔ་མ་ཚད་ དྲོད་ཤུགས་དང་རློན་གཤེར་ཚད་འཛིན་འབད་ནི་གི་མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིན་པས།
གཏན་མཛོད་ཀྱི་མཛོད་ཁང་ནང་ལུ་ ཡིག་ཆ་རྙིངམ་ལ་སོགས་པའི་ཁག་ཆེ་བའི་ཡིག་ཆ་ལེ་ཤ་ཡོདཔ་དང་ ཡིག་རིགས་རྙིངམ་དང་ ཁག་ཆེ་བའི་པར་བདུན་སྟོང་ལྷགཔ་ཅིག་ཡོདཔ་ཨིན་པས། གཏན་མཛོད་ནང་ལུ་ དཀོན་དྲགས་ཡོད་པའི་དཔེ་དེབ་དང་ པར་གཞི་ཡི་གུ་ཚུ་ཡོདཔ་མ་ཚད་ ཕྲ་གཟུགས་བརྙན་ཤོག་ཡང་ལེ་ཤ་ཡོདཔ་ཨིན།

ཕྲ་གཟུགས་བརྙན་ཤོག་བཟོ་ནི་གི་ཞབས་ཏོག།[ཞུན་དག།]

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ དཀོན་དྲགས་ཡོད་པའི་ཡིག་ཆ་དང་དཔེ་ཆ་ཚུ་ཡོད་མི་ གཙུག་སྡེ་དང་མི་ངོ་རྐྱང་ཚུ་ལུ་ ཕྲ་གཟུགས་བརྙན་པར་བཟོ་ནི་གི་ཞབས་ཏོག་རིན་མེད་སྟོང་པ་སྦེ་ ཕུལཝ་ཨིན་པས། ཡིག་ཚང་འདི་གིས་ འདི་བཟུམ་གྱི་གལ་ཅན་གྱི་ཡིག་ཆ་ཡོད་མི་ཚུ་ ཡུན་བརྟན་སྦེ་ཉམས་སྲུང་འབད་ནི་གི་དོན་ལུ་ རྒྱལ་ཡོངས་དཔེ་མཛོད་ནང་འབག་འོངས་ཏེ་ ཕྲ་གཟུགས་བརྙན་ཤོག་བཟོ་དགོ་པའི་སེམས་ཤུགས་སྤྲོདཔ་ཨིན། ཡིག་ཆ་འདི་ ཕྲ་གཟུགས་བརྙན་ཤོག་བཟོ་ཞིནམ་ལས་ ཡིག་ཆ་ངོ་མ་འདི་ལོག་ཇོ་བདག་ལུ་ཕྲ་གཟུགས་བརྙན་ཤོག་དང་སྦྲགས་ཏེ་སྤྲོད་དོ་ཡོདཔ་དང་ ཕྲ་གཟུགས་བརྙན་ཤོག་གཅིག་འདི་ རྒྱལ་ཡོངས་གཏན་མཛོད་ནང་བདག་འཛིན་འབད་དེ་བཞགཔ་ཨིན་པས།

ཉམས་སྲུང་དང་རྒྱུན་སྐྱོང་།[ཞུན་དག།]

གཏན་མཛོད་ཀྱིས་གཙོ་བོ་ར་ ཤོག་ཀུ་དང་འབྲེལ་བའི་ཡིག་ཆ་ཚུ་དང་འབྲེལ་བ་འཐབ་ཨིན་པས། ཤོག་ཀུ་འདི་ རང་བཞིན་གྱི་རྒྱུ་ཆ་གིས་བཟོ་ཡོདཔ་ལས་ དུས་དང་བསྟུན་ མེདཔ་ཐལ་དོ་ཡོདཔ་ཨིན། དེང་སང་གི་ཤོག་ཀུ་ནང་ པར་སྐྲུན་འབད་མི་ཡིག་ཆ་ཚུ་ཡང་ རྫས་སྦྱོར་ཚུ་ཡོདཔ་ལས་ མགྱོགས་པར་མེདཔ་འགྱོཝ་ཨིན་པས། དེ་འབདཝ་ལས་བརྟེན་ པར་དང་ཡིག་ཆ་ཚུ་ ཉམས་སྲུང་གི་དོན་ལུ་བཞགཔ་ད་ འ་ནཱི་རྫས་སྦྱོར་མེདཔ་སྦེ་བཟོ་དགོཔ་འདི་ཁག་ཆེ།

ཁྲིམས་མཐུན་གྱི་བཅའ་ཁྲིམས།[ཞུན་དག།]

སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༢༠ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ཡིག་ཆའི་སྲོལ་རྒྱུན་ཚུ་ ཁྲིམས་མཐུན་གྱི་ཐོག་ལས་བསྡུ་སྒྲིག་འབད་དེ་ ཡིག་ཐོག་དང་གློག་ཐོག་ལ་སོགས་པའི་ནི་ ཉམས་སྲུང་དང་འཛིན་སྐྱོང་འབད་དགོ་པའི་བཅའ་ཁྲིམས་ཆ་འཇོག་འབད་གནང་ནུག། བཅའ་ཁྲིམས་འདི་ནང་ལུ་ དོན་ཚན་བརྒྱད་ཡོདཔ་ཨིན་པས།

ཁུངས་གཏུག།[ཞུན་དག།]

  1. Wikipedia contributors. (2021). National Library of Bhutan. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=National_Library_of_Bhutan&oldid=1043056366