Jump to content

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།

Wikipedia ལས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་བཅུད་དོན།

༉ ཧེ་མ་དུས་རབས་ ༡༧ པའི་ནང་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལས་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ ལྷོ་མོན་ཁ་བཞིའི་རྒྱལ་ཁབ་ནང་བྱོན་གནང་ནུག། དེ་ལས་ཚུར་ ལྷོ་ཁྲིམས་མེད་སར་ཁྲིམས་དང་ ར་ལུང་མེད་སར་ལུང་བཏགས་ གནང་སྟེ་ ལྷོ་མོན་པའི་ཡུལ་འདི་ནང་ ཆོས་སྲིད་གཉིས་ལྡན་གྱི་གཞུང་ལུགས་དབུ་བཙུགས་གནང་ཞིནམ་ལས་ སྤྱི་ལོ་ ༡༦༢༩ ལུ་ དཔལ་ལྡན་འབྲུག་པའི་ཁྲིམས་ཀྱི་རྩ་བ་ངོ་མ་ཅིག་ཨིན་མི་བཀའ་ཁྲིམས་བརྩམས་གནང་ནུག། བཀའ་ཁྲིམས་འདི་ནང་ གཞུང་གི་ཁ་ཐུག་ལས་ མི་སེར་ལུ་བདེ་སྐྱིད་བྱིན་མ་ཚུགས་པ་ཅིན་གཞུང་གནས་ཏེ་དགོས་པ་ག་ནི་ཡང་མེད་ཟེར་ གསལ་རི་རི་སྦེ་བཀོད་དེ་ཡོདཔ་ལས་ བདེ་སྐྱིད་དང་དགའ་སྐྱིད་ཟེར་བའི་དགོངས་དོན་འདི་ ཧེ་མ་ལས་དར་ཁྱབ་བྱུང་སྟེ་ཡོདཔ་ཨིན་པས། དེ་ལས་ཚུར་རིམ་པ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ནང་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་བརྒྱུད་རིང་ལུགས་དབུ་བརྙེས་ཏེ་མི་སེར་ག་ར་ གངས་བར་ནང་གི་ཆུ་འཐུང་། སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་སྡོད་ནི་ཐོབ་ཡོདཔ་ལས་ སྔར་བ་ལྷག་པའི་བདེ་སྐྱིད་བྱུང་ནུག།

དེ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ང་བཅས་རའི་རྒྱལ་ཁབ་འདི་ གཞན་རྒྱལ་ཁབ་བཟུམ་སྦེ་ ཡར་རྒྱས་འགྱོ་བའི་དུས་དང་འཁྲིལ་ཏེ་ གོང་འཕེལ་གྱི་ལས་སྣ་ཚུ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་རྒྱ་ཆེཝ་སྦེ་འགོ་བརྩམས་ཏེ་ལཱ་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་སྔར་སྲོལ་ལམ་ལུགས་བཟང་པོ་ ཆོས་དང་རིག་གཞུང་ མཛེས་ཉམས་ལྡན་པའི་རང་བཞིན་མཐའ་འཁོར་གནས་སྟངས་ཚུ་ཉམས་ནི་ལུ་ མ་འོངས་མངོན་པར་གཟིགས་ཏེ་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་བའི་དགོངས་དོན་འདི་ རྒྱལ་ཁབ་གོང་འཕེལ་གྱི་གཞི་རྩ་ངོ་མ་ཅིག་སྦེ་བརྩམས་གནང་སྟེ་ཡོདཔ་ཨིན། དེ་འབདཝ་ལས་ ད་རེས་ འབྲུག་རྒྱལ་ཁབ་ཀྱི་གཞུང་སྐྱོང་གི་སྲིད་བྱུས་ གཞན་རྒྱལ་ཁབ་ཚུ་དང་རྩ་ལས་འདྲ་སར་མེད་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ཡང་ན་ལྟ་བ་དང་བསྟུན་སྟེ་ རྒྱལ་ཁབ་ནང་ལུ་ཡར་རྒྱས་ཀྱི་འགྱུར་བ་འགྱོ་ ནི་ཨིན་མི་འདི་གིས་ འབྲུག་རྒྱལ་ཁབ་ཀྱི་གཏམ་སྙན་འདི་་ འཛམ་གླིང་ཡོངས་ལུ་ཁྱབ་སྟེ་ཡོདཔ་ཨིན། དེ་འབད་ནི་འདིགིས་ འོག་ལས་མར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་བརྩམ་དགོ་པའི་ཁུངས། དེའི་དམིགས་དོན་དང་ལས་རིམ་ཚུ་གི་སྐོར་ལས་བཅུད་བསྡུ་སྟེ་ཞུ་ནི་ཨིན།

དང་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ བརྩམ་དགོ་པའི་ཁུངས་ཡང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་བཞི་པ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་རྟོགས་བརྗོད་ནང་ལུ་བཀོད་དོ་བཟུམ་འབད་ བ་ཅིན་ མི་དབང་མཆོག་གིས་ འཛམ་གླིང་རྒྱལ་ཁབ་སོ་སོའི་གནས་སྟངས་ཚུ་གཟིགས་པའི་སྐབས་ རྒྱལ་ཁབ་ལ་ལུ་ཅིག་ དམིགས་ཡུལ་གྲུབ་མ་ཚུགས་པར་ མནོ་བའི་ས་ཁར་ལྷོད་མ་ཚུགས་པའི་དཀའ་ངལ་དང་ ལ་ལུ་ཅིག་ནང་ དབུལ་ཕོངས་ཀྱི་དཀའ་ངལ་གནམ་མེད་ས་མེད་ཡོདཔ་མ་ཚད་ རྒྱལ་ཁབ་ལ་ལུ་ཅིག་ གཅིག་གིས་གཅིག་ལུ་ངལ་མ་རངས་པར་དོ་འགྲན་འབད་དེཕྲག་དོག་བསྐྱེད་ནི། དེ་མ་ཚད་ རྒྱལ་ཁབ་ལ་ལུ་ཅིག་ནང་ རྒྱུ་དངོས་དང་མཐུན་རྐྱེན་ཚུ་འབོར་ཆེ་ཏོག་ཏོ་ཡོད་རུང་ མི་སེར་ཚུ་ལུ་བདེ་སྐྱིད་བྱིན་མ་ཚུགས་པའི་དཀའ་ངལ་མ་འདྲཝ་ལེ་ཤ་ཡོདཔ་གཟིགས་ཏེ་ མི་དབང་མཆོག་གིས་ ཡར་རྒྱས་གོང་འཕེལ་གྱི་ལས་སྣ་མང་རབས་ཅིག་ཡོད་ས་ལས་ ཁག་ཆེ་ཤོས་འདི་ མི་སེར་ཚུ་ལུ་བདེ་སྐྱིད་བྱིན་ནི་འདི་ཨིན་མས་ཟེར་ཐུགས་བསམ་བཞེས་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྲིད་བྱུས་བརྩམས་གནང་ནུག།

