རྒྱལ་ཐང་

Wikipedia ལས།
Jump to navigation Jump to search

རྒྱལ་ཐང་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་མཚམས་སུ་ཡོད་ལ། ཟི་ཁྲོན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད། 200 ལོར་ཤམ་བྷ་ལ་ཞེས་མིང་བསྒྱུར། རྒྱལ་ཐང་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ལྟེ་གནས་ཡིན་ལ།ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་བུ་སྟེ་ཡིན། དབྱིན་ཇའི་སྐད་དུ་ Shangrila ཟེར་ལ་རྒྱལ་ཐང་ནི་དབྱིན་ཡིག་གིས་Gyalthangཞེས་འབྲི་སྲོལ'ཆགས་ རྒྱ་སྐད་དུ་香格里拉ཟེར

གསལ་བཤད་བྱ་རྒྱུ་ཞིག་ལ་སྤྱི་ལོ་2014 ཟླ་1པོ་རུ་རྒྱལ་ཐང་རྡོ་མཁར་རྫོང་གྲོང་རྙིང་ལ་མེ་སྐྱོན་ཚབ་ཆེན་བྱུང་སྟེ་ལོ་ངོ་སྟོང་ཕྲག་ལྷག་ཕྱིན་པའི་གནས་མཁར་འདི་ཕར་ཆེར་རྨེག་མེད་དུ་བཏང་བས། གཤམ་དུ་བཀོད་པའི་འགྲུལ་ཁང་དང་། ཟ་དང་། ཆང་ཁང་སོགས་གྲོང་རྙིང་དུ་ཡོད་དག་ཀྱང་མེ་ལ་ཤོར་པ་ཐུགས་ལ་མངའ་པར་བྱ།

ལྗོངས་རྒྱུའི་ཡུལ།[ཞུན་དག།]

དགེ་ལྡན་སུམ་རྩེན་གླིང་དགོན་པ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང། རོང་ཆེན་ཁ་བ་དཀར་པོ། ཀོང་རྩེད་རྭ་བ། དོན་འགྲུབ་གླིང་དགོན་པ། གཡང་ཐང་མེ་ཏོག་ཐང་། ནགས་ཕག་མཚོ། ཤྭ་ཁ་རི་བོ། རི་བོ་ཨ་བྷོ་ལྗེང་

ལྗོངས་རྒྱུ་ཞབས་ཞུ་བ།[ཞུན་དག།]

འགྲུལ་ཁང་།[ཞུན་དག།]

བྱང་ཆུབ་ཤིང་གུང་སེངས་མགྲོན་ཁང་། Banyantree resort སུམ་རྩེན་གླིང་ཁ་དབེན་གནས་མགྲོན་ཁང་། samtsen lingka retreat སྒྲོལ་མའི་ཁྱིམ། 卓玛的家 Dolma's home རྒྱལ་ཐང་རྫོང་མགྲོན་ཁང་། Gyalthang Dzong Hotel ནས་འགྲུལ་ཁང་། Barely Inn

ཟ་ཁང་།[ཞུན་དག།]

བྷའ་སུ་ཁར་(རྒྱ་གར་ཟས) ན་ཡཱ་ཕྱི་ཟས་ཁང་། ཧེ་ལིན་ཕེ་སཱ་ཁང་། ཨོ་ལིབ་ཕྱི་ཟས་ཁང་།

ཆང་ཁང་།[ཞུན་དག།]

བྱ་རོག་ཆང་ཁང་། The Raven Bar ན་མ་སི་ངྷི་བྲོ་གར་ཁང་། ཁམས་པའི་མེ་ཐབ་བྲོ་གར་ཁང་། Khampa Fireplace

གནའ་བོའི་གཞུང་ལམ་ཁག[ཞུན་དག།]

རྟ་དྲེལ་སོགས་ཀྱི་ཐོག་ནས་ཕྱོགས་ཕན་ཚུན་དུ་འགྲིམ་འགྲུལ་བྱེད་སའི་ས་ལམ་ཆེ་གྲས་ཀྱི་སྐོར། ཤར་ཕྱོགས་སུ་རྨི་ལི་བརྒྱུད་དར་རྩེ་མདོ་དང་ཁྲིན་དུའུ་སོགས་རྒྱ་ནག་གི་ས་ཁུལ་ཁག་ཏུ་འགྲོ་བའི་ལམ་ཆེན་གཅིག་དང་། ཡང་ཤར་ལྷོའི་ཕྱོགས་ནས་ཐར་ལང་གི་ཡུལ་ལུང་བརྒྱུད་དར་རྩེ་མདོ་སོགས་ལ་འགྲོ་བའི་ལམ་ཆེན་ཁག་གཅིག ལྷོ་ཕྱོགས་ནས་འཇང་གི་ཡུལ་གྲུ་ཁག་བརྒྱུད་ས་ཐང་(ས་དམ?)སོགས་རྒྱ་ནག་གི་མངའ་སྡེ་ཡུན་ནན་གྱི་ས་ཁུལ་ཁག་ལ་འགྲོ་བའི་ལམ་ཆེན་གཅིག ནུབ་ཕྱོགས་སུ་ཀོང་རྩེ་ར་བའི་ཡུལ་དང་ཚ་བ་རོང་པའི་ཡུལ་ཁག་རིམ་བརྒྱུད་ཀྱིས་བོད་དབུས་ལྷ་ལྡན་དུ་འགྲོ་བའི་ལམ་ཆེན་གཅིག ལམ་ཆེན་འདི་ཆབ་མདོའི་ལྷོ་ཕྱོགས་ནས་ཡོད་པས་ཚ་བ་གོས་ཅན་ཐང་རྫོགས་མཚམས་ནས་བྱང་ཕྱོགས་ལ་ཉིན་ཤས་འགྲོ་ན་ཆབ་མདོར་འབྱོར་གྱི་རེད། བྱང་ཕྱོགས་ནས་གཏེར་མ་རོང་པའི་ཡུལ་ཁག་བརྒྱུད་འབའ་པའི་ས་ཁུལ་ཁག་ལ་འགྲོ་བའི་ལམ་ཆེན་གཅིག བྱང་ཤར་ཕྱོགས་ནས་སྔོ་ཤོད་བརྒྱུད་ཆ་ཕྲེང་དང་ལི་ཐང་གི་ས་ཁུལ་ཁག་ལ་འགྲོ་བའི་ལམ་ཆེན་གཅིག་བཅས་ཡོད། ལམ་ཆེན་འདི་རྣམས་རྒྱུན་དུ་འགྲུལ་པ་ཁག་གིས་འགྲོ་བསྐྱོད་བྱེད་མུས་ཀྱི་ལམ་ཆེན་ཁག་ཡིན། ལ་ལམ་ཆུང་གྲས་ནི་གྲངས་མེད་པ་ཡོད།

གནའ་བོའི་རྫོང་ཁག་ལྔ[ཞུན་དག།]

