རྒྱལ་མཚན་སྤྲུལ་སྐུ་ཀུན་བཟང་བསྟན་པའི་རྒྱལ་མཚན། Gyeltshen Trulku Kuenzang Tenpai Gyeltshen
ངོ་སྤྲོད།
[ཞུན་དག]སྤྲུལ་སྐུ་ཀུན་བཟང་བསྟན་པའི་ཉི་མ་ཡོངས་གྲགས་ལུ་རྒྱལ་མཚན་སྤྲུལ་སྐུ་ཟེར་ཞུ་མི་འདི་ སྤྱི་ལོ་ ༡༩༥༣ ལུ་འབྲུག་ཤར་ཕྱོགས་བཀྲིས་གཡང་རྩེ་ལུ་ཡོད་པའི་ སྙན་གྲགས་ཅན་གྱི་མཆོད་རྟེན་སྐོར་ར་གི་སྦོ་ལོགས་ཁར་ལུ་འཁྲུངས་ཡོདཔ་ཨིན་མས། སྤྲུལ་སྐུ་འདི་འཁྲུངས་ཞིན་ན་ལོ་ལྔ་དང་དྲུག་འགྱོཝ་ད་སྤྲུལ་སྐུའི་ཡབ་དང་ཡུམ་གཉིས་ཆ་ར་ཚེ་ལས་འདས་སོཔ་ལས་ ཁོ་གི་བྲཙེ་བ་མེད་པའི་ཉེ་ཚན་ཚུ་དང་གཅིག་ཁར་བཞུགས་དགོཔ་ཐོན་ནུག། རྒྱལ་མཚན་སྤྲུལ་སྐུ་འདི་དགུང་ལོ་དགུ་ལངམ་ད་ལུ་ སྐུར་སྟོད་ལྷུན་རྩེ་རྫོང་ཁག་ལས་བླམ་བསོད་ནམས་བཟང་པོ་གིས་ཐུགས་དམ་གྱི་ཉམས་སྣང་ནང་ལུ་རི་གཅིག་གི་རྩ་བར་ས་དང་ཤིང་དེ་ལས་རྡོ་ཚུ་སྟོན་ནི་གཟིགསཔ་ལས་ བླམ་བསོད་ནམས་བཟང་པོ་གིས་འཁྲུལ་ཞིག་བླམ་རྒྱལ་མཚན་ཡང་ན་རྒྱལ་མཚན་མར་པའི་སྤྲུལ་སྐུ་སྦེ་ངོས་འཛིན་གནང་སྟེ་ ཁོ་རའི་ཧེ་མའི་གདན་ས་ལུ་བསྐོ་བཞག་མཛད་ནུག།
སྤྱི་ལོ། |
མཛད་རྣམ།[ཞུན་དག] |
---|---|
༡༩༥༣ | སྤྲུལ་སྐུ་ཀུན་བཟང་བསྟན་པའི་ཉི་མའཁྲུངསནུག། |
༡༩༧༦ | འབྲུག་རྒྱལ་ཁབ་ནང་ལུ་ལོག་བྱོན་ནུག། |
༢༠༢༠ | ཆོས་འབད་མི་ཚུ་ལུ་སྡོད་ཁྱིམ་ ༡༦༦ རྐྱབ་ནུག། |
སྤྲུལ་སྐུ་རིན་པོ་ཆེ་ཁོ་རའི་གདན་ས་ལུ་སྐུ་ཚེ་གོང་མའི་སློབ་མ་སློབ་དཔོན་པདྨ་དབང་ཕྱུག་ལས་འབྲི་ཀློག་གི་སྐུ་ཡོན་ཚུ་གསན་གནང་ནུག། སྤྲུལ་སྐུ་འདི་དགུང་ལོ་བཅུ་གཉིས་བཞེསཔ་ད་ལུ་ གྲུབ་དབང་བླམ་བསོད་ནམས་བཟང་པོ་གིས་ཐུགས་སྲས་རིན་པོ་ཆེ་དང་པ་དང་ ཁོ་རའི་བཞུགས་ས་དར་རྒྱས་གླིང་ལུ་ངོ་སྤྲོད་མཛད་དེ་ དེ་ཁར་ལོ་བཅུ་ཐམ་གྱི་རིང་ལུ་ཕྱག་དཔེ་ཚུ་གཟིགས་གནང་ནུག། ལོ་ངོ་བཅུ་ཐམ་གྱི་རིང་ལུ་སྤྲུལ་སྐུ་གིས་དགེ་བསྙེན་གྱི་སྡོམ་པ་ལས་འགོ་བཙུགས་ཏེ་ དགེ་ཚུལ་དང་དགེ་སློང་གི་སྡོམ་ཚུ་ག་ར་ཚུལ་བཞིན་དུ་བཞེས་ཏེ་ཉམས་བཞེས་མཛད་གནང་ནུག། དེ་ལས་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་མཆོག་ལས་ཆོས་ཀྱི་བཀའ་ཁྲིད་ལེ་ཤ་ཞུ་བ་རྐྱངམ་གཅིག་གིས་མ་དོ་བར་ དབང་ལུང་ཁྲིད་གསུམ་ཡང་ལེ་ཤ་གསན་གནང་ནུག། དེ་ལས་མཁན་པོ་ནོར་དབྱངས་དང་མཁན་པོ་ངག་དབང་ཆོས་གྲགས་ལས་མེད་དུ་མི་རུང་བའི་ཆོས་ལེ་ཤ་ གསན་གནང་པ་གིས་མ་ཚད་པར་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༨ པ་ རྗེ་ཀུན་ལེགས་ལས་ཡང་ཆོས་ལེ་ཤ་ཞུ་ནུག།