གཉིས་པ་ དཔལ་ལྡན་འབྲུག་པའི་གོང་འཕེལ་གྱི་གཞི་རྩ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་བའི་དགོངས་དོན་འདི་གི་དམིགས་ཡུལ་གཙོ་བོ་ར་ དུས་རབས་ ༢༡ པའི་དུས་ འཛམ་གླིང་གཅིག་འགྱུར་གྱི་འགྱུར་བ་འགྱོ་བའི་སྐབས་ རྒྱལ་ཁབ་ཕྱིའི་དཔལ་འབྱོར་གོང་འཕེལ་གྱི་འགྱུར་བ་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་ནི་མེན་པར་ འགྱུར་བ་དེ་གིས་མི་སེར་ཚུ་གི་རྒྱུད་ལུ་ ནང་སེམས་ཀྱི་ཞི་བདེ་དང་དགའ་སྐྱིད་ཡང་ མཐོ་དམའ་མེད་པར་ཚད་མཉམ་སྦེ་ གོང་འཕེལ་གཏང་དགོ་པའི་དམིགས་གཏད་བསྐྱེད་དེ་བརྩམས་གནང་ཡོདཔ་ཨིན་མས། དམིགས་གཏད་འདི་འགྲུབ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཁང་བཟང་དགུང་ལུ་བཏེགས་པའི་ཀཝ་བཟུམ་ཅིག་ལུ་དཔེ་སྦྱར་ཏེ་ ཀ་ཆེན་བཞི་དང་ ཤེས་བྱའི་གནས་ཡང་ན་འཁོར་ལོ་རྣམ་དགུདབྱེ་བའི་ཐོག་ལས་ རྒྱས་པར་བཤད་དེ་ཡོདཔ་ཨིན། ཀ་ཆེན་ཚུ་ཡང་ འདྲ་མཉམ་དང་ཡུན་བརྟན་ཅན་གྱི་མི་སྡེའི་དཔལ་འབྱོར་གོང་འཕེལ། རང་བཞིན་མཐའ་འཁོར་གནས་སྟངས་སྲུང་སྐྱོབ། ཆོས་དང་ལམ་སྲོལ། གཞུང་སྐྱོང་ལེགས་ལྡན་དང་བཅས་བཞི་ཨིན། ཤེས་བྱའི་གནས་ཡང་ན་འཁོར་ལོ་རྣམ་དགུཔོ་འདི།

སེམས་ཁམས་ལས་བརྟེན་པའི་དགའ་སྐྱིད།

འཕྲོད་བསྟེན་ལས་བརྟེན་པའི་དགའ་སྐྱིད།

དུས་ཚོད་ལག་ལེན་ཚད་སྙོམས་ལས་བརྟེན་པའི་དགའ་སྐྱིད།

ཤེས་རིག་ཀུན་ཚང་ལས་བརྟེན་པའི་དགའ་སྐྱིད།

སྔར་སྲོལ་ལམ་ལུགས་བཟང་པོ་ལས་བརྟེན་པའི་དགའ་སྐྱིད།

གཞུང་སྐྱོང་ལེགས་ལྡན་ལས་བརྟེན་པའི་དགའ་སྐྱིད།

མི་སྡེ་འཐབ་རྩོད་དང་བྲལ་ཞིང་མཐུན་སྒྲིག་ལས་བརྟེན་པའི་བའི་དགའ་སྐྱིད།

འབྱུང་བ་ཁམས་གཙང་ལས་བརྟེན་པའི་དགའ་སྐྱིད།

འཚོ་བའི་གནས་སྟངས་ལས་བརྟེན་པའི་དགའ་སྐྱིད། ལ་སོགས་པ་ཚུ་ལུ་དབྱེ་སྟེ་ཡོདཔ་ཨིན། དེ་མ་ཚད་ འཁོར་ལོ་རྣམ་དགུའི་དོན་ཚན་རེ་རེ་ལུ་ བརྡ་མཚོན་མ་འདྲཝ་བཀོད་པའི་ཐོག་ལས་ མི་སེར་ལུ་དགའ་སྐྱིད་དང་ཞི་བདེ་འབྱུང་ཚུགས་མ་ཚུགས་ དབྱེ་ཞིབ་འབད་ནིའི་ཐབས་ལམ་འགྲིགས་ཏེ་ཡོདཔ་ཨིན།

གསུམ་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལས་རིམ་དང་ལག་ལེན་དེ་ཡང་ སྲིད་བྱུས་འད་ཟབ་པ་དང་རྒྱ་ཆེཝ་ཨིནམ་མ་ཚད་ མི་དབང་རྒྱལ་པོའི་གཞན་ཕན་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལས་འཁྲུངས་པའི་གཞི་རྩ་ཅིག་ཨིན། དེ་འབདཝ་ལས་ སྲིད་བྱུས་འདི་རྒྱལ་ཁབ་གོང་འཕེལ་གྱི་འཆར་གཞི་བརྩམས་ཏེ་ ལག་ལེན་དངོས་སུ་འཐབ་པའི་སྐབས་ བསྒྱུར་བཅོས་དང་དར་ཁྱབ་སྦོམ་སྦེ་ར་འོང་དགོ་ནི་འདི་གིས་ ཧེ་མ་ འཆར་གཞི་ལྷན་ཁག་ཟེར་ཡོད་མི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་སྦེ་བསྒྱུར་བཅོས་གནང་སྟེ་ རྒྱལ་ཁབ་ནང་ལུ་ ཡར་རྒྱས་གོང་འཕེལ་གྱི་འཆར་གཞི་ག་ཅི་ར་བརྩམས་རུང་ གོང་ལུ་བཀོད་པའི་ གམིགས་དོན་ཚུ་ལས་མ་འགལ་བར་བརྩམ་དགོཔ་ཨིནམ་མ་ཚད་ ལག་ལེན་དངོས་ཀྱི་སྐབས་ལུ་ཡང་ གོང་གསལ་དམིགས་དོན་ལྟར་དུ་འབད་དགོཔ་ཨིནམ་ལས་ དེའི་དོན་ལུ་ ལྷན་ཁག་དང་ལས་ཁུངས། རྫོང་ཁག་དང་རྒེད་འོག་ཚུ་ནང་ དམིགས་བསལ་གྱིསྐུ་ཚབ་དང་ཚོགས་སྡེ། དེ་ལས་ མི་ངོམ་ཚུ་བཙུགས་པའི་ཐོག་ལས་ཕྱག་ལཱ་གནང་ནི་འགོ་བཙུགས་ཡོད་ཟེར་ཀི་དེབ་འདི་ནང་བཀོད་དེ་འདུག།

མདོར་བསྡུ་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྲིད་བྱུས་འདི་ མི་སྡེའི་ནང་ལུ་ཞི་བདེ་དང་བདེ་སྐྱིད་གོང་འཕེལ་གཏང་ནིའི་ཐབས་ལམ་དང་ དཔལ་ལྡན་འབྲུག་པའི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་ཅིག་ཨིན། ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མི་འདི་ མི་རང་ར་སོ་སོའི་བསམ་ཞིབ་དང་དགོས་དོན་ལྟར་དུ་ བཤད་པ་རྐྱབ་ཐངས་ལྷམ་པ་མ་འདྲཝ་ལེ་ཤ་ཡོད་རུང་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་འབད་བ་ཅིན་ བརྩི་མཐོང་དང་ལྡན་པའི་གོང་འཕེལ་ཟེར་གསུངས་ཏེ་ཡོདཔ་ཨིན།