ཡུལ་འདི་རྫོང་ཁག་སོ་སོ། ཆེས་དཀར་ལེགས་བྱས་ཀྱི་འབྲས་བུའི་དཔལ་ཡོན་སྟོང་གིས་ཕྱུག་པའི་ཡུལ་ལྗོངས་འདིར་རྫོང་ཁག་ལྔའི་མངའ་ཁོངས་ཡོད་ལ། རྫོང་ཁག་ལྔ་ནི། རྒྱལ་ཐང་ལྟེ་བའི་ཤོག་ཁག་བཅུ་ལ་རྫོང་ཁག་གཅིག་དང་། གཏེར་མ་རོང་ཤོག་བརྒྱད་དང་ལམ་ལམ་ཚན་དགུ་ལ་རྫོང་ཁག་གཅིག ཡང་ཐང་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག འཇང་ཤོག་ཆེན་བརྒྱད་ལ་རྫོང་ཁག་གཅིག རོང་པ་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག་བཅས་ཡིན་ཞིང་དེ་དག་ནང་གསེས་ཅུང་ཟད་རྒྱས་པར་ཕྱེ་ན། རྒྱལ་ཐང་ཤོག་བཅུའི་རྫོང་ཁོངས་ལ། སྟག་ལུང་ཤོག་དང་། ཡུ་མོ་ཤོག སྐྱ་སེར་ཤོག ཨ་ནུ་ཤོག རྒྱ་ནུ་ཤོག ཁུར་རྩེ་ཤོག (འདི་ལ་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་ཁམས་ཚེས་ཞེས་གསལ)། ར་བ་བེ་ནུའི་ཤོག་བཅས་ལ་རྒྱལ་ཐང་ཤོག་བཅུ་ཞེས་གྲགས། རྒྱལ་ཐང་ཡུལ་ལྟེ་བའི་བྱང་དང་བྱང་ཤར་ཁུལ་དུ། གཏེར་མ་རོང་ངབ་སྦྲ་ཙག་རྫོང་ཁོངས་སུ། གཏེར་མ་རོང་མཁར་སྟོད་ཤོག་དང་། མཁར་སྨད་ཤོག འབྲུག་ཐར་ཤོག རྡོར་ཚ་ཤོག་བཅས་སྟོད་ཤོག་བཞི་དང་། མདོ་བ་ཤོག ཨ་བཟང་ཤོག དྲུག་ཅུ་ཤོག འབྲོག་ཡུལ་ཤོག་བཅས་སྨད་ཤོག་བཞི། གཞན་ཡང་། ལྷས་གསང་ཤོག ཚ་ལུང་ཤོག འབར་ལ་ཤོག བཙན་བཟང་ཤོག ས་གཙང་ཤོག རྒྱལ་ཟེ་ཤོག ལུང་བཟང་ཤོག ནགས་སྐེ(ད)་རགས་ཤོག རྨ་ལོ་ཤོག བླང་ཤོད་ཤོག འགོད་ལ་སྟོད་སྨད། འཕར་བ་ཤོག སྒྲ་ཙག་ཤོག་བཅས་ཡོད། དེ་རྣམས་ལ་གཏེར་མ་ཤོག་བརྒྱད་དང་ལམ་ཚན་དགུ་ཞེས་གྲགས། རྒྱལ་ཐང་ལྟེ་བའི་ལྷོ་ཕྱོགས་སུ་ཡང་ཐང་རྫོང་ཁོངས་ལ། དར་ར་ཤོག གྲོང་ཆུང་ཤོག ཀི་ཀི་རྫོང་། ལྷོ་རྒྱས་ཤོག ལུང་མདོ་ཤོག་བཅས་ལ་ཡང་ཐང་ཤོག་ཆེན་ལྔ་ཞེས་གྲགས། ཡང་ཐང་གི་ཤར་ལྷོ་དང་ལྷོ་ཕྱོགས་སུ་འཇང་རྫོང་ཁོངས་ལ། ལར་བབས་ཤོག ཀེའུ་སྦ་སྦྲིལ་ཤོག འུ་ཡག་གླས་ལུང་། ཨ་ལ་མགོ། ལ་མ་དང་ཧར་སྦར། སྒ་ལོ་གྲོང་(བསམ་སྤོ་འབེལ། འཇང་རྒྱས་ཤོག བསང་བཅའི་ཤོག གླ་རྫི་འགོ་དང་། ཟམ་ཁ་ཤོག་བཅས་ཡོད་པ་དེ་དག་ལ་འཇང་ཤོག་བརྒྱད་ཅེས་གྲགས) རྒྱལ་ཐང་ལྟེ་བའི་ནུབ་ཕྱོགས་སུ་རོང་པ་རྫོང་ཁོངས་ལ་། ཐང་སྟོད་ཤོག ཐར་སྟེང་ཐང་སྨད་ཤོག རི་བཞིན་དང་མཁར་མར་ཡུལ་བཞི། བང་སོ་མཁར་འགོ་བཞི ཁྲམ་རྟགས། ནགས་སྟེང་། འཛམས་འཕྲུལ། ཉིན་ཤེར་ཤོག གླེའུ་ལུང་ཡུལ་གྲོང་བཅུ་གཉིས་ཤོག་གཅིག་བཅས་ཡོད་པ་དེ་དག་ལ་རོང་པ་ཤོག་ཆེན་ལྔ་ཞེས་གྲགས་སོ། རོང་ཡུལ་གྱི་ལྷོ་ཕྱོགས་ལ་རོང་པ་ཤོག་ཆེན་ལྔའི་ཤོག་སྣོན་ལྟ་བུ་རྒྱ་ཞིང་གི་ཡུལ་ཚོ་ཁག་ཡོད། གོང་གསལ་ཡུལ་སྡེ་དེ་རྣམས་ནི་མི་སྡེའི་གྲས་ཤ་སྟག་ཡིན། ཤོག་ཁག་དེ་རྣམས་ལ་དུད་ཚང་ཐེམ་གྲངས་བརྒྱ་སྐོར་རེ་ལས་མ་ཉུང་བ་ཡོད་ཅིང་། འཇང་གི་ཤོག་ཁག་གྲས་ནས་ཐེམ་གྲངས་སྟོང་ཕྲག་བརྒལ་བ་མང་པོ་ཡོད། འདི་དག་ལ་དབང་ལུང་བསྒྱུར་བ་པོའི་དཔོན་རབས་རྣམས་འོག་ཏུ་གསལ། ལ་སྡེའམ་ཆོས་སྡེའི་གྲས། རྒྱལ་ཐང་ལྟེ་བའི་བྱང་ཕྱོགས་སུ་རྒྱལ་སྡེ་ཤོག་བཞི་དང་། དེའི་ཤར་གྱི་འདབས་འབྲེལ་དུ་རྩྭ་སྙིང་ཤོག་ཁག་གཉིས། རྒྱལ་ཐང་དགོན་ཆེན་གྱི་ནུབ་ཕྱོགས་སུ། གནས་གཞི་དང་། གླང་ཐང་། མཆོད་རྫོང་། དར་ར། སྤེ་གླང་། བུམ་སྤེ། ལ་ལུང་། ནགས་ཕག