Jump to content

འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ།

Wikipedia ལས།

༉ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེའི་ ཡོངས་འབྲེལ་འཆར་སྒོའི་ནང་བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ རང་བཞིན་གནས་སྟངས་དང་འབྲེལ་བ་ཡོད་པའི་ མི་དབང་ཨ་ཞེ་འཆི་མེད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ ཐུགས་བྱམས་བརྩེའི་སྒོ་ལས་ སྐྱབས་འཛིན་མཛད་གནང་ཡོད་པའི་ གཞུང་མིན་ལས་ཚོགས་ཅིག་ཨིན། ལས་སྡེ་དེ་གི་ལཱ་ཚུ་ཡང་ ཚན་རིག་ ཚོང་རིག་དང་སྲིད་བྱུས་ཚུ་གི་ བར་ན་འབྲེལ་བ་ཡོདཔ་བཟོ་སྟེ་ སའི་ཆགས་ལུགས་དང་དེའི་ལག་ལེན་ དེ་ལས་མི་སྡེ་ནང་ཡུན་བརྟན་བཟོ་ནི་དང་ མི་་ཉམས་གོང་འཕེལ་གཏང་ནིའི་ དམིགས་པ་སྐྱེད་དོ་ཡོདཔ་མ་ཚད་ ཁེབ་ས་ལུ་དམིགས་པ་མ་བསྐྱེད་པར་ མི་སྡེ་ནང་འགྱུར་བ་དང་གོང་འཕེལ་གྱི་གཞི་འགྱམ་བཙུགས་མི་རྒྱལ་ཡོངས་ཀྱི་ ལས་ཚོགས་ཅིག་ཨིན། ཡིག་ཚང་དེ་ཡང་ སྤྱི་ལོ་ ༢༠༡༧ ལུ་ མི་སེར་ལུ་གྲོགས་རམ་འབད་ནི་དང་ མི་སྡེ་ཡར་རྒྱས་གོང་འཕེལ་ དེ་ལས་རང་བཞིན་གནས་སྟངས་ཉམས་སྲུང་འབད་ནིའི་དམིགས་པ་བསྐྱེད་དེ་ འགོ་བཙུགས་ནུག།
འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེའི་ དམིགས་ཡུལ་དང་དམིགས་གཏད་ཟེར་རུང་ མི་སྡེ་ལུ་ཕན་ཐོགས་ཆེ་བའི་ལཱ་འབད་ནི་དང་ ལྷག་པར་དུ་འབྲུག་རྒྱལ་ཁབ་ནང་ཡོད་པའི་ མཐའ་ཟུར་གྱི་གཡུས་ཚན་ནང་ལས་ཕར་ རང་བཞིན་གནས་སྟངས་ལུ་གནོད་པ་མེད་པའི་སྒོ་ལས་ ཡར་རྒྱས་གོང་འཕེལ་ཚད་མེདཔ་འབག་འོང་ནི་དང་ འབྲུག་མི་ཡོངས་ཀྱི་གདོང་གུར་དགའ་འཛུམ་ཡོདཔ་བཟོ་ནི་དེ་ཨིན། བསིལ་དྲོད་འགྱུར་བའི་གནས་སྟངས་དེ་གིས་ འགྲོ་བ་མིའི་མཐུན་མོང་ལུ་ ཕུན་སུམ་ཚོགས་པའི་བདེ་བ་དང་སྐྱིད་པ་བྱུང་ནི་ལུ་ ཉེན་ཁ་སྦོམ་པའི་གདོང་ལེན་ ཕུད་རྡོག་གཅིག་ཨིན་ནི་དེ་གིས་ དེ་ལུ་གདོང་ལེན་འབད་ཐངས་དང་ དེའི་གནོད་པ་སེལ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་སྤྲོད་ནི་ལུ་དམིགས་པ་བསྐྱེད་དེ་ཡོད།