ཀ་ཆེན་དང་པ། འདྲ་མཉམ་དང་ཡུན་བརྟན་ཅན་གྱི་མི་སྡེའི་དཔལ་འབྱོར་གོང་འཕེལ།

༉ སྤྱི་ལོ་ ༡༩༧༢ ལུ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་གསེར་ཁྲི་གུར་ཕེབས་ཞིནམ་ལས་ འབྲུག་རྒྱལ་ཁབ་ནང་ལུ་ བདེ་སྐྱིད་ཀྱི་ཉི་མ་སྔར་ལས་ལྷགཔ་སྦེ་ཤར་ནུག། དེ་ཡང་ མི་དབང་མཆོག་གིས་ གཅེས་ཤིང་ཕངས་པའི་ཁོ་རའི་སྐུ་སྲོག་ལས་ལྷག་སྟེ་ འབྲུག་པའི་མི་སེར་ཚུ་ལུ་ ཐུགས་ཀྱི་བྱམས་པ་དངབརྩེ་བ་ སྙིང་རྗེ་ཚད་མེད་ཀྱི་སྒོ་ལས་ རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་གནང་ཡོདཔ་ལས་བརྟེན་ཏེ་ཨིན། དེ་མ་ཚད་ མི་དབང་མཆོག་གི་གསེར་ཁྲིའི་རྩ་བ་ལས་ དུས་ནམ་ཡང་བརྗེད་པར་ཕངས་པའི་ ནོར་བུ་དགོས་འདོད་སྤུངས་འཇོམས་དང་འདྲ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩའི་སྲིད་བྱུས་བཟང་པོ་དང་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་རིང་ལུགས་གཉིས་ འབྲུག་པའི་་མི་སེར་ཡོངས་ལུ་ གསོལ་རས་སྦེ་གནང་སྟེ་ཡོད་མི་འདི་གིས་ མཚན་གྱི་སྙན་གྲགས་འཛམ་གླིང་རྒྱལ་ཁབ་མཐའ་དབུས་མེད་པར་ཁྱབ་སྟེ་ཡོདཔ་ཨིན། དེ་་གཉིས་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་འདི་ དེང་སང་འཛམ་གླིང་གཅིག་འགྱུར་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ དཔལ་འབྱོར་གྱི་གོམ་པ་མདུན་དུ་སྤོ་བའི་དུས་ལུ་ ཕྱིའི་དཔལ་འབྱོར་གོང་འཕེལ་གྱི་འགྱུར་བ་དང་ ནང་མི་སེར་ཚུ་གི་སེམས་ཀྱི་ཞི་བདེ་གཉིས་ མཐོ་དམའ་མེད་པརཚད་མཉམ་སྦེ་ གོང་འཕེལ་གཏང་དགོ་པའི་གཞི་རྩའི་སྲིད་བྱུས་བཟང་པོ་ཅིག་ཨིན། སྲིད་བྱུས་འདི་ ལག་ལེན་དངོས་གཞིའི་སྐབས་ལུ་ ལེགས་ཤོམ་སྦེ་ལག་ལེན་འཐབ་བཏུབ་ནིའི་དོན་ལུ་ ཀ་ཆེན་བཞི་ལུ་དབྱེ་སྟེ་ཡོད་པའི་ནང་ལས་ འོག་ལས་མར་ ཀ་ཆེན་དང་པའི་ སྲིད་བྱུས་ཀྱི་དགོངས་དོན་ཚུ་བཀོད་དེ་ཡོདཔ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་དང་པ་འདི་ འདྲ་མཉམ་དང་ཡུན་བརྟན་ཅན་གྱི་མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་འདི་ཨིན། དེ་ཡང་ རྒྱལ་ཁབ་ནང་ལུ་གཞུང་གི་ཁ་ཐུག་ལས་ རྩ་བ་གསུམ་གྱི་མཐའ་དོན་ལུ་ དཔལ་འབྱོར་གྱི་གོང་འཕེལ་དང་ཡར་རྒྱས་ཀྱི་འགྱུར་བ་རྒྱ་ཆེཝ་ སྦེ་གཏང་མ་ཚུགས་པར་མི་སེར་ཚུ་དབུལ་ཕོངས་ཀྱི་དཀའ་ངལ་ཕོག་སྟེ་ལུས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ནིའི་ལམ་བཀགཔ་ཨིན་པས། དེ་འབདཝ་ལས་ མི་སེར་ཚུ་ལུ་གནམ་མེད་ས་མེད་ ཁག་ཆེ་བའི་གཞི་རྟེན་གྱི་མཐུན་རྐྱེན་ དཔེར་ན་ གསོ་བ་དང་ཤེས་རིག། སྡོད་ཁྱིམ། བཞེས་སྒོ་དང་བཀབ་གོ་ལ། གཙང་སྦྲ་དང་ལྡན་པའི་འཐུང་ཆུ། ཞིང་ཆུ་དང་འཁོར་ལམ། བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་ལ་སོགས་པའི་མཐུན་རྐྱེན་ཚུ་ཚངམ་སྦེ་ཡོད་པའི་ཁར་ ག་ར་གིས་འདྲ་མཉམ་སྦེ་སྤྱོད་ནིའི་གོ་སྐབས་བཟོ་ཚུགས་པ་ཅིན་ གཞན་རྒྱལ་ཁབ་ཚུ་ལུ་རེ་མ་དགོཔ་ལས་ རང་མགོ་རང་འདྲོང་གི་དམིགས་ཡུལ་ཡང་འགྲུབ་ཚུགསཔ་མ་ཚད་ མི་སེར་ཚུ་ལུ་དཔལ་འབྱོར་གོང་འཕེལ་ལས་བརྟེན་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཐོབ་ཚུགས་ཟེར་ ཞི་གཡོགཔ་བགྲེསཔ་ བླམ་སྐལ་བཟང་ཆོས་འཕེལ་དང་སྤྱི་མི་བགྲེསཔ་རྣམ་རྒྱལ་ཕུན་ཚོགས་གཉིས་ཀྱིས་ རྩོམ་སྒྲིག་འབད་དེ་ཡོད་པའི་ ཀི་དེབ་འབྲུག་གི་ནོར་བུ་ཟེར་མིའི་ནང་བཀོད་དེ་འདུག།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་གཉིས་པ་དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་རྒྱ་ཆེཝ་སྦེ་གཏང་ནི་རྐྱངམ་གཅིག་མེན་པར་ ཡར་རྒྱས་ཀྱི་འགྱུར་བ་དང་་འཕྲལ་ཕུགས་གཉིས་ལུ་ཕན་ཐོགས་ཚུགསཔ་སྦེ་དགོ་པའི་གམིགས་གཏད་བསྐྱེད་དོ་ཡོདཔ་ཨིན། དེ་ཡང་ གོང་འཕེལ་གྱི་ལཱ་ག་ཅི་བཟུམ་ཅིག་ འཆར་གཞི་བརྩམས་ཏེ་འབད་རུང་ དེ་གིས་འཕྲལ་གྱི་མཐའ་དོན་རྐྱངམ་གཅིག་གི་དོན་ལུ་མེན་པར་ མ་འོངས་ཡུན་བརྟན་ཅན་ཅིག་སྦེ་གནས་ཐབས་འགྲིགཔ་ཨིན། དེ་མ་ཚད་ མི་སྡེའི་ནང་ལུ་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་དེ་་གིས་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁ་ལས་ཕར་ ཁྱབ་ཚུགས་པའི་འདྲ་མཉམ་ཅན་གྱི་དམིགས་གཏད་བསྐྱེད་དོ་ཡོདཔ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་འདི་ དཔལ་ལྡན་འབྲུག་པའི་གོང་འཕེལ་འཆར་གཞིའི་སྲིད་བྱུས་བཟང་པོ་ཅིག་ཨིན་དགོ་པའི་ཁུངས་ཡང་དེ་་ལས་བརྟེན་ཏེ་ཨིན།

