Jump to content

རྒྱལ་གཞུང་དངུལ་ལས་དབང་འཛིན། Royal Monetary Authority RMA

Wikipedia ལས།

༉ སྤྱིར་གཏང་རྒྱལ་ཁབ་ག་ཏེ་ལུ་ཡང་ དངུལ་ཁང་ལྟེ་བ་ཟེར་ དངུལ་དང་འབྲེལ་བའི་ཞབས་ཏོག་དང་ ཕྱི་དངུལ་བརྗེ་སོར་འབད་ནི་ ལ་སོགས་པའི་ཕྱག་ལཱ་འདི་ཚུ་མཛད་མི་ཡོདཔ་དང་ དེ་དང་འདྲཝ་འབད་འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ སྤྱི་ལོ་ ༡༩༨༢ ལུ་གཞི་བཙུགས་འབད་མི་ འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་འདི་ཨིན། དེ་ནང་ལས་ཡང་ གཞུང་དང་མི་སེར་ཚུ་གྱི་ བློ་གཏད་ཚུགས་པའི་དབང་འཛིན་དང་ དངུལ་ཁང་ལྟེ་བ་ཡར་དྲག་གཏང་ནི་ དེ་ལས་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་ཏོག་ཏོ་སྦེ་གནས་ནའི་དོན་ལུ་དང་ དངུལ་འབྲེལ་གྱི་ལམ་ལུགས་དང་ཞབས་ཏོག་ཚུ་  དེང་སང་གི་འཕྲུལ་རིག་གི་ཞབས་ཏོག་ཐོག་ལས་སྤྲོད་ནི་ལུ་གཙོ་བོ་བཟུང་སྟེ་ཕྱག་ལཱ་མཛད་དོ་ཡོདཔ་ཨིན།

འབྲུག་གི་རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ལོ་ ༡༩༨༢ ལུ་ཁྲིམས་ལུགས་གསར་བཟོ་འབད་བའི་ཤུལ་ལུ་ གཞུང་འབྲེལ་དུ་ ༡༩༨༣ ལུ་རྒྱལ་ཡོངས་ཀྱི་ཏི་རུ་ དངུལ་ཀྲམ་འདི་པར་ཐེངས་དང་པ་མཛད་གནང་ནུག།དེ་གིས་མ་དོ་བར་ ཕྱི་དངུལ་འཛིན་སྐྱོང་དང་ ཕྱི་དངུལ་བརྗེ་སོར་ལ་སོགས་པའི་ཕྱག་ལཱ་ཚུ་ཡང་འགོ་བཙུགས་གནང་ནུག། སྤྱི་ལོ་ ༡༩༨༨ ལས་ དབང་འཛིན་ནང་ གཞུང་གི་གསོག་འཇོག་གི་མ་དངུལ་རྒྱ་ཆེཝ་བཙུགས་སྟེ་ ལོ་དེ་ལས་ གཞུང་གིས་དངུལ་ཁང་སྦེ་བརྩི་འཇོག་འབད་དེ་ གཞུང་གི་དངུལ་འབྲེལ་གྱི་ཞབས་ཏོག་ག་ར་ དབང་འཛིན་འདི་གིས་སྤྲོད་ནི་འགོ་བཙུགས་ནུག། དེ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ གཞན་མི་དངུལ་འབྲེལ་གྱི་གཙུག་སྡེ་ཚུ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ དངུལ་འབྲེལ་གཙུག་སྡེའི་བཅའ་ཁྲིམས་དང་འཁྲིལ་ཏེ་ ལྟ་རྟོག་མཛད་གནངམ་དང་གནང་བཞིན་དུ་ཡོདཔ་ཨིན། གནམ་ལོ་ ༢༠༠༨ ལུ་ དམངས་གཙོའི་རིང་ལུགས་འགོ་བཙུགས་པའི་ཤུལ་ལུ་ དབང་འཛིན་འདི་རང་སྐྱོང་གི་དངུལ་ཁང་ལྟེ་བ་འབད་བསྒྱུར་བཅོས་མཛད་གནང་ནུག། ("Royal monetary authority of Bhutan," 2007)

འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་གནས་ཡོདཔ་ཨིནམ་དང་ གནམ་ལོ་ ༢༠༡༥ ལུ་ དྲགོས་དཔལ་འབྱོར་དེ་ དབང་འཛིན་གྱི་སྤྱི་འཛིན་སྦེ་བཀལ་ཡོདཔ་ཨིན། ད་རུང་ སྤྱི་ལོ་ ༢༠༢༠ ལུ་ལོག་སྟེ་སྤྱི་འཛིན་གྱི་གོ་གནས་ཁར་བཀལ་གནང་སྟེ་ དངུལ་འབྲེལ་གྱི་ཕྱག་ལཱ་ཚུ་མཛད་དང་མཛད་བཞིན་དུ་ཡོད། དེ་བཟུམ་སྦེ་སྤྱི་ཁྱབ་འོགམ་ཕ་ཇོ་རྡོ་རྗེ་དང་དབྱངས་ཅན་མཚོ་རྒྱལ་གཉིས་ཨིན་པས། དེ་མ་ཚད་ གཞན་ཡན་ལག་ཡིག་ཚང་ཡང་ ཕུན་ཚོགས་གླིང་ལུང་ཕྱོགས་ཡིག་ཚང་དང་ མོང་སྒར་ལུང་ཕྱོགས་ཡིག་ཚང་འདི་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་མས།

རྒྱལ་གཞུང་དངུལ་ལས་འབང་འཛིན་གྱི་བཅའ་ཁྲིམས་དང་འཁྲིལཝ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་དབང་ཚད་ཚུ་ག་ར་ སྲིད་བྱུས་དང་མཐུནམ་སྦེ་བདག་སྐྱོང་འབད་མི་ འཛིན་སྐྱོང་བཀོད་ཚོགས་མདོ་ཆེན་ཚུ་གི་ དབང་ལུ་ཡོདཔ་ཨིནམ་དང་ དེའི་སྐབས་ སྤྱིར་བཏང་གི་གནད་དོན་ཚུ་ བསམ་ཞིབ་འབད་ནི་ཚུ་ མདོ་ཆེན་ལྷན་ཚོགས་ཀྱིས་བཀའ་གྲོལ་ནི་དང་ དེ་ལས་ བདག་སྐྱོང་གི་དབང་ཆ་ལ་ལུ་ཅིག་ གཙོ་འཛིན་དང་འགོ་དཔོན་ཚུ་ལུ་ཡོདཔ་ཨིན་མས།

རྒྱལ་གཞུང་དངུལ་ལས་དབང་འཛིན་འདི་གིས་ མི་སེར་ཚུ་ལུ་ དངུལ་སྤྲོད་ནི་དང་ ཕྱི་དངུལ་བརྗེ་སོར་འབད་ནི་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ དངུལ་འབྲེལ་ཆོག་ཐམ་གི་ཞབས་ཏོག་རྣམ་པ་སྣ་ཚོགས་ཕུལ་དོ་ཡོདཔ་ཨིན་མས། དེ་མ་ཚད་ རྒྱལ་ཁབ་ཀྱི་འགྱུར་བ་དང་འཁྲིལ་ཏེ་ མི་སེར་ཚུ་ འབྲེལ་ཡོད་ཡིག་ཚང་ནང་ལུ་འོང་མ་དགོ་པར་ ཡོངས་འབྲེལ་གྱི་ཐོག་ལས་ ཞབས་ཏོག་དང་རྒྱབ་སྐྱོར་འདི་ཚུ་ཡང་ དཀའ་ངལ་ག་ནི་ཡང་མེད་པར་བྱིན་ཏེ་ ད་ལྟོ་བར་ན་ཡང་ ཕན་ཐོགས་བསམ་གྱིས་མི་ཁྱབ་པ་བྱུང་ཡོདཔ་ཨིན་མས།

རྒྱབ་རྟེན།

༡. Royal monetary authority of Bhutan. (2007, February 14). Wikipedia, the free encyclopedia. Retrieved August 14, 2022, from           

  https://en.m.wikipedia.org/wiki/Royal_Monetary_Authority_of_Bhutan

༢.  (n.d.). Royal Monetary Authority. https://www.rma.org.bt/