ལས་ཚོགས་དེ་གི་གཞན་དང་གཞན་ཡང་ མི་སྡེ་ནང་འགྱོ་སྟེ་མི་སེར་ཚུ་ལུ་ འཛམ་གླིང་ཡུན་བརྟན་བཟོ་ཐབས་དང་ མི་ཉམས་གོང་འཕེལ་བཏང་སྟེ་ དགའ་སྐྱིད་གཉིས་དང་ལྡནམ་བཟོ་ནིའི་ འོས་འབབ་ཡོད་ལུགས་ཚུ་གི་སྐོར་ལས་ བཤད་བྱིན་དོ་ཡོདཔ་མ་ཚད་ སྐྱེ་ལྡན་གནས་སྟངས་ མི་སྡེ་ སྲིད་དོན་དང་དཔལ་འབྱོར་གྱི་མཐོང་ཚུལ་ཚུ་གི་བར་ན་འབྲེལ་བ་བཟོ་སྟེ་ འགྲོ་བ་མིའི་ཚེ་སྲོག་དང་ འཚོ་བའི་མཐུན་རྐྱེན་ ནུས་ཤུགས་ངེས་གཏན་ཡར་འཕར་བཏང་ནི་དང་ དགོས་མཁོ་ཆེ་བའི་རྒྱུ་སྐར་འདི་ མགྱོགས་དྲགས་སྦེ་འགྱུར་བའི་ གནས་སྟངས་གདོང་ལེན་འབད་དགོཔ་ལས་བརྟེན་ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་གིས་ མི་ཚུ་སྐུལ་ཁྱབ་བརྡ་སྤྲོད་ཚུ་ཡང་ ག་དེ་དྲག་དྲག་སྦེ་རྩ་འགེངས་ཏེ་འབདཝ་ཨིན།
ག་ཅི་དེ་བཟང་པོའི་ལཱ་འབད་ནིའི་སྤྲོ་བ་དང་ལྡན་མི་ རིག་པ་དང་ཡོན་ཏན་གྱི་དོ་མཉམ་མེད་པའི་གང་ཟག་ ཁྱད་དབང་ངག་དབང་ནོར་བུ་གིས་ འཛིན་སྐྱོང་མདོ་ཆེན་གྱི་འགན་ཁུར་འབག་སྟེ་ ཡིག་ཚང་ཆུང་ཀུ་གཅིགཔོ་དེ་ནང་ལས་ གྲུབ་འབྲས་ཚུཡང་ དུས་རིམ་བཞིན་དུ་ཡར་རྒྱས་དང་ གོང་འཕེལ་དར་ཞིང་རྒྱས་ཏེ་ འཐོན་དོ་ཡོདཔ་ཨིན། ཚོང་ལཱ་གི་དབང་ཚད་སྐུལ་ཤུགས་འབད་དེ་ འབྲུག་སྐྱེ་ལྡན་གནས་སྟངས་གིས་ ག་ཅི་ར་འབད་དོ་ཡོདཔ་ཨིན་ན་ཟེར་བ་ཅིན་ སའི་མཛེས་བཀོད་བཟོ་རིམ་དང་ ཕྱིའི་མཐའ་སྐོར་ཚུ་ གསར་སྒྲུབ་དང་རང་བཞིན་ཡུན་བརྟན་ལག་ལེན་གྱི་དམིགས་གཏད་བསྐྱེད་བཅུག་སྟེ་ འགྲོ་བ་མིའི་དགོས་འདོད་སྤྲོད་དེ་ གསོ་སྐྱོང་ཕུན་སུམ་ཚོགས་མི་འདི་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ དྲང་བདེན་ངེས་བརྟན་བཟོ་ནི་དེ་གིས་ཨིན།
ཡིག་ཚང་དེ་གི་བྱ་བའི་རིམ་པ་ཚུ་ རང་བཞིན་གནས་སྟངས་ལུ་རྐྱངམ་གཅིག་ དམིགས་པ་མ་བསྐྱེད་པར་ གཞན་དང་གཞན་ཡང་ སའི་ཆགས་ལུགས་ ཚོང་འབྲེལ་གོ་སྐབས་ སོ་ནམ་དང་ནགས་ཚལ་འབྲེལ་བའི་ལས་འགུལ་དེ་གིས་ མཐའ་ཟུར་གཡུས་སྒོའི་ནང་ལས་ཕར་ སྐྱེ་ལྡན་གནས་སྟངས་དྲང་བདེན་ཐོགས་ སྲུང་སྐྱོབ་ངེས་བརྟན་བཟོ་ནི་ལུ་དམིགས་ཏེ་ ལཱ་འབདཝ་ཨིན་མས། གཡུས་གོའི་སྐྱེ་ལྡན་གནས་སྟངས་སྐོར་ལས་ མི་ཚུ་ལུ་གོ་བ་བརྡ་སྤྲོད་འབད་དེ་ འཚོ་བའི་མཐུན་རྐྱེན་ཡུན་བརྟན་བཟོ་ནི་དང་ ལས་འགུལ་དེ་གིས་ གྲོང་གསེབ་ནང་ལས་ཕར་སྡོད་མི་ཚུ་ལུ་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནི་ལུ་ དབང་ཆ་སྤྲོད་དེ་ མི་སེར་དང་རང་བཞིན་གནས་སྟངས་གཉིས་ཆ་ར་ལུ་ ཕན་ཐོགས་ཡོདཔ་བཟོཝ་ཨིན།