རྒྱུ་མཚན་དེ་་ལས་བརྟེན་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༡༩༧༢ ལུ་ གསོ་བའི་གཞི་རྟེན་སྨན་ཁང་ ཆེ་འབྲིང་ཆུང་གསུམ་བསྡོམས་ ༤༠ དེ་ཅིག་ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ཚུན་གྱི་བར་ན་ ༧༡༥ དེ་ཅིག་ལུ་ ཡར་སེང་མཛད་གནང་ཡོདཔ་དང་ གསོ་བའི་སྤུས་ཚད་ཡང་ལེགས་བཅོས་གནང་སྟེ་ འབྲུག་པའི་མི་སེར་ག་ར་གིས་ ཞབས་ཏོག་འདི་ལེགས་ཤོམ་སྦེ་ སྤྱོད་ཚུགསཔ་བཟོ་གནང་ནུག། དེ་བཟུམ་སྦེ་ སྤྱིར་འཛམ་གླིང་ནང་ལུ་ རིན་ཐང་མེད་པའི་མེད་ཐབས་མེད་པའི་རྒྱུ་ནོར་གྱི་བདོག་གཏད་ཅིག་ ཤེས་རིག་ཡོན་ཏན་ཨིནམ་ལས་ མི་དབང་འབྲུག་རྒྱལ་བཞི་པའི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་དང་པའི་དགོངས་དོན་དང་འཁྲིལ་ཏེ་ སྤྱི་ལོ་ ༡༩༧༢ ལུ་ སློབ་གྲྭ་ཆེ་ཆུང་བསྡོམས་ ༩༨ ཡོད་མི་ལས་ སྤྱི་ལོ་ ༢༠༠༦ ཚུན་གྱི་བར་ན་ སློབ་གྲྭ་བསྡོམས་ ༥༡༩ ལྷག་ཙམ་ཅིག་ལུ་ཡར་སེང་མཛད་གནང་ནུག། དེ་ཡང་ མི་དབང་མཆོག་གིས་རྒྱལ་ཁབ་ཀྱི་མ་འོངས་པའི་རྒྱུ་ནོར་ངོ་མ་ཅིག་ ན་གཞོན་ཆ་ཁྱབ་ཨིནམ་ལས་ མ་འོངས་པ་ལུ་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་འགྱུར་བ་ག་ར་ན་གཞོན་ཚུ་ལུ་རག་ལས་ནི་ཨིནམ་ལས་བརྟེན་ཏེ་ ཤེས་རིག་གི་སྤུས་ཚད་ ག་དེ་དྲག་དྲག་ལེགས་བཅོས་མཛད་གནང་ནུག།

དེ་དང་འདྲཝ་སྦེ་ མི་དབང་མཆོག་གིས་དགོངས་དོན་འཁྲིལ་ཏེ་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚུ་ གོང་འཕེལ་བཏང་གནང་སྟེ་ མི་སེར་ཚུ་གིས་སྤྱོད་ཆོག་པའི་གནང་བ་གནངམ་མ་ཚད་ ས་གཏེར་དང་ ནུས་ཤུགས་དང་ཡུན་བརྟན་ཅན་གྱི་ཆུ་ལས་་བརྟེན་པའི་གློག་མེའི་ལཱ་ཚུ་འགོ་བཙུགས་གནང་སྟེ་ འཕྲལ་ཕུགས་གཉིས་ལུ་ཕན་རྒྱ་ཆེ་བའི་ དཔལ་འབྱོར་གོང་འཕེལ་གྱི་གཞི་རྟེན་སྒྲིང་སྒྲི་སྦེ་བཙུགས་གནང་ཡོདཔ་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ འོང་འབབ་སྦོམ་ཤོས་ཅིག་ ཆུ་ལུ་བརྟེན་པའི་གློག་མེ་འདི་ཨིན། དེ་ལས་ མི་དབང་མཆོག་གིས་སྒེར་སྡེ་ལེགས་ཤོམ་སྦེ་ གོང་འཕེལ་གཏང་ཚུགས་པ་ཅིན་ མ་འོངས་པ་ལུ་ལཱ་གཡོག་གི་གོ་སྐབས་མེད་པའི་དཀའ་ངལ་སེལ་ཐབས་ལུ་ གཞུང་དང་གཅིག་ཁར་མཉམ་རུབ་ཀྱི་ཐོག་ལས་ ཚོང་སྡེ་དང་བཟོ་གྲྭ་འཕྲུལ་ཁང་ཚུ་ ག་དེ་དྲག་དྲག་གོང་འཕེལ་གཏང་དགོ་པའི་བཀའ་རྒྱ་གནང་མི་དང་ བརྡ་དོན་དང་བརྡ་བརྒྱུད་ཀྱི་ཞབས་ཏོག་ཚུ་ཡང་ གཞི་བཙུགས་གནང་མི་འདི་གིས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ བལྟ་བའི་མིག་ཏོ་དང་ ཆུ་བརྒལ་ནིའི་དོན་ལས་མེད་ཐབས་མེད་པའི་ཟམ་བཟུམ་ཅིག་ལུ་གྱུར་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ དེ་ཚུ་གིས་གནམ་མེད་ས་མེད་ཕན་ཐོགས་ཏེ་ཡོདཔ་ཨིན།

དེ་ཚུ་ག་ར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྲིད་བྱུས་བརྩམས་གནང་སྟེ་ཕྱག་ལཱ་མཛད་གནང་མི་ལས་བརྟེན་ཏེ་ཨིན། སྲིད་བྱུས་དེ་ལས་བརྟེན་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་དོན་ལུ་ གོང་འཕེལ་གྱི་ལས་སྣའི་འཆར་གཞི་ཆེ་ཆུང་ ག་ཅི་བཟུམ་ཅིག་རབརྩམས་རུང་ འཆར་གཞི་འདི་འཕྲལ་ཕུགས་གཉིས་ཆ་ར་ལུ་ཕན་ཐོགས་པའི་འཆར་གཞི་བཟང་པོ་ཅིག་དགོ་པའི་དམིགས་གཏད་བསྐྱེདཔ་ཨིན། དེ་མ་ཚད་ གོང་འཕེལ་གྱི་ལས་སྣ་ཚུ་ ལུང་ཕྱོགས་ཁག་མ་འདྲཝ་ཚུ་ནང་ འདྲ་མཉམ་སྦེ་འོང་དགོ་པའི་ཁར་ ངེས་པར་མཁོ་བའི་མཐུན་རྐྱེན་ཚུ་ལེགས་ཤོམ་སྦེ་སྤྲོད་དེ་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་འགྲིག་ནི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་དང་པའི་དགོངས་དོན་ཨིན་ནོ།