གཟིག་རུ་རྒྱབ། རྒྱལ་ཐང་གི་ལྷོ་ཕྱོགས་སུ་ཡང་ཐང་བོན་དགོན་ཞེས་པའི་ཡུལ་ཁག་གཉིས། མཚོ་འགོ་ལུང་། མཁར་སྣ་བཅས་རྒྱུན་དུ་དགོན་པའི་བདག་ཐོབ་ཀྱི་ལྷ་སྡེའི་གྲས་ཡིན། དེ་རྣམས་ལ་ཆོས་སྡེ་སུམ་བརྒྱ་དང་བླ་སྡེ་བདུན་ཅུ་ཞེས་གྲགས་ཤིང་། ཆོས་སྡེ་སུམ་བརྒྱ་ནི་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་ལས། རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་ལ་དུད་སུམ་བརྒྱའི་རྐང་འགྲོ་ལག་འདོན་དང་། གཤོར་འདེབས་སོགས་སྦྱོར་བཇགས་མཛད་ཚུལ་གསལ་བར་གསུངས་པ་ལྟར་དགོན་སྡེ་སྤྱིའི་ཞབས་འདེགས་ཞུ་མི་དང་། བླ་སྡེ་བདུན་ཅུ་ནི་བླ་བྲང་མཁན་པ་རིམ་བྱོན་གྱི་ཞབས་འདེགས་སྒྲུབ་མི་ཡིན། གཞན་ཡང་སྟོད་སྨད་བར་གསུམ་གྱི་ཡུལ་ཁག་གཞན་ནས་བྲོས་བྱོལ་དུ་ཡོང་སྟེ་ཡུལ་ལུང་འདིར་གཞིས་ཆགས་གཏན་སྡོད་བྱེད་པའི་དུད་ཚང་བརྒྱ་ཕྲག་མང་པོ་ཡོད། དེ་རྣམས་ཀྱི་ནང་ནས་ཟ་ཁང་འཛིན་མི་དང་། ཚོང་ལས་ཙག་ཙིག འཚེམ་བཟོ། ལྷམ་མཁན། ཀོ་བའི་དངོས་ཆས་སྤུས་ལེགས་བཟོ་བསྐྲུན། ཚོན་རྩིའི་ལས་དང་། ལྷ་བཟོ་དང་ལྷ་བྲིས། རྡོ་བཟོ་ཤིང་བཟོ་མཁས་པ། གསེར་དངུལ་ཟངས་སོགས་ལ་དཀྲོལ་ཚགས་བརྡུང་གསུམ་གྱི་དངོས་རིགས་སྤུས་ལེགས་བཟོ་མི། ཆོས་འདོན་པ་དང་། རང་མོས་ལས་གླས་འཚོ་བ་སོགས་གང་ལྟར་འཚོ་གོས་རང་མགོ་ཐོན་ངེས་ཤ་སྟག་ཡོད། རྒྱལ་ཐང་ཡུལ་སྡེ་སྤྱི་ལ་དུད་ཁྱིམ་ཆེ་ཆུང་བསྡོམས་ཐེམ་གྲངས་ཆིག་ཁྲི་ལྷག་སྐོར་ཡོད། ཡུལ་གྲོང་དེ་རྣམས་ཀྱི་ཁང་པའི་བཟོ་དབྱིབས་ནི་ཕལ་ཆེར་བོད་དབུས་ཀྱི་ཁང་པ་དང་མཚུངས་ཤིང་། རྩིག་པ་རྣམས་རབ་རྡོ་རྩིག་རྐྱང་པ་དང་། འབྲིང་རྣམས་རྡོ་རྩིག་གི་ཁ་ནས་གྱང་སྲ་བརྟན་དང་། མ་མཐའ་ཡང་རྡོ་རྩིག་གི་སྟེང་ནས་ས་ཕག་བརྩེགས་པ་མ་གཏོགས་རྩ་ཤིང་རྐྱང་པའི་ཁང་པ་བཟོ་སྲོལ་མེད། ཐོག་ས་ཉིས་བརྩེགས་ནས་ལྔ་བརྩེགས་བར་ཡོད། སྒོ་དང་སྐར་ཁུང་གི་འགྲམ་རྒྱན་ནག་རྩི་དང་། ཐོག་སོ་སོའི་ཐོག་རྒྱན་ཤིང་དཀྲོལ་བརྐོས་ཚོན་རྩི་ཅན་གྱིས་བརྒྱན་པ་སོགས་བོད་དབུས་པའི་སྲོལ་ལྟར་ཡིན། ཁང་པའི་ཐོག་ཁར་ལྷ་ཐོ་རེ་དང་བསངས་ཐབ་རེ། དར་ལྕོག་འཛུགས་པ། རྒྱལ་སྒོའི་ཉེ་འཁྲིས་སུ་དར་ཆེན་འཛུགས་པ་དང་། ལམ་བར་ཁག་ཏུ་མ་ཎི་རྡོ་འབུམ་དང་། ཚ་ཁང་ཁག་བཅས་དར་སྲོལ་ཆེན་པོ་ཡོད། དགོན་སྡེ་ཁག་གི་ཁང་པའི་དབྱིབས་སོགས་ནི། བོད་དབུས་ཀྱི་ཆོས་སྡེ་གཙུག་ལག་ཁང་སོགས་ཇི་བཞིན་ལས་མི་འདྲ་བ་ཆེར་མེད།