དོན་ཚན་དེ་གི་ཐོག་ཁར་ ལས་སྡེ་དེ་གིས་ལས་འགུལ་ཚུ་ཡང་ ཁྲོམ་སྡེའི་ས་གོ་འཛིན་སྐྱོང་འབད་དེ་ སྐྱེ་ལྡན་གནས་སྟངས་ལུ་རིན་ཐང་ཆེ་བའི་ ཕན་ཐོགས་འབྱུང་བཅུག་ནིའི་འཆར་གཞི་དང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ནགས་ཚལ་སྲུང་སྐྱོབ་དང་ ཡུན་བརྟན་འཛིན་སྐྱོང་འབད་ཐབས་ལུ་དམིགས་ཏེ་ གསུང་གྲོས་མཛད་ནི་དང་ གཞན་ཡང་རི་དྭགས་སེམས་ཅན་ སྟག་ལ་སོགས་པ་ཚུ་ཉམས་སྲུང་འབད་ནི་དང་ རང་བཞིན་གནས་སྟངས་དང་ བསིལ་དྲོད་གནས་སྟངས་ཚུ་ལུ་ ཉེན་ཁ་མེད་པའི་སྒོ་ལས་ རང་བཞིན་ཐོན་སྐྱེད་ཚུ་ ཚོང་འབྲེལ་འབད་བཅུག་ནིའི་བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིན། གཞན་ལས་འགུལ་གྱི་དམིགས་པ་དེ་ཡང་ སྒྲིང་ཁྱིམ་ མེ་རླུང་ བཟོ་བཀོད་རིག་པ་དང་ཅ་དངོས་ཟེར་བའི་ དོན་ཚན་དེ་གིས་ འབྲུག་ལུ་མི་ལོ་ ༢༠ དེ་ཅིག་གི་རིང་ལུ་ ཁྱིམ་བཟོ་སྐྲུནའབད་ནི་དེ་ ག་ཅི་དེ་ཡར་སེང་འགྱོ་དོ་ཡོདཔ་ལས་ མེ་རླུང་གི་ནུས་ཤུགས་ (༤༡.༥༨%) སྤྱི་ལོ་ ༢༠༡༤ ལུ་ ལག་ལེན་འཐབ་མི་ སྦོམ་ཤོས་ཅིག་གི་གྲངས་སུ་ སྒྲིང་ཁྱིམ་དེ་ཡང་ཚུད་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན།
དེ་འབདཝ་ལས་བརྟེན་ ལས་སྡེ་དེ་གིས་འབྲེལ་ཡོད་ལས་སྡེ་ཚུ་དང་ གཞུང་གི་ཡིག་ཚང་ དངུལ་འབྲེལ་གྱི་ལཱ་འབད་མི་དང་ སྒེར་གྱི་ཁྱིམ་རྐྱབ་མི་ཇོ་བདག་ཚུ་ལུ་ གྲོས་བསྟུན་འབད་དེ་ ཁྱིམ་རྐྱབ་པའི་སྐབས་མེ་རླུང་གི་ནུས་ཤུགས་ཉུང་སུ་ ལག་ལེན་འཐབ་མི་སྒྲིང་ཁྱིམ་ཚུ་རྐྱབ་སྟེ་ ནག་རྫས་ཀྱི་རླུང་ཚུ་མར་ཐབས་གཏང་ནིའི་ ལཱ་ཚུ་འབད་དོ་ཡོདཔ་ཨིན། ལས་སྡེ་དེ་གིས་ གསར་གཏོད་ཀྱི་རིག་པ་ཚུ་བཟོ་བཀོད་འབད་ནི་དང་ སླར་འབྱུང་བཏུབ་པའི་ཐབས་ཤེས་ཚུ་ འབྲེལ་མཐུན་བཟོཝ་ཨིན། ལས་འགུལ་དེ་བཟུམ་ལས་བརྟེན་ མི་སྡེ་ནང་མེ་རླུང་ཉམས་སྲུང་འབད་དེ་ བསིལ་དྲོད་གནས་སྟངས་དང་བསྟུན་བསྒྱུར་བཅོས་འོང་བཅུག་ནི་ལུ་ ཕན་པ་ཡོདཔ་ཨིན།
དེ་ལས་གཞན་ཡང་བསིལ་དྲོད་གནས་སྟངས་ བསྐྱར་གསོ་འབད་བཏུབ་པའི་མེ་རླུང་དང་ ཆུའི་དོན་ཚན་གུར་གཞི་བཞག་མི་དེ་ཡང་ འབྲུག་རྒྱལ་ཁབ་དེ་ ཆུ་རྒྱ་ཆེཝ་སྦེ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་རུང་ གྲོང་གསེབ་དང་ཁྲོམ་སྡེ་མང་ཆེ་ཤོས་ཅིག་ནང་ འཐུང་ཆུ་དང་ཞིང་ཆུ་མ་ལངས་པའི་དཀའ་ངལ་ འཐོན་དོ་ཡོདཔ་ལས་བརྟེན་ཨིན། ལས་སྡེ་དེ་གིས་ ད་ལྟོ་ཡོད་པའི་ཆུ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་འབད་དེ་ ཞིབ་འཚོལ་འབད་ནི་ སྲིད་བྱུས་བཀོད་སྒྲིགས་འབད་ནི་དང་ མོ་བཏབ་ཀྱི་འཕྲུལ་ཆས་བཙུགས་ནི་ཚུ་ཨིན། དེ་མ་ཚད་བསྐྱར་གསོ་འབད་བཏུབ་པའི་ ཉིམ་ རླུང་མ་ལ་སོགས་པ་ལག་ལེན་འཐབ་ནི་ལུ་གནས་སྐབས་གསར་བཙུགས་འབད་ནི་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་མས།
ལས་སྡེ་དེ་གིས་གཞན་ཡང་ ཚན་རིག་ ཤེས་རིག་ སྐུལ་ཁྱབ་བརྡ་སྤྲོད་དང་ཞིབ་འཚོལ་ ལ་སོགས་པ་འབད་ནི་ལུ་ཡང་བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིན། དེ་འབདཝ་ལས་འབྲུག་ལུ་ཡོད་པའི་ མཐོ་རིམ་སློབ་གྲྭ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གནས་ཚད་ནང་གི་སྤེལ་ཁང་གེ་ར་དང་ མཉམ་འབྲེལ་འབད་དེ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཞིབ་འཚོལ་ཚུ་འབད་ནི། དེ་མ་ཚད་ལོ་བསྟར་ཞིབ་འཚོལ་མཁས་འཛོམས་ཚུ་ འགོ་འདྲེན་འཐབ་སྟེ་ འགོ་ཁྲིདཔ་ སྲིད་བྱུས་བཟོ་བཀོད་འབད་མི་དང་ གཞན་མི་ལས་སྡེ་ལུ་ཕན་ཐོགས་པའི་ལཱ་འབད་མི་ ཡིག་ཚང་དང་མི་ངོ་ཚུ་ གཅིག་ཁར་འཛོམས་བཅུག་སྟེ་ མི་སྡེ་དཔལ་འབྱོར་དང་སྐྱེ་ལྡན་གནས་སྟངས་དང་འབྲེལ་བའི་དཀའ་ངལ་ཚུ་ གསལ་སྟོན་འབད་བཅུག་ནིའི་དོན་ལུ་ཨིན། དེ་ལས་བརྟེན་འབྲུག་པའི་མི་ངོ་ཚུ་ལུ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ཚ་གྱང་དང་ཞིབ་འཚོལ་ བྱིན་ནིའི་གོ་སྐབས་འཐོབ་ནི་དང་ རང་བཞིན་དང་ཤེས་རིག་དངོས་མཐོང་གི་ ཞིབ་འཚོལ་འབད་ནིའི་སེམས་ཤུགས་ཚུ་ཡང་ སྤྲོད་ནིའི་དམིགས་པ་བསྐྱེད་དེ་ཨིན།
འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་གིས་ རང་བཞིན་དང་སྐྱེ་ལྡན་གནས་སྟངས་ཉམས་སྲུང་དང་འབྲེལ་བའི་ སྙན་ཞུ་ཚུ་ཡང་ལེ་ཤ་ཅིག་ར་དཔེ་སྐྲུན་འབད་ཡོདཔ་མ་ཚད་ ལོ་བསྟར་གནས་དེབ་ཚུ་ཡང་ དཔེ་སྐྲུན་འབད་དོ་ཡོདཔ་ཨིན། ལས་སྡེ་དེ་གིས་ ལས་འགུལ་ག་ཅི་བཟུམ་འབད་རུང་ དེ་གི་སྐོར་ལས་གནས་ཚུལ་ཁ་གསལ་ཡང་ན་ཐུང་ཀུ་རེ་ ཡིག་ཚང་དེ་གིས་ཡོངས་འབྲེལ་འཆར་སྒོ་ མི་སྡེ་བརྡ་བརྒྱུད་ ཕེས་བྷུག་ ཨཱིནས་ཊ་གཱརམ་ཚུ་ནང་ལས་ཕར་ཡང་ གསལ་བསྒྲགས་འབད་དོ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Retrieved from: https://bes.org.bt/