ཀ་ཆེན་གཉིས་པ་རང་བཞིན་མཐའ་འཁོར་གནས་སྟངས།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་གཉིས་པ་འདི་ རང་བཞིན་མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་ནི་འདི་ཨིན། དེ་ཡང་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ ཡར་རྒྱས་གོང་འཕེལ་གྱི་ལཱ་འབདཝ་ད་ ག་ནི་བ་མཛེས་ཉམས་དང་ལྡན་པའི་རང་བཞིན་མཐའ་འཁོར་གནས་སྟངས་ལུ་ གནོད་པ་ག་དེ་ཉུང་ཉུང་གི་ཐོག་ལས་ ལཱ་འབད་དགོ་པའི་དམིགས་གཏད་བསྐྱེདཔ་ཨིན། དེ་འབདཝ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ལྔ་པའི་དོན་ཚན་གསུམ་པ་ནང་ལུ་ “གཞུང་གིས་རྒྱལ་ཁབ་ཀྱི་རང་བཞིན་ཐོན་ཁུངས་ཚུ་གི་སྲུང་འཛིན་དང་ སྣོད་བཅུད་ཀྱི་གནས་ལུགས་དེ་ལུ་ཉམས་ཆག་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ འབྲུག་གི་ས་ཆའི་ཁྱོན་བསྡོམས་ལས་ཉུང་ཤོས་ བརྒྱ་དཔྱ་དྲུག་ཅུ་ཐམ་པ་དུས་དང་རྣམ་པ་ཀུན་ཏུ་ ནགས་ཚལ་གྱི་ཁྱབ་བརྡལ་འོག་ལུ་ འཛིན་སྐྱོང་ངེས་གཏན་འཐབ་དགོ་ཟེར་”བཀོད་དེ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ དཔལ་འབྱོར་གོང་འཕེལ་ག་དེ་ཅིག་འགྱོ་སྟེ་འབད་རུང་ རང་བཞིན་མཐའ་འཁོར་ཉམས་སོ་པ་ཅིན་ རྒྱལ་ཁབ་ཀྱི་རྒྱུ་ནོར་ངོ་མ་ཅིག་འདི་ཨིནམ་ལས་ གྱོང་རྒུད་སྦོམ་ཕོག་ནིའི་ཉེན་ཁ་ཡོདཔ་ཨིན། དེ་འབད་ནི་འདི་གིས་ རྒྱལ་ཁབ་ནང་ལུ་གོང་འཕེལ་གྱི་ལཱ་འབད་ནིའི་འཆར་གཞི་བརྩམ་པའི་སྐབས་ ནགས་ཚལ་ལུ་གནོད་པ་ག་དེ་ཉུང་ཉུང་འོང་དགོ་པའི་ཐབས་ལམ་བསྒྲིག་དགོཔ་ཨིན་པའི་ཁར་ མི་སེར་རེ་རེ་བཞིན་དུ་གིས་ གཅིག་མཐུན་དང་གཅིག་སྒྲིལ་གྱི་ཐོག་ལས་ འབྱུང་བ་བཞི་ལུ་བཙོག་པ་ཞུགས་མ་བཅུག་པར་ ག་དེ་དྲག་དྲག་འགན་ཁག་འབག་སྟེ་བདག་འཛིན་འཐབ་ཚུགས་པ་ཅིན་ མཐའ་འཁོར་གནས་སྟངས་ལས་བརྟེན་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཐོབ་ཚུགས་ཟེར་ བླམ་སྐལ་བཟང་ཆོས་འཕེལ་དང་རྣམ་རྒྱལ་ཕུན་ཚོགས་ཀྱིས་རྩོམ་སྒྲིག་འབད་ཡོད་པའི་ཀི་དེབ་འབྲུག་གི་ནོར་བུ་ཟེར་མིའི་ནང་བཀོད་དེ་འདུག།

རང་བཞིན་གནས་སྟངས་ཟེར་བའི་སྐབས་ རི་དང་ནགས་ཚལ། ཆུ་དང་བྲག་རྐྱངམ་གཅིག་ལུ་གོ་ནི་མེན་པར་ ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ དཔེར་ན་ སྲོག་ཆགས་དང་འདབ་ཆགས་ཀྱི་རིགས་ལ་སོགས་པ་ཚུ་ལུ་གོ་ནི་ཨིན་པས། དེ་ཚུ་ག་ར་གཅིག་གིས་གཅིག་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ལས་ འབྲེལ་བ་སྦོམ་ཡོད་ནི་འདི་གིས་ གཅིག་མེད་པ་ཅིན་གཅིག་ལུ་གནོད་པ་འབྱུང་ནི་ཨིན་པའི་སྐོར་ལས་ མི་དབང་འབྲུག་རྒྱལ་བཞི་པའི་རྟོགས་བརྗོད་ཤོག་གྲངས་ ༡༧༧ ནང་ལུ་བཀོད་དེ་འདུག། དེ་འབདཝ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རང་བཞིན་གནས་སྟངས་ཉེན་སྲུང་མཛད་ནི་ལུ་ གཅེས་སྤྲས་ཅན་གྱི་ཐོག་ལས་ཕྱག་ལཱ་མཛད་གནང་ནུག། དེ་ཡང་ དཔེ་དེབ་དེ་ནང་བཀོད་ཡོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༡༩༨༠ ལོ་ལུ་ རྡོ་ཀ་མ་རུ་པའི་བཟོ་གྲྭ་གཟིགས་ཞིབ་གནང་ཞིནམ་ལས་ མ་འོངས་པ་ལུ་འདི་གིས་ གནོདཔ་ཆེ་ནི་ཨིནམ་མཁྱེན་ཏེ་ མཚམས་འཇོག་འབད་ཡོད་པའི་ཁར་ དགེ་འདུ་ལུ་ཡོད་པའི་གནམ་སྤང་བཟོ་གྲྭ་ཁང་འདི་ཡང་སྒོ་བསྡམས་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ལོ་ ༡༩༩༣ ལོར་ མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁར་ རི་དྭགས་སྲུང་སྐྱོབ་ཀྱི་གླིང་ག་ངོས་འཛིན་གནང་སྟེ་ ས་ཁོངས་འདི་ནང་ ཤ་བདའ་ནི་དང་ནགས་ཚལ་སྤྱོད་ནི་ཚུ་བཀག་ཆ་མཛད་གནང་ནུག། ད་རུང་ དཔེ་དེབ་འདི་ནང་བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༦༨ པའི་ནང་ ནགས་ཚལ་ལས་ཁུངས་ཀྱིས་སྙན་ཞུ་ཕུལ་མིའི་ནང་ འཆར་གཞི་ལྔ་པ་རྐྱངམ་གཅིག་ནང་ར་ གཞུང་ས་སྟོངམ་དང་མི་སེར་གྱི་ས་ཁྲམ་ནང་ཚུད་དེ་ཡོད་མི་བསྡོམས་ཏེ་ ས་ཞིང་ཨེ་ཀར་ ༢༩༨༦ གི་ནང་ཤིང་གི་ལྕངམ་ འབུམ་ ༦༢༠༠༠ ལྷགཔ་ཅིག་བཙུགས་ཡོད་པའི་སྐོར་ལས་ གྲོས་ཆོད་ དོན་ཚན་ ༡༦ པའི་ནང་བཀོད་ནུག། དེ་མ་ཚད་ ཆུ་རུད་བཀག་ཐབས་དང་ རི་དྭགས་སྲུང་སྐྱོབ་ཀྱི་ལས་རིམ་གྱི་ཐད་ རྒྱལ་ཡོངས་གླིང་ག་བཟོ་སྟེ་ ནགས་ཚལ་དང་རི་དྭགས་སེམས་ཅན་ཚུ་ལུ་ གནོད་པ་བཀལ་མ་བཅུག་པར་བཞག་ནིའི་ཐབས་ལམ་བསྒྲིགས་ཡོད་མི་ཚུ་ག་ར་ རྒྱལ་ཁབ་ནང་ལུ་ཡར་རྒྱས་ཀྱི་འགྱུར་བ་ག་དེམ་ཅིག་ འབག་འོངས་ཏེ་འབད་རུང་ རང་བཞིན་གནས་སྟངས་ཉམས་སོ་པ་ཅིན་ རྒྱལ་ཁབ་ནང་ལུ་ཡར་རྒྱས་འགྱུར་བ་ཀྱི་ ཁེ་ཕན་ལས་ལྷག་པའི་གྱོང་རྒུད་ཕོག་ནི་ཨིན་པའི་ མ་འོངས་མངོན་པར་གཟིགས་ཏེ་མཛད་གནང་ཡོདཔ་ཨིན་པས།