དགེ་འདུན་པའི་ཞལ་གྲངས[ཞུན་དག།]

ཡུལ་མི་ཚོའི་ངག་རྒྱུན་ལ་སུམ་བརྒྱ་སུམ་ཅུ་ཞེས་གྲགས་ཀྱང་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་དགེ་འདུན་གྱི་གྲངས་ཚད་དེ་ལྔ་བརྒྱ་སུམ་ཅུ་ཞེས་བཀོད་འདུག དེ་ནས་དགེ་འདུན་གྲངས་འབོར་རིམ་འཕེལ་གྱིས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་དགེ་འདུན་ཞལ་གྲངས་ཆིག་སྟོང་སུམ་བརྒྱའི་སྐོར་འཕེལ་རྒྱས་བྱུང་འདུག་པ་ནི། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ལས། རྒྱལ་ཐང་སུམ་རྩེན་གླིང་དགེ་འདུན་ཆིག་སྟོང་སུམ་བརྒྱའི་སྐོར་ལ་ཕྱག་མདུད་དང་བྱིན་རྟེན། སྤྱི་འཇོག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཚལ་དཔར་མ་གླེགས་ཐག་བཅས་ཆ་ཚང་སྤུས་དག་དང་། ཇི་སྲིད་རྒྱལ་བསྟན་ནམ་གནས་བར་ལོ་ལྟར་ས་ག་ཟླ་བའི་ནང་དུ་གསུང་སྒྲོགས་གནང་རྒྱུའི་ཐེབས་བཅས་སྩལ། ཞེས་གསུངས་པར་སྣང་ངོ་། དེ་ནས་ཡུལ་དགོན་གཉིས་ཀ་ཆོས་སྲིད་གང་ཐད་ནས་ཡར་རྒྱས་ཆེ་བོར་བརྟེན་དགེ་འདུན་གྱི་སྡེ་ཡང་ཇེ་རྒྱས་ཇེ་འཕེལ་གྱིས་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱའི་སྐོར་རིམ་འཕེལ་འགྲོ་བཞིན་པའི་སྐབས་སུ། བར་ལམ་ཞིག་ནས་ཡུལ་ལུང་འདི་རྒྱ་ནག་གི་མངའ་འོག་ལྟ་བུར་ཚུད་པས་ལོ་ལྟར་དགེ་འདུན་གྱི་འབྲུ་ཕོགས་དེ་བཞིན་ཡུལ་དེར་ཡོད་པའི་རྒྱ་མིའི་དཔོན་རིགས་དང་ལག་སྒྲེལ་ཐོག་འབུལ་དགོས་པར་བརྟེན་རྒྱ་རིགས་ལས་བྱེད་པས་དགེ་འདུན་གྱི་གྲངས་འབོར་འཕེལ་རྒྱས་ཆེ་ཞིང་ཡུལ་འདིའི་འབྲུ་ཁྲལ་གྱིས་ལྡེང་མིན་སོགས་ཀ་ཀོར་མང་པོ་བཤད་མཐར་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱ་སྐོར་ལ་ཚད་འཛིན་བཟོ་དགོས་བྱུང་འདུག་ཀྱང་། དགེ་འདུན་གྲངས་ཚད་ལས་བརྒལ་བའི་གསར་ཞུགས་རྣམས་ལ་དགོན་པ་སྤྱི་གཞུང་དང་། ཁང་ཚན་སོ་སོའི་འཆར་འཕར་གྱི་གཏོང་སྒོ་ཡོད་རིགས་དང་། འབྲུ་དངུལ་གྱི་ཕོགས་དང་འགྱེད་སོགས་དགེ་འདུན་བྱིངས་དང་འདྲ་མཚུངས་སུ་འབུལ་སྲོལ་ཡོད་པས་དགེ་འདུན་གྲངས་ཚད་ལས་ལྷག་པ་རྣམས་ལའང་འཚོ་ཆས་ལྡེང་ངེས་ལྷག་དང་བཅས་པ་ཡོད། ཕྱིས་སུ་དགེ་འདུན་གསར་ཞུགས་མང་སྟབས་དགེ་འདུན་ཞལ་གྲངས་ཉིས་སྟོང་ལྷག་སྐོར་བཞུགས། དགེ་འདུན་གྲངས་ཚད་འདི་བཞིན་བཞུགས་པ། སྐྱབས་གཅིག་བཀྲིན་ཟླ་མེད་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་རང་གི་སྐྱོང་ཡུལ་གཞིས་དགོན་ཆ་ཕྲེང་(ཕྱག་ཕྲེང་)བསམ་འཕེལ་གླིང་དུ་ཞབས་ཀྱིས་བཅགས་ཏེ། ལོ་ཤས་རིང་ཡུལ་དེའི་སྐལ་ལྡན་གདུལ་བྱ་རྣམས་ལ་རང་རང་གི་བློ་མོས་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམས་པར་མཛད་པས་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད་པ་སོགས་རྨད་བྱུང་ཆོས་སྲིད་ཀྱི་མཛད་འཕྲིན་ལེགས་གྲུབ་ཐོག སླར་ཡང་དབུས་འགྱུར་ཆོས་ལྡན་གྱི་ཞིང་དུ་ཆིབས་བསྒྱུར་བསྐྱངས་ཞོར་རང་ཅག་རྒྱལ་ཐང་པའི་དགོན་ཡུལ་སྤྱིའི་བསོད་ནམས་ཀྱི་མགོན་དུ་སུམ་རྩེན་གླིང་དུ་ཞབས་སོར་འཁོད་དེ། ཉིན་གྲངས་ཉི་ཤུའི་སྐོར་དགྱེས་བཞིན་སྤྲོ་བཞུགས་དང་། དགེ་འདུན་ཉིས་སྟོང་སྐོར་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་སྒོ་སྐལ་དབང་ཆེན་དང་ལམ་རིམ་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་པོས་སྨིན་གྲོལ་གྱི་ལམ་ལ་འགོད་པ་དང་། ཆོས་སྡེའི་སྒྲིག་ཁོངས་སུ་བཞུགས་བདེང་རྒྱག་(?) གནང་མཛད་ཅིང་ཁང་ཚན་སོ་སོར་ཡང་ཞབས་ཀྱིས་བཅགས་ཏེ་ཆོས་འབྲེལ་རེ་དང་བསྙེན་བཀུར་རེ་བཅས་ཆོས་སྲིད་ཀྱི་མཛད་པ་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་རྗེ་ཉིད་ཀྱི་མཛད་རྣམ་ཆེན་མོར་ལམ་ཙམ་གསལ།

རང་བྱུང་གི་གཏེར་ཁ་སོགས་ཡུལ་འདིའི་ཐོན་ཁུངས་ཀྱི་སྐོར།[ཞུན་དག།]

རྒྱུན་དུ་བརྐོ་འདོན་བྱེད་བཞིན་པའི་གསེར་གྱི་གཏེར་ཁ་ཁག་བཅུ་གཉིས་དང་། དངུལ་གྱི་གཏེར་ཁ་ཁག་གཉིས། ཟངས་ཀྱི་གཏེར་ཁ་ཁག་གཉིས། ལྕགས་ཀྱི་གཏེར་ཁ་ཁག་གསུམ། ཞ་ཉེ་དང་མུ་ཟིའི་ཐོན་ཁུངས་མང་པོ་ཡོད། ཡང་གསེར་དངུལ་སོགས་ཀྱི་གཏེར་ཁ་ཁག་མང་བཀོ་འདོན་མི་ཆོག་པ་དང་། འདོན་སྲོལ་མེད་པ་ཡང་མང་པོ་ཡོད། ཡང་ཡུལ་གྱི་སྟོད་སྨད་བར་གསུམ་དུ་ཆེད་གཉེར་བཀོ་འདོན་མ་དགོས་པར་རང་བྱུང་ཟངས་དང་། དངུལ་ཆུ།གཡུ་བཟང་དང་གཟིའི་རིགས་སོགས་རྙེད་མི་མང་པོ་ཡོད། དེ་ལྟར་ཟངས་སོགས་ཀྱི་ཐོན་ཁུངས་གཞན་འགྲན་བྲལ་བ་ཡོད་པར་བརྟེན་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོས་རྒྱལ་ཐང་ཁུལ་ལ་ལོ་ལྟར་ཟངས་སྒྲུབ་སྡེ་པ་རེ་གཏོང་སྲོལ་ཡོད།

བོད་ཚོན[ཞུན་དག།]

བོད་ཚོན་སྤུས་ལེགས་མཐིང་དམར་ལྗང་གསུམ་དང་། བ་བླ། བཙག་དམར། ས་དཀར། ས་སེར། རྫ་ས། ཨརྒའི་ས་སོགས་དང་།

རྡོ་སྨན[ཞུན་དག།]