དེ་ལས་སྤྲུལ་སྐུ་མཆོག་དགུང་ལོ་ ༢༣ བཞེས་པའི་སྐབས་ལུ་འབྲུག་རྒྱལ་ཁབ་ནང་ལུ་ལོག་བྱོན་ཏེ་ བླམ་བསོད་ནམས་བཟང་པོ་ལས་བཀའ་བརྒྱུད་དང་རྙིང་མ་གཉིས་ཆ་རའི་དབང་ལུང་ཁྲིད་ཚུ་ཞུ་སྟེ་ གྲུབ་དབང་ཤཀྱཱ་ཤྲི་ལས་བརྒྱུད་པའི་ཕྱག་ཆེན་ཆོས་དྲུག་དང་ རོ་སྙོམས་ཀྱི་གཙོས་པའི་ཆོས་ག་ར་ལུ་མཐིལ་ཕྱིན་སྦེ་ཉམས་བཞེས་མཛད་གནང་ནུག། སྤྲུལ་སྐུ་མཆོག་གིས་ལོ་ལྔའི་སྔོན་འགྲོ་དང་མུན་ཁྲིད་མཇུག་བསྡུ་སྟེ་ དོ་རུང་ལོ་དྲུག་གི་དམ་མཚམས་ནང་ལུ་འཛུལ་ཏེ་ན་རོ་ཆོས་དྲུག་དང་བཀའ་བརྒྱུད་ཀྱི་ཆོས་ག་ར་མཐར་ཕྱིནམ་སྦེ་མཛད་གནང་མི་དེ་གིས་ སྤྲུལ་སྐུ་རིན་པོ་ཆེ་མཆོག་རིས་མེད་རྟོགས་ལྡན་གྱི་རྣལ་འབྱོར་པ་སྦེ་ཡོངས་གྲགས་སོང་སཏེ་ཡོདཔ་ཨིན་མས། སྤྲུལ་སྐུ་ཁོ་རའི་ལུང་བསྟན་དང་འཁྲིལ་ཏེ་དགུང་ལོ་ ༣༤ བཞེསཔ་ད་ལུ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་དམ་པའི་ཆོས་ཀྱི་བྱིན་བརླབས་གནང་ནི་འགོ་བཙུགས་ཏེ་ ཤར་ཕྱོགས་ཁ་ཐུག་ལུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གི་ཕྱག་སྲོལ་འགོ་ཐོག་བཙུགས་གནང་ཡོདཔ་ཨིན་མས། ད་ལྟོ་རིན་པོ་ཆེ་གི་མངའ་འོག་ལུ་སྒྲུབ་སྡེ་ལྟེ་བ་དང་ཨ་ནེམ་གྲྭ་ཚང་ ༡༥ གི་ནང་ན་ལུ་དགེ་སློང་དང་ཨ་ནེམོ་བརྒྱ་ལས་ལྷག་སྟེ་ཡོདཔ་མ་ཚད་ སྒྲུབ་སྡེ་ཁག་མ་འདྲཝ་ཚུ་ནང་ལུ་ཡང་ཉམས་ལེན་པ་ ༧༦ དེ་ཅིག་ཡོདཔ་ཨིན་མས། སྤྲུལ་སྐུ་མཆོག་གིས་ཆོས་མཐའ་དག་གསན་བསམ་མཐར་ཕྱིན་ཏེ་ཉམས་བཞེས་མཛད་དེ་མཐར་ཕྱིན་ཞིན་ན་ སངས་རྒྱས་ཀྱི་བསྟན་པ་ལུ་རིས་མེད་ཀྱི་བསྟན་འཛིན་དམ་པ་ཅིག་སྦེ་ཕྱག་ཞུ་མི་གི་ངོས་འཛིན་ལུ་ འབྲུག་རྒྱལ་ཁབ་ནང་ལུ་འགོ་ཐོག་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུས་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བདག་རྐྱེན་བཀབ་ནེ་ལི་ཝང་དང་དཀརཔོ་གནང་མི་འདི་ཕྱག་རྫོགས་ཟུང་འབྲེལ་ཀྱི་བསྟན་པ་རིན་པོ་ སྤེལ་གནང་བའི་བདག་པོ་ཨིན་ཨིན་ཟེར་བའི་བརྡ་མཚོན་ལུ་གནང་ཡོདཔ་ཨིན་མས། སྤྲུལ་སྐུ་མཆོག་གིས་དགུང་ལོ་ ༢༣ ལྷག་ཙམ་ཅིག་གི་རིང་ལུ་སེམས་ཅན་ཚུ་ལུ་ཐུགས་རྗེ་ལྷག་པར་གཟིགས་ཏེ་རྒྱབ་སྐྱོར་དང་ སྐལ་ལྡན་གྱི་གང་ཟག་ཚུ་ཆོས་ཀྱི་འབྲེལ་བ་མཐུད་དེ་སངས་རྒྱས་ཀྱི་ལམ་ལུ་འཇུག་ནི་གི་རྒྱབ་སྐྱོར་དང་མཐུན་འགྱུར་འ་མཛད་གནངམ་ཨིན་མས། སྤྲུལ་སྐུ་ཁོ་ར་གིས་ཞལ་ལས་ ང་གིས་སེམས་ཅན་ཚུ་འཁོར་བ་ལས་སྒྲོལ་ནིའི་དོན་ལུ་ བྱ་བ་ལས་ཀྱི་འཁོར་ལོ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་སྤོང་བ་བསམ་གཏན་གྱི་འཁོར་ལོ་གསུམ་འདི་ དུས་རྒྱུན་ཆད་མེད་རཔ་སྐོར་དོ་ཟེར་གསུངམ་ཨིན་མས། (རྒྱལ་མཚན་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༠) སྤྲུལ་སྐུ་མཆོག་གིས་ད་ལྟོ་ཚུན་ཚོད་གཤམ་འཁོད་ཀྱི་ཕྱག་ལཱ་ཚུ་མཛད་ཚར་ནུག།
1. སངས༌རྒྱས༌དང༌འདྲ༌བའི༌བླམ༌ལྔ༌བསྟེན༌ནུག།
2. གླེགས་བམ་པོ་ཏི་ ༣༠༠ དེ་ཅིག་ཆོས་བཤད་གནང་ནུག།
3. ཆོས་འབད་མི་ཚུ་ལུ་སྡོད་ཁྱིམ་ ༡༦༦ རྐྱབ་ནུག།
4. ཤར་ཕྱོགས་རྫོང་ཁག་ལྔ་གི་སྒྲུབ་སྡེ་ཚུ་ནང་ལུ་ ཨ་ནེམ་ ༥༥ རྩིས་ཏེ་ཉམས་ལེན་པ་ ༡༨༥ ལུ་ཉམས་ཁྲིད་གནང་དོ་ཡོདཔ་ཨིན་མས།
5. ཤར་ཕྱོགས་རྫོང་ཁག་ལྔ་ནང་ལུ་ ཨ་ནེམ་གི་སྒྲུབ་སྡེ་གསུམ་རྩིས་ཏེ་བསྡོམས་ཀྱི་སྒྲུབ་སྡེ་ ༩ རྐྱབ་ནུག།
6. མི་སྡོམ་གྱི་ ༢༠༠ ཉམས་ལེན་འབད་ཚར་ཏེ་ད་ལྟོ་ ༧༦ དེ་ཅིག་འབད་བཞིན་པ་ཡོདཔ་ཨིན་མས།
7. སྒྲུབ་སྡེ་ལྟེ་བ་དགུ་ལུ་ སྒྲུབ་དཔོན་དགུ་དང་སྒྲུབ་དཔོན་འོག་མ་དགུ་ཡོདཔ་ཨིན་མས།
8. ལོ་དགུ་དང་གསུམ་གྱི་བར་ན་མཚམས་བཅད་མི་ཚུ་གིས་འཕྲལ་ཁམས་གཅིག་ཁར་ཐིམ་ཕུག་ལུ་སྐུ་མཆོད་དང་རིམ་འགྲོ་འབད་ནིའི་དོན་ལུ་ ལྟེ་བ་ཅིག་རྐྱབ་ཡོདཔ་ཨིན་མས།
9. ཁག་ཆེཝ་ཅིག་མོང་སྒར་སྐུ་རི་ཟམ་པ་ལུ་སློབ་ཕྲུག་ཚུ་སྒྲུབ་སྡེ་ལྟེ་བ་ཚུ་ནང་ལུ་སྒོམ་རྐྱབ་པར་མ་འགྱོ་བའི་ཧེ་མ་ ཁྲིད་དང་དབང་ལུང་ཚུ་ཞུ་ནིའི་དོན་ལུ་སྔགས་སྒྲ་སློབ་གྲྭ་ཅིག་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། (སྔགས་སྒྲ་རྡོ་རྗེ་ཆོས་སྒར། གནམ་ལོ་མེད། སྤྱི་ལོ་མེད)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. རྒྱལ་མཚན་རྡོ་རྗེ། སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག།
༢. སྔགས་སྒྲ་རྡོ་རྗེ་ཆོས་སྒར། སྐྱབས་རྗེ་རྒྱལ་མཚན་སྤརུལ་སྐུ། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ། http://ngakdra.50webs.com/