བཅུད་བསྡུ་བ་ཅིན་ རང་བཞིན་མཐའ་འཁོར་གནས་སྟངས་འདི་ རྒྱལ་ཁབ་ཀྱི་་ནོར་བུ་ངོ་མ་ཨིནམ་ལས་ གཞུང་དང་མི་སེར་གཉིས་ཆ་ར་ལུ་ཁེ་ཕན་ཆེ་བའི་རྒྱུ་ནོར་ངོ་མ་ཅིག་ཨིན། དེ་མ་ཚད་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན་པའི་ཆ་ལས་ ནང་བཅུད་ཀྱི་སེམས་ཅན་ཚུ་ལུ་ གནོད་པ་བཀལ་བ་ཅིན་ཆོས་དང་འགལ་བའི་ལཱ་སྦོམ་ཅིག་ཨིནམ་ལས་ མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་དེ་བདག་འཛིན་འཐབ་ནི་འདི་ ཆོས་དང་མཐུན་པའི་ལཱ་བཟང་པོ་ཅིག་ཨིནམ་མ་ཚད་ གཞུང་དང་མི་སེར་གཉིསཔ་ཆ་ར་ལུ་ཁེ་ཕན་ཆེ་བའི་རྒྱུ་ནོར་གྱི་བདོག་གཏད་ངོ་མ་ཅིག་ཨིན། དེ་འབདཝ་ལས་ རང་བཞིན་མཐའ་འཁོར་གནས་སྟངས་ལུ་ བཙོག་པ་ཞུགས་མ་བཅུག་པར་ག་དེ་དྲག་དྲག་བདག་འཛིན་འཐབ་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ནི་འདི་ འབྲུག་མི་རེ་རེ་བཞིན་དུ་གི་འགན་འཁུར་ངོ་མ་ཅིག་ཨིན་ནོ།

ཀ་ཆེན་གསུམ་པ་ཆོས་དང་ལམ་སྲོལ།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་གསུམ་པ་འདི་ ཆོས་དང་ལམ་སྲོལ་བདག་འཛིན་འཐབ་ནི་འདི་ཨིན། ང་བཅས་རའི་རྒྱལ་ཁབ་འདི་ དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་གནང་སྟེ་ དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་གནང་ཡོདཔ་མ་ཚད་ ས་གནས་མང་ཤོས་ཅིག་སྦས་གནས་ཁྱད་པར་ཅན་ལུ་ བྱིན་གྱིས་བརླབས་གནང་སྟེ་ཡོད་པའི་ཁར་ བླ་ཆེན་དམ་པ་མང་རབས་ཅིག་གིས་ཞབས་ཀྱིས་བཅགས་ཏེ དམ་པའི་ཆོས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་བཏང་གནང་ཡོདཔ་ཨིན། དེ་བཟུམ་སྦེ་ དུས་རབས་ ༡༧ པའི་ནང་ལུ་ ཞབས་དྲུང་རིན་པོ་ཆེ་མཆོག་ བོད་ལུ་གཙང་སྡེ་སྲིད་དང་གཅིག་ཁར་ཐུགས་མཐུན་མ་བྱུང་པར་ རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལས་བརྟེན་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་འབྲུག་རྒྱལ་ཁབ་ནང་བྱོན་ཞིནམ་ལས་ རྒྱལ་ཁབ་ནང་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ཧེ་མབ་ལྷགཔ་སྦེ་ གོང་འཕེལ་བཏང་གནང་བའི་ཁར་ རྫོང་གཞིས་མང་རབས་ཅིག་བཞེངས་གནང་ཡོདཔ་མ་ཚད་ ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་མང་རབས་ཅིག་ཡང་ སྲོལ་གཏོད་མཛད་དེ་གནང་ཡོདཔ་ཨིན། དེ་འབད་ནི་འདི་གིས་ དང་ཕུ་ལས་དར་ཏེ་ཡོད་པའི་ རང་ལུགས་སྔར་སྲོལ་བཟང་པོའི་ལམ་སྲོལ་འདི་ འཛམ་གླིང་རྒྱལ་ཁབ་གཞན་ག་དང་གཅིག་ཁར་ཡང་འདྲ་ས་མེདཔ་མ་ཚད་ ནང་པའི་ཆོས་དང་མཐུནམ་སྦེ་ཡོདཔ་ལས་ དཔལ་ལྡན་འབྲུག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་ཅིག་ཨིན།

དེ་འབདཝ་ལས་བརྟེན་ ཀ་ཆེན་གསུམ་པའི་དགོངས་དོན་འདི་ རྒྱལ་ཁབ་ནང་ལུ་དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ དཔལ་འབྱོར་གྱི་གོང་འཕེལ་རྒྱ་ཆེཝ་སྦེ་འགྱོ་བའི་སྐབས་ལུ་ མི་སེར་ཚུ་གིས་ནང་གི་བསམ་པ་སེམས་བསྐྱེད་དང་ མནོ་བསམ་གཏང་ཐངས་དང་ ཕྱིའི་བྱ་བ་སྤྱོད་ལམ་ཚུ་ཆོས་དང་ལམ་སྲོལ་ལས་བརྟེན་བཅོ་ཁ་རྐྱབ་མ་ཚུགས་པར་ འདོད་ཆགས། ཞེ་སྡང་། གཏི་མུག། ང་རྒྱལ་དང་། ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་ དུག་ལྔའི་རྒྱུ་ལས་བརྟེན་ འདོད་པ་ཆེ་སྟེ་སྲིད་ཀྱི་དབང་དུ་ཐལ་སོ་པ་ཅིན་ ཞི་བདེའི་རྩ་བ་མེདཔ་གཏང་བའི་རྒྱུ་ངོ་མ་ཅིག་ཨིནམ་ལས་ དེ་་ཚུ་རྩ་བ་ལས་སྤངས་ཏེ་ ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ལཱ་ག་ཅི་ར་འབད་རུང་ དམ་པའི་ཆོས་ཀྱི་ལྟ་བ་དང་མཐུནམ་སྦེ་འབད་ནི་ལུ་བརྩོན་པ་ཅིན་ ཞི་བདེ་དང་དགའ་སྐྱིད་འབྱུང་ནི་ཨིན་པས།