རྡོ་སྨན་ཅོང་ཞི་རིགས་མི་འདྲ་བ་གསུམ་དང་། གཡང་ཊི་ལྟ་བུའི་རྡོ་ཆེན་ཐོག་སྟག་སེང་ཁྱུང་འབྲུག་དང་། རྫས་རྟགས་སོགས་ཀྱི་རི་མོ་བརྐོས་དཀྲོལ་བྱས་ཏེ་དགོན་སྡེ་ཁག་གི་སྒོ་འཆོར་གྱི་འགྲམ་སྐྱོར་དང་། སྒེར་ཁག་གི་རྒྱལ་སྒོའི་འགྲམ་རྒྱན་དང་། རྒྱལ་སྐས་ཀྱི་སྟེགས་བུའི་རྒྱན་སོགས་བཟོ་བྱེད་རྡོའི་རིགས་སྤུས་ལེགས་ཤིག་དང་། རྒྱ་སྒོ་སྲ་བརྟན་ཅན་དང་། རྡོ་གཡམ་དང་བརྡར་རྡོ། རྡོ་ཞུན། མེ་རྡོ་དཀར་ནག ཉི་མ་ཁ་ཆུ་སོགས་རྡོའི་རིགས་མི་འདྲ་བ་དུ་མ་དང་།

ཤིང་རིགས[ཞུན་དག།]

ཤིང་གི་རིགས་སྤྱིར་ཡུལ་གྱི་རྒྱ་ཁྱབ་ཏུ་ནགས་ཚལ་སྟུག་པོས་ནམ་མཁའ་མི་མངོན་པ་དང་བགྲོད་ལམ་མི་རྙེད་པའི་ནགས་ཀླུང་མཛད་མཐའ་མེད་པ་ལྟ་བུས་ཡོངས་སུ་ཁྱབ་ཡོད། ནགས་ཚལ་ཕལ་ཆེ་བའི་ནང་དུ། མདོང་ཤིང་དང་མདོང་དཀར། འདི་གཉིས་ལ་གསོམ་ཤིང་ཟེར། ཐང་ཤིང་དཀར་ནག་གཉིས། འདི་ལ་སྒྲོན་མེ་ཤིང་ཟེར། འཚག་ཤིང་། འཁྲིགས་ཤིང་། སྟག་མ་དང་སྟག་ཆུང་ཤིང་། བེ་རྡོ་ཤིང་། ལ་ལྦ་དང་། པན་ཙན་ཤིང་། འོ་སེ་ཤིང་། ཤུག་པ་རིགས་མི་འདྲ་བ་གསུམ། ཤུག་པ་ཤུག་ལེབ། འདི་ལ་ཡུལ་མིས་ཙན་དན་ཟེར། ཨ་ག་རུའི་ཤིང་། འཛོ་མོ་ཤིང་། ཇ་ཤིང་། རེ་ལྕགས་ཤིང་། རླན་རྒྱུག་ཤིང་། སྤོས་དཀར་དང་གུལ་གུལ་ནག་པོའི་ཤིང་། གྲོ་བ་ཤིང་། སེང་ལྡེང་། སྦྱར་པ་དང་སྦྱར་སྐྱ་ཤིང་། བླང་མ། ལྕང་མ་མི་འདྲ་བ་གསུམ། སྤ་མ། སུ་ལུ་དཀར་ནག སྐྱེར་པ། བྲག་ཆེར་དཀར་ནག སེ་བ། སྨྱུག་མ། སྦ་སྨྱུག སྨྱུག་ཤེད། ལུང་ཐང་། འབོ་དེ་རྩེ། ཚེར་རུའི་ཤིང་། རྒྱ་རྩིའི་ཤིང་སོགས་ཤིང་གི་རྣམ་གྲངས་མང་པོ་ཡོད།


འབྲས་བུ་ཅན་གྱི་ཤིང་[ཞུན་དག།]

ཁམ་སྐྱ། ཁབ་སེར། ཤ་ཁམ། ལོ་གསུམ་ཁམ་བུ། མངར་ཁམ་སོགས་བུའི་རིགས་མི་འདྲ་བ་མང་པོ་དང་། སྟར་ཁ་མི་འདྲ་བ་ཁག་བཞི། ཚ་ལུ་མ། ཀུ་ཤུ་མི་འདྲ་བ་མང་པོ། ལི་(ཆང་བ་ལི)་མི་འདྲ་བ་མང་པོ། སེའུ། སེ་འབྲུ་མངར་སྐྱུར་ཁག་མང་། རྒུན་འབྲུམ་དཀར་ནག་གཉིས། ཡང་རྒུན་འབྲུམ་ཆུང་བ། རོང་ས་ཁག་ཏུ་ཤིང་ནགས་ཀྱི་གསེབ་ཏུ་རང་གར་སྐྱེས་ཤིང་སྨིན་པ་མདོག་ནག་པོ་དང་རོ་ཤིན་ཏུ་མངར་བ་ཞིག་ཡོད། ཨ་སྨྲའི་འབྲས་བུ་ཆེ་ཆུང་གཉིས། ཆུང་བ་ལ་སོས་ནག་ཟེར། འབྲུག་སོས་ཟེར་བ་ཚེར་བ་ཚེར་ཤིང་གི་འབྲས་བུ་རོ་མངར་ཅན་ཞིག ར་རྒྱུག་སོས་ཟེར་བ་ཚེར་ཤིང་སྡོང་པོ་ཆེན་པོ་ཞིག་གི་འབྲས་བུ་ཆུང་ཆུང་རོ་བཅུད་གསེར་ལི་དང་འདྲ་བ་ཞིག་ཡོད། འདི་ལ་ལུང་ཚན་འགར་ཁྱོ་སོས་ཕག་སོས་ཟེར། བུ་རམ་ཤིང་དང་། ཀེ་ལའི་སྡོང་པོ། སྟག་ཚེར་དཀར་ནག་གཉིས་སོགས་མང་དུ་ཡོད། སྟག་ཚེར་དཀར་པོའི་འབྲས་བུ་མདོག་སེར་པོ་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་ཡོད། འདི་ལ་ཡུལ་མི་རྣམས་ཀྱི་རང་སྐད་ལ་ཁྲུ་མ་ཞེས་གྲགས་ཤིང་ཐོན་ཁུངས་ཀྱང་ཆེ་བའི་གྲས་ཡིན།


ཤ་མོང་གི་རིགས་[ཞུན་དག།]

ཤོ་མོང་གསེར་ཤ། བེ་རྡོའི་ཤ་མོང་འདི་གཉིས་སྐམ་པོ་བྱས་ཏེ་རྒྱ་ནག་གི་ཡུལ་སོགས་ལ་རྒྱ་ཆེར་བཙོང་སྲོལ་ཡོད། དཀར་ཤ། མདོང་ཤ་མོང་། ཤ་མོང་བྱི་བ་རྐང་ལག ཤ་མོང་ལུ་ཟེར་བ་སོགས་ཤ་མོང་མི་འདྲ་བ་དུ་མ་ཡོད།

གཡེར་མ་དང་གཡེར་ཅན། གོ་སྙོད། ས་ཚོད། རི་སྒོག སྒ་སྨུག པུད་སྣ་སོགས་ཤ་སྨན་གྱི་རིགས་དུ་མ་ཡོད།

སྔོ་ཚོད་[ཞུན་དག།]

མོག་རོ། དབྲ་ཤག གོ་བོ་ཚོད་མ། དབུར་བོང་སོགས་རི་ཀླུང་ཐང་གསུམ་དུ་རང་གར་སྐྱེས་པའི་སྔོ་ཚོད་ཀྱི་རིགས་དུ་མ་ཡོད། དབུར་བོང་ཞེས་པ་དེ་རི་མཐོ་སར་མདོང་ཤིང་གི་གསེབ་ཏུ་སྐྱེས་ཤིང་སྐམ་པོ་བྱས་ནས་རྒྱ་ཡུལ་སོགས་ལ་འགྲོ་བའི་ཚལ་རིགས་ཤིག་ཡིན། ཆེད་གཉེར་བཏབ་པའི་སྔོ་ཚོད་གྲས་པད་ཚལ་དང་། ཆིན་ཚལ། ལོ་གོར་པད་ཚལ། འཕུལ་ཀོ་ཕེ། ཇིན་ཚལ། ཅུམ་ཚལ། ཊོ་མ་ཊོ། བཙོང་། བཙོང་ལེབ། འུ་སི་འདི་ལ་བོད་དབུས་པས་བསོད་ནམས་པད་འཛོམས་ཟེར། ཞོ་གོག་དཀར་མར་གཉིས། གོང་ལ་ཕུག རྒྱ་ལ་ཕུག ཉུང་མ་རིགས་མི་འདྲ་བ་དུ་མ། དབུར་སིན། ཕག་ཤེ་མི་འདྲ་བཞི་སྐོར། གཞན་ཡང་སྔོ་ཚོད་ཀྱི་རིགས་མི་འདྲ་བ་མང་པོ་དང་ཐོན་ཁུངས་བཟང་ངེས་ཡོད། དེ་བཞིན་རི་ཀླུང་ཐང་གསུམ་དུ་སྐྱེས་པའི་མེ་ཏོག་གི་རིགས་མི་འདྲ་བ་དུ་མ་ཡོད་ཀྱང་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ངོ་།

སོ་ནམ་པའི་ས་ཞིང་འདེབས་ལས་བྱེད་སྟངས་སྐོར་[ཞུན་དག།]

ཞིང་ལུད་གསོག་འདོན་བྱས་ཏེ་ས་བོན་ཐོག་མར་འདེབས་པ་དང་། རྨོ་པ་ཐོག་མར་འགོ་འཛུགས་སྐབས་བཅས་ལ་རྨོ་པ་རྒྱག་མི་མཐོང་མཁན་དང་། ས་བོན་འདེབས་པ་པོ་མིང་བཀྲ་བཟང་ཞིང་དབང་པོ་ཚང་བ་ལོ་ན་གཞོན་པ་ཞིག་གྱོན་གཟབ་འཆོར་དང་བཅས་སྐར་རྩིས་མཁས་པས་རྩིས་འབྲས་ལྟར་འཕྲོད་སྦྱོར་དགེ་བའི་ཉིན་ཕྱོགས་གཙང་ལ་ཁ་བསྟན་ནས་དུས་ཚོད་འཕྱུག་མེད་ཐོག་ས་བོན་འདེབས་ཤིང་མཐོང་མཁན་གྱིས་མཛོ་དང་གླང་གོག་འདུལ་སྦྱོང་ལེགས་པར་བྱས་པ་གཉིས་གཤིབས་ཀྱི་ཐོག་ནས་རྨོ་པ་རྒྱག་འགོ་ཚུགས་དགོས་པ་དང་དེའི་ཉིན་ཇ་ཆང་སོགས་འདོད་ཡོན་བཟང་པོར་ལོངས་སྤྱོད་པ་སོགས་རྟེན་འབྲེལ་གང་ལེགས་བྱ་སྲོལ་ཡོད།

སྟོན་འབྲས་ཀྱི་རྣམ་གྲངས་[ཞུན་དག།]

འབྲུ་རིགས་ནས་དཀར་ནག་གཉིས་དང་། སོ་བ་རིགས་མི་འདྲ་བ་གསུམ་བཞི། གྲོ་རིགས་མི་འདྲ་བ་གསུམ། སྲན་མ་རིགས་མི་འདྲ་བ་ལྔ་སྐོར། བྲ་བོ་དཀར་ནག་སྐྱ་གསུམ། ཏིལ་དཀར་ནག ཡུངས་དཀར། པད་ཁ། སོ་མ་ར་ཙ། ཉི་མ་མེ་ཏོག་གི་འབྲས་བུ། རོང་ས་ཁག་ཏུ་འབྲས། ཁྲེ་དང་ཙི་ཛི། མ་རྨོས་པའི་ལོ་ཏོག སུ་པན། སྒ་སྨུག སྒོག་བཙོང་སོགས་མང་དུ་ཡོད། རྒྱལ་ཐང་ཡུལ་ལྟེ་བ་དང་ཡང་ཐང་རྫོང་ཁོངས། རྫོང་ཁག་གཞན་འགའ་ཞིག་གི་ས་མཐོའི་ཡུལ་ལུང་རེ་ཟུང་བཅས་ལ་ལོ་རེར་སྟོན་འབྲས་ཐེངས་རེ་དང་། དེ་མིན་ཡུལ་གྱི་རྒྱ་ཁྱབ་ཚང་མར་ལོ་རེ་ལ་སྟོན་འབྲས་ཐེངས་གཉིས་རེ་སྨིན་པ་དང་། ཐོན་སྐྱེད་ཀྱི་གཙོ་བོ་གྲོའི་རིགས་དང་ནས་ཀྱི་རིགས། བྲ་བོའི་རིགས་རྣམས་ལོ་ལེགས་བྱུང་ན་སུམ་ཅུའི་སྐོར་ཐང་དང་། སྤྱིར་བཏང་བྲིས་ཁལ་ཞེས་ཉི་ཤུའི་སྐོར་ཐང་དང་། མ་མཐའ་ཡང་བཅོ་ལྔའི་སྐོར་ཐང་ལས་མ་ཉུང་བ་བཅས་ཐོན་སྐྱེད་བཟང་བའི་རྩེ་མོར་སོན་ངེས་ཤིག་ཡིན་ནོ།།

སྲོག་ཆགས་ཀྱི་སྐོར་[ཞུན་དག།]

རི་ཀླུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཀྱི་སྐོར། བདག་ཏུ་མ་བཟུང་བའི་སྲོག་ཆགས། གསའ་ཞེས་པའི་གཅན་གཟན་གཟུགས་དབྱིབས་དང་ཆེ་ཆུང་སྟག་དང་མཚུངས་པ་ལ་སྤུ་མདོག་སྐྱ་ལོག་ལོག་ཅིག་ཡོད། དེ་ནི་རི་མཐོན་པོའི་སྒང་གཡའ་རྫ་དང་གངས་རིའི་མཚམས་ཀྱི་ནགས་ཁྲོད་ལ་ཡོད། སྟག་(?) གཟིག དོམ། དྲེད་མོ། གཡི་ཁྲ། གཡི་དཀར། བྱའི་གཡི། སྤྱང་ཀི འཕར་ར། ཝ་མོ། སྦེད་ཅེས་པ་ཝ་མོ་འདྲ་བ་ལ་རྔ་མའི་རྩེར་དཀར་པོ་མེད་པ་ཞིག དྲེད་འབམ། སྲམ། ཨོག་དཀར། སྲེ་མོང་།