དེ་བཟུམ་སྦེ་ རང་དང་གཞན་ དེ་ལས་རྒྱལ་ཁབ་ཀྱི་དོན་ལུ་ ལཱ་ག་ཅི་ར་འབད་རུང་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་གཙོ་བོར་བཏོན་ཏེ་ བསམ་པ་བཟང་པོའི་སྒོ་ལས་ རང་དང་གཞན་ཟེར་དབྱེ་བ་མ་ཕྱེས་པར་ འཕྲལ་ཕུགས་གཉིས་ལུ་ཕན་ཐོགས་པའི་ལཱ་འབད་ནི་ཚུ་ ཡབ་མེས་དམ་པ་ཚུ་གི་མཛད་ཤུལ་བཟང་པོའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་དགོ་ནི་དང་ མི་སྡེའི་ནང་ལུ་གོང་མར་བཀུར་ལུགས་དང་འོག་མར་སྐྱོང་གཞག་མཉམ་པར་ བརྩེ་གདུང་དང་དག་སྣང་ཟེར་ གོངམ་གིས་འོགམ་ལུ་ བྱམས་སྐྱོང་དང་སྐྱིད་སྡུག་བལྟ་ནི། འོག་མ་གིས་གོང་མ་ལུ་ གུས་ཞབས་དང་བརྩི་བཀུར་བསྐྱེད་ནི། ཕམ་དང་བུ་གཞིའི་བར་ན་ བརྩེ་གདུང་དང་སྤུན་ཆ་ལུ་འདུ་ཤེས་དང་ཆ་བཞག་བསྐྱེད་ནི། གཉེན་གྲོགས་ཀྱི་དམ་ཚིག་བསྲུང་ནི་དང་ཆ་རོགས་འཆམ་མཐུནམལུ་བརྩེ་གདུང་བསྐྱེད་ནི་ལ་སོགས་པའི་ཁྱད་ཆོས་ཚུ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ སྲོལ་གཏོད་གནང་བའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ དུས་ཨ་རྟག་ར་ རང་གི་ཚེ་ཐེངས་གཅིག་ནང་ ཉམས་མ་བཅུག་པར་བཞག་དགོཔ་ཨིནམ་མ་ཚད་ མ་འོངས་བུ་བརྒྱུད་ཚུ་ལུ་ཡང་ ལེགས་ཤོམ་སྦེ་རྩིས་སྤྲོད་དེ་ ཉམས་སུ་བླང་ནི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་གསུམ་པའི་དགོངས་དོན་ངོ་མ་ཅིག་ཨིན་པའི་ཁར་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་གསུམ་གྱི་ནང་དོན་ངོ་མ་ཅིག་ཨིན།

དེ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ནང་ལུ་ ལོ་ལྔའི་འཆར་གཞི་འགོ་བཙུགས་ཏེ་ གོང་འཕེལ་གྱི་ལཱ་འབད་བའི་སྐབས་ རྒྱལ་ཁབ་ནང་ལུ་མི་རློབས་དང་ རིག་གསར་གྱི་འཕྲུལ་ཆས་ཚུ་མེདཔ་ལས་ ཁྱད་རིག་ཅན་གྱི་མི་དང་ འཕྲུལ་ཆས་ཚུ་ཁྱིམ་མཚེས་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་དགོཔ་ཐོན་ཡོདཔ་ལས་ འབྲུག་མི་ཚུ་གིས་གཞན་རྒྱལ་ཁབ་ཀྱི་ལུགས་སྲོལ་ལུ་ སེམས་ཤུགས་བསྐྱེད་དཔ་འདྲཝ་ཅིག་འབད་བ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་ཚུ་ རང་བཞིན་གྱིས་ཉམས་ཏེ་འགྱོ་ནིའི་ཉེན་ཁ་ཡོདཔ་མཁྱེན་ཏེ་ སྤྱི་ལོ་ ༡༩༧༣ ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༨ པའི་ནང་ རྒྱལ་ཁབ་ཀྱི་ངོ་རྟགས་ རྒྱལ་ཡོངས་གྱོན་ཆས་ གོ་དང་དཀྱི་ར། སྤྱི་ལོ་ ༡༩༨༠ ལོའི་ ཚོགས་འདུ་ཐེངས་ ༥༢ པའི་ནང་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག། སྤྱི་ལོ་ ༡༩༨༤ ལོའི་ ཚོགས་འདུ་ཐེངས་ ༦༡ པའི་ནང་ འབྲུག་གི་ལམ་སྲོལ་བཟང་པོ་བཟོ་རིག། འཆམ་དང་ཞབས་ཁྲ་ཚུ་ཉམས་མ་བཅུག་པར་ བདག་འཛིན་འཐབ་དགོ་པའི་གྲོས་ཆོད་གནང་ཡོདཔ་མ་ཚད་ སངྱས་ཀྱི་བསྟན་པ་གོང་འཕེལ་གཏང་ནིའི་དོན་ལུ་ སྤྱི་ལོ་ ༡༩༨༤ ཟླཝ་ ༨ པའི་ཚེས་ ༡ ལུ་ གྲྭ་ཚང་ལྷན་ཚོགས་ གཞི་བཙུགས་མཛད་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༨༥ ཟླཝ་ ༧ པའི་ཚེས་ ༣༡ ལུ་ སྲོལ་འཛིན་ལྷན་ཚོགས་གཞི་བཙུགས་མཛད་གནང་ཡོདཔ་ཨིན་ཟེར་ བླམ་སྐལ་བཟང་ཆོས་འཕེལ་དང་རྣམ་རྒྱལ་ཕུན་ཚོགས་ཀྱིས་ (༢༠༠༩ ཤོག་གྲངས་ ༤༦) བཀོད་དེ་འདུག།

དེ་བཟུམ་སྦེ་ སྤྱི་ལོ་ ༡༩༨༦ ཟླཝ་ ༩ པའི་ཚེས་ ༢ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་གཞི་བཙུགས་གནང་སྟེ་ རྒྱལ་ཡོངས་ཀྱི་སྐད་ཡིག་གོང་འཕེལ་བཏང་གནང་ནུག། དེ་ལས་ འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བའི་ ཆོས་དང་ལམ་སྲོལ་ལས་བརྟེན་ སྤྱི་ལོ་ ༡༩༧༤ ལུ་ ཕྱིའི་ལྟ་བཤལཔ་ཚུ་ དུས་རྒྱུན་དུ་འོང་ཆོགཔ་སྦེ་བཟོ་གནང་མི་འདི་གིས་ རྒྱལ་ཁབ་ལུ་འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་ཚུགས་ནུག།

མདོར་བསྡུ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ཀྱི་ལམ་སྲོལ་འདི་ རྒྱལ་ཁབ་ཆུང་ཀུ་ཨིན་རུང་ རང་དབང་རང་བཙན་ཡོད་པའི་ངོ་རྟགས་བཟང་པོ་ཅིག་ཨིན་པའི་ཁར་ ནང་པའི་ཆོས་དང་མཐུན་པའི་སྒྲིག་ལམ་ཆོས་གསུམ་གྱི་ ལུགས་སྲོལ་བཟང་པོ་ཅིག་ཡང་ཨིནམ་ལས་ ཧེ་མ་ལས་དར་ཏེ་ཡོད་པའི་ལམ་སྲོལ་འདི་ མི་ཉམས་གོང་འཕེལ་ག་དེ་དྲག་དྲག་གཏང་ནི་འདི་ མི་སེར་རེ་རེ་བཞིན་དུ་གིའགན་ཁུར་ངོ་མ་ཅིག་ཨིན། དེ་མ་ཚད་ རྒྱལ་ཁབ་ནང་ལུ་དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ ཡར་རྒྱས་གོང་འཕེལ་གྱི་ལཱ་ག་ཅི་ར་འབད་རུང་ རང་ལུགས་ཀྱི་ལམ་སྲོལ་དང་མཐུནམ་སྦེ་འབད་དགོ་པའི་ཁར་ ལམ་སྲོལ་བཟང་པོ་འདི་ལུ་ གནོད་པའི་ལཱ་གི་འཆར་གཞི་ཚུ་ག་དེ་དྲག་དྲག་སྤངས་ཏེ་ ཕྱག་ལཱ་མཛད་དགོཔ་འདི་ཀ་ཆེན་འདི་གི་དགོངས་དོན་ངོ་མ་ཅིག་ཨིན་ནོ།