རི་དྭགས་གྲས་[ཞུན་དག།]

ཤ་བ་དང་། མནའ་བ། ར་རྒོད། རྒྱ་བ་ལང་། རི་ཕག། གླ་བ། ཁ་ཤ། ནགས་བེ། འཕྱི་བ། ཟེ་མོང་། རི་བོང་། རྫབ་ར། བྱི་བ། སྤྲ་དང་སྤྲེའུ་སོགས་རིགས་མང་པོ་ཡོད།

འདབ་ཆགས་ཀྱི་གྲས་[ཞུན་དག།]

བྱ་རྒོད་དང་། གོ་བོ། བྱ་གླག ཁྲུང་ཁྲུང་སྐེ་རིང་། ལྷ་བྱ་གོང་མོ། རྒྱ་བྱ། དབྲོང་བྱ། བྱ་དཀར། རི་བྱ་རིགས་མི་འདྲ་བ་གསུམ། ནེ་ཙོ། ཁྲའི་རིགས་མི་འདྲ་བ་གསུམ། ཁུ་བྱུག པིང་ཀྱུ་མ། འདི་ལ་ཡོལ་བ་ཟེར། འུག་པ། སྲིན་བྱ། སྲེག་པ། ཕོག་རོག(ཕོ་རོག) ཁྭ་ཏ། སྐྱུང་ཀ སྐྱ་ཁ། ཕུག་རོན། ཐེ་པ། ཁུག་ཏ། སྤུད་སྤུད་ཀུ་ཤུད། གཞན་ཡང་ཤིང་ནགས་གསེབ་ཏུ་བྱ་རིགས་མི་འདྲ་བ་མང་པོ་ཡོད། ངང་དཀར། ངང་སེར། ངུར་བ། ཆུ་བྱ་ནག་པོ་གཟུགས་སྟོབས་ཆེ་བ་ཞིག་དང་། ཆུ་སྐྱར་སོགས་ཆུར་གནས་ཀྱི་བྱའི་རིགས་མང་པོ་ཡོད། བྱེའུ་འཇོལ་མོ་དང་། འཇོལ་ཡ།

རི་བྱི་[ཞུན་དག།]

ཁང་བྱི། འདག་བྱི། ཆུ་བྱི། གསེར་བྱི་དང་དངུལ་བྱི། འབྲོག་བྱི། པགས་བྱི། བྱིའུ་བག་མ་སོགས་བྱིའུ་རིགས་གྲངས་ཀྱིས་མི་ལང་བ་ལྟ་བུ་ཡོད། གཞན་ཡང་ཉ་སྦྲུལ་སྦལ་གསུམ། རྐང་བརྒྱ་ལག་བརྒྱ། ཕྱེ་མ་ལེབ་སོགས་འབུ་སྲིན་གྱི་རིགས་འདྲ་མིན་སྣ་ཚོགས་པ་བརྗོད་ཀྱིས་མི་ལང་བ་ཡོད།


སྒོ་ཕྱུགས་[ཞུན་དག།]

བདག་ཏུ་བཟུང་བའི་སེམས་ཅན་གྱི་གྲས། རྟ་དང་དྲེའུ། འབྲི་གཡག མཛོ་དང་མཛོ་མོ། བ་གླང་། ར་ལུག བོང་བུ། ཁྱི་ཕག ཁྱིམ་བྱ་བཅས་གསོ་སྐྱོང་དང་བདག་ཉར་བྱེད་པ་རེད། ཁྱིམ་ཚང་རབ་འབྲིང་ཕལ་ཆེ་བས་ཞིང་འབྲོག་གཉིས་ཀའི་འཚོ་ཐབས་དང་ཚོང་ལས་རྒྱ་ཆེར་བྱེད་ཅིང་། ཁྱིམ་ཚང་དཀྱུས་མ་རྣམས་ཀྱིས་གཙོ་བོར་ཞིང་ལས་དང་། བ་ཕྱུགས་དང་བོང་བུ་ར་ལུག་བྱ་ཕག་བཅས་གསོ་ཉར་དང་ཚོང་ལས་ཙག་ཙིག་བཅས་ལ་བརྟེན་ནས་འཚོ་ཐབས་སྒྲུབ་པའི་སྲོལ་ཡོད། རྒྱལ་ཐང་གི་ཡུལ་ལུང་འདིར་ས་ཞིང་མེད་པའི་འབྲོག་པ་བོད་ཀྱི་བྱང་གི་འབྲོག་ཆེན་ཁག་ལྟ་བུ་ཡོད་པ་མ་རེད། ཡུལ་འབྲོག་ཁག་གི་ཐོན་སྐྱེད་གཙོ་བོར་མར་དང་། ཐུད། ཟོ་ཐུད། རྩིད་པ། ཁུ་ལུ། ལུག་བལ། ཤ་དང་པགས་རིགས། རྔ་མ་སོགས་ཐོན་སྐྱེད་རྒྱ་ཆེར་ཡོད་ཅིང་། རྟ་ཕྱུགས་དང་ལུག་བཅས་ཀྱི་གཞོན་སྐྱེས་འཕེལ་ཐབས་དང་གསོ་སྐྱོང་གང་ལེགས་བྱེད་པ་རེད། ཁྱིམ་ཚང་དཔལ་འབྱོར་རབ་གྲས་ལ་འབྲི་མོ་བརྒྱ་ནས་སྟོང་ཕྲག་བརྒལ་བ་ཡོད་པ་མང་པོ་དང་། མཛོ་མོ་ལྔ་བཅུ་ནས་བརྒྱ་ཕྲག་བརྒལ་བ་མང་པོ་ཡོད། ལུག་དཀར་ནག་ཁྱོན་ཆེ་དང་། རྟ་རྒོད་མ་བརྒྱ་ཕྲག་ལྷག་པ་མང་པོ་དང་། དེ་བཞིན་མཛོ་གཡག་དང་། རྟ་དྲེལ་སོགས་ཀྱང་ཁྱོན་ཆེ་གསོ་ཉར་བྱེད་པ་རེད། འབྲོག་པ་ཁག་གི་སྒོ་ཟོག་སེམས་ཅན་རྣམས་དཔྱིད་ཀ་ནས་སྟོན་མཇུག་གི་བར་རི་མཐོའི་སྤང་གཤོང་ཡངས་ཤིང་རྩྭ་ཆུ་གང་བཟང་སར་རིམ་སྤོས་ཀྱིས་འགྲོ་སྡོད་བྱེད་པ་དང་། དགུན་དུས་སུ་གྲོང་སྡེ་སོ་སོའི་ཉེ་འགྲམ་དུ་སྡོད་གནས་ལོགས་སུ་ཡོད་པ་ཁག་ལ་སྡོད་སྲོལ་ཡོད། ཡུལ་གྱི་ཐོན་སྐྱེད་ཀྱི་ཐོག་ནས་ཡུལ་གྱི་མི་འབོར་ཡོངས་ལ་ཟས་གོས་སོགས་འཚོ་ཆས་ལྡེང་ངེས་ཐོག་ལྷག་འཕྲོས་འབོར་ཆེ་ཕྱིར་ཚོང་བྱ་རྒྱུ་ཡོད།

ཚོང་ལས[ཞུན་དག།]

ཡུལ་ལུང་འདིར་ཚོང་ལས་རྒྱ་ཆེར་དར་ཞིང་ཚོང་པ་འབྱོར་པ་རབ་རྣམས་ལ་ཁལ་དྲེལ་ལྔ་བཅུ་དྲུག་ཅུ་ནས་དྲེའུ་ཉིས་བརྒྱ་སུམ་བརྒྱའི་བར་ཡོད་པ་མང་པོ་ཡོད། འབྱོར་པ་འབྲིང་རྣམས་ལའང་ཁལ་དྲེལ་ཉི་ཤུ་ནས་སུམ་ཅུའི་བར་ཡོད། ཚོང་ལས་ཀྱི་དངོས་ཟོག་ནི། རང་ཡུལ་ནས་ཐོན་པའི་གསེར་ཕྱེ་དང། དངུལ་ཧྲོབ། ཟངས་གར་བླུགས་ཀྱི་གོང་བུ། རྒྱ་རྩི། ཤིང་གི་མདུན་ཅོག་དཀྲོལ་མར་རྒྱ་རྩི་དང་གསེར་ཤོག་ཅན་སྤུས་ལེགས། ཤིག་གི་ཁམ་ཕོར་དང་ཙམ་ཕོར་(རྩམ་ཕོར་) རྒྱ་རྩི་མ། ཕིང་དང་བུ་རམ། ཀོ་བ་དམར་པོ། ཀོ་བ་དམར་པོའི་ཡོ་བྱད། རྒྱ་ནག་གི་ས་ཁུལ་ཁག་ནས་ཐོན་པའི་དངོས་ཟོག་གོས་ཅན་སྣེ་མང་། ཁ་བཏགས་སྣེ་མང་། ཇ་འབྲུ་དང་། ཇ་སྤྱན་ཤིང་། ཇ་རིལ་སོགས་ཉོ་བསྒྲུབས་བྱས་ཏེ། བོད་དབུས་ལྷ་ལྡན་སོགས་ལ་བཙོང་བསྒྱུར་བྱས་ཤིང་ལྷ་ལྡན་ནས་བོད་སྣམ་གྱི་རིགས་དང་། ཐེར་མ། གཙང་རུམ་(Tsang carpet)གྱི་རིགས། རྒྱ་གར་རས་ཆའི་རིགས། ཉེར་མཁོའི་དངོས་རིགས་སོགས་ཉོ་བསྒྲུབས་བྱས་ཏེ་རང་ཡུལ་གྱི་ས་ཁུལ་ཁག་དང་ས་ཐང་(ས་དམ་) དང་རྒྱ་ནག་གི་ས་ཁུལ་ཁག་ལ་བཙོང་བསྒྱུར་བྱེད་སྲོལ་ཡོད། ཡང་རང་ཡུལ་གྱི་ཐོན་ཟོག མར་དང་། ཐུད། ཟོ་ཐུད། ཕག་སྤུ། པགས་རིགས། འབྲི་གཡག་གི་རྔ་མ། དབྱར་རྩྭ་དགུན་འབུ། ཆིན་ཅོག གཡའ་གྲོ། བེ་སྨུག ཁྲག་རྭ། གླ་རྩི། དོམ་མཁྲིས། བྲག་ཞུན། སྨན་རིགས་ཀྱི་སྔོ་རྩྭ། བེ་རྡོའི་ཤ་མོང་སྐམ་པོ། དབུར་བོང་སྐམ་པོ། གསེར་ཤ་སྐམ་པོ་བཅས་རྒྱ་ནག་གི་ཚོང་རིགས་ཁག་ལ་རྒྱ་ཆེར་བཙོང་སྲོལ་ཡོད། ཡང་ཚོང་རིགས་འགའ་ཞིག་གིས་ཚ་བ་རོང་དང་ཆབ་མདོའི་བར་དང་། འཇང་ས་ཐང་(ས་དམ་)སོགས་བསྐོར་ནས་ཚོང་ལས་བྱ་སྲོལ་ཡོད། ཡང་ཚོང་རིགས་ཁ་ཤས་ཀྱིས་རྒྱལ་ཐང་རང་གི་རྫོང་ཁག་ཕན་ཚུན་བར་ཚོང་ལས་བྱ་སྲོལ་ཡོད། ལར་ནི་རྒྱལ་ཐང་ཡུལ་ལུང་འདི་ས་གཞི་རྒྱ་ཁྱོན་ཆེ་ལ་སྤང་ཐང་ཡངས་ཤིང་རྩྭ་ཁ་དང་སྐྱ་ནམ་བཟང་བ་དང་། ཉེར་མཁོའི་དངོས་ཟོག་འཚོལ་སྒྲུབ་སླ་བ་སོགས་སྔོན་བསགས་ཆེས་དཀར་ལེགས་བྱས་ཀྱི་འབྲས་བུའི་དཔལ་ཡོན་དུ་མས་ཕྱུག་པས་གཞན་ཡིད་དབང་མེད་དུ་འགུགས་ནུས་པའི་དགེ་མཚན་ཆེར་ཆེར་དར་བ་བཅས་ལ་བརྟེན་བོད་དབུས་ཕྱོགས་ལྷ་ལྡན་ནས་སྤྱི་སྒེར་ཁག་གི་ཚོང་པ་དང་། རྒྱ་ནག་གི་ས་ཁུལ་ཁག་ནས་རྒྱ་རིགས་ཀྱི་ཚོང་པ་མང་པོ་དང་། འདབས་འབྲེལ་གྱི་ཡུལ་ཁག་གཞན་ནས་ཚོང་ལས་དང་ཉེར་མཁོའི་དངོས་ཟོག་འཚོལ་སྒྲུབ་བྱེད་མི་གྲངས་ལས་འདས་པ་པདྨའི་མཚོ་ལ་ངང་པ་འཁོར་བ་ལྟར་ཡུལ་ལུང་འདིར་སྟོབས་འབྱོར་གྱིས་དྲེགས་པའི་འབྱོར་ལྡན་ཚོང་རིགས་ཁག་སོགས་ཀྱིས་འགྲོ་འོང་གི་བྱ་བར་བར་མ་ཆན་དུ་འཇུག་བཞིན་པ་བཅས་བདེ་སྐྱིད་ཀྱི་འཚོ་བ་གཞན་གྱི་བསྒྲུན་དུ་མེད་པའི་ཡུལ་ལུང་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ།།

"https://dz.wikipedia.org/w/index.php?title=རྒྱལ་ཐང་&oldid=24981" ལས་ སླར་འདྲེན་འབད་ཡོདཔ།