ཀ་ཆེན་བཞི་པ་གཞུང་སྐྱོང་ལེགས་ལྡན།

༉ སྤྱི་ལོ་ ༡༩༧༢ ལུ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་གསེར་ཁྲི་གུར་ཕེབས་ཞིནམ་ལས་ འབྲུག་རྒྱལ་ཁབ་ནང་ལུ་ བདེ་སྐྱིད་ཀྱི་ཉི་མ་སྔར་ལས་ལྷགཔ་སྦེ་ ཤར་ནུག། དེ་ཡང་ མི་དབང་མཆོག་གིས་ གཅེས་ཤིང་ཕངས་པའི་ ཁོ་རའི་སྐུ་སྲོག་ལས་ལྷག་སྟེ་ འབྲུག་པའི་མི་སེར་ཚུ་ལུ་ ཐུགས་བྱམས་པ། བརྩེ་བ་དང་སྙིང་རྗེ་ཚད་མེད་ཀྱིས་སྒོ་ལས་ རྒྱལ་སྲིད་ཆོས་བཞིན་དུ་ བསྐྱོངས་གནང་ཡོདཔ་ལས་བརྟེན་ཏེ་ཨིན། དེ་མ་ཚད་ མི་དབང་མཆོག་གི་གསེར་ཁྲིའི་རྩ་བ་ལས་ དུས་ནམ་ཡང་བརྗེད་པར་ཕངས་པའི་ ནོར་བུ་དགོས་འདོད་སྤུངས་འཇོམས་དང་འདྲ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩའི་ སྲིད་བྱུས་བཟང་པོ་དང་ རྩ་ཁྲིམས་ཙན་གྱི་དམངས་གཙོའི་རིང་ལུགས་གཉིས་ འབྲུག་པའི་འབངས་མི་སེར་ཡོངས་ལུ་ གསོལ་རས་སྦེ་གནང་སྟེ་ཡོད་མི་འདི་གིས་ མཚན་གྱི་སྙན་གྲགས་ འཛམ་གླིང་རྒྱལ་ཁབ་མཐའ་དབུས་མེད་པར་ ཁྱབ་སྟེ་ཡོདཔ་ཨིན།

དེ་གཉིས་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ དེང་སང་ འཛམ་གླིང་གཅིག་འགྱུར་གྱི་ འགྱུར་བ་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ དཔལ་འབྱོར་གྱི་གོམས་པ་ མདུན་དུ་སྤོ་བའི་དུས་ལུ་ ཕྱིའི་དཔལ་འབྱོར་གོང་འཕེལ་གྱི་འགྱུར་བ་དང་ ནང་མི་སེར་ཚུ་གིས་སེམས་ཀྱི་ཞི་བདེ་གཉིས་ མཐོ་དམའ་མེད་པར་ ཚད་མཉམ་སྦེ་ གོང་འཕེལ་གཏང་དགོ་པའི་གཞི་རྩའི་སྲིད་བྱུས་བཟང་པོ་ཅིག་ཨིན། སྲིད་བྱུས་འདི་ ལག་ལེན་དངོས་གཞིའི་སྐབས་ལུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་བཏུབ་པའི་ཕྱིར་དུ་ ཀ་ཆེན་བཞི་ལུ་ དབྱེ་སྟེ་སྟེ་ཡོད་པའི་ནང་ལས་ འོག་ལས་མར་ ཀ་ཆེན་བཞི་པའི་སྲིད་བྱུས་ཀྱི་ དགོངས་དོན་ཚུ་བཀོད་དེ་ཡོདཔ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞི་པ་འདི་ གཞུང་སྐྱོང་ལེགས་ལྡན་འདི་ཨིན། དེ་ཡང་ གཞུང་ལས་མི་སེར་ལུ་ཞབས་ཏོག་ཚུ་ དགོས་མཁོ་དང་བསྟུན་ཏེ་དུས་ཚོད་ཁར་བྱིན་ནི་གི་ལམ་ལུགས་དང་། མི་སེར་གྱི་གཞི་རྟེན་འཐོབ་དབང་དང་འགན་འཁྲི། མི་སྡེའི་འགོ་ཁྲིདཔ་ཚུ་ འོས་འབབ་སྡན་པའི་ས་གོ་ནང་ འོས་འབབ་ཅན་གྱི་མི་ངོམ་བཙག་འཐུ་འབད་ཐངས་ཀྱི་ལམ་ལུགས། ཁྲིམས་དང་འབྲེལ་བའི་བྱ་སྒོའི་ལམ་ལུགས། ཞི་གཡོགཔ་དང་མི་སྡེའི་འགོ་ཁྲིདཔ་ཚུ་གི་འགན་ཁུར་དང་འགན་འཁྲི་འབག་ཐངས་ཀྱི་ལམ་ལུགས་ཚུ་ དྭངས་གསལ་གྱི་ཐོག་ལས་འབད་དགོཔ་ཚུ་ ཀ་ཆེན་འདི་གི་འོག་ལུ་ཚུདཔ་ཨིན།

དེ་བཟུམ་སྦེ་ འབྲུག་གི་ནོར་བུ་ལས། (༢༠༠༩) འབྲུག་གཞུང་རྩ་བ་གསུམ་གྱི་མཐའ་དོན་ལུ་ཕྱག་ལཱ་གནང་པའི་སྐབས་ རྒྱལ་ཁབ་གཅིག་གི་མི་སེར་གཅིག་ཨིན་ཟེར་མནོ་བསམ་བཏང་སྟེ་ མགྲིན་གཅིག་དབྱངས་གཅིག་གི་ཐོག་ལས་ ཆགས་སྡང་ཕྱོགས་རིས་ཅན་གྱི་གཡོ་སྒྱུའི་ངན་ལྷད་དང་ ཕྱུགཔོ་དང་སྤྱང་ཀའི་དབྱེ་བ། དྲག་ཞན་དང་མཐོ་དམའ། རང་མི་ཨིན་ཟེར་ཚུར་འཐེན་ནི་དང་ རོགས་མི་ཕར་ཕུད་རྐྱབ་སྟེ་འགོ་སྐབས་བྱིན་ནིའི་གཡོ་སྒྱུ་གི་ལཱ་ཚུ་ རྩ་བ་ལས་སྤངས་ཏེ་ དམ་ཚིག་ལྷད་མེད་ཀྱི་སྒོ་ལས་ཕྱག་ལཱ་གནང་ནི་དང་། ཁྱད་རིག་དང་ལྕོགས་གྲུབ། འགན་འཁྲི་དང་དྭངས་གསལ། ཤ་ཞེན་ཅན་གྱི་སྒོ་ལས་དྲང་བདེན་གྱི་འགན་ཁག་འབག་སྟེ་ ཕྱག་ལེགས་ཤོམ་སྦེ་ཞུ་ཚུགས་པ་ཅིན་ གཞུང་སྐྱོང་ལེགས་ལྡན་ལས་བརྟེན་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཐོབ་ཚུགས་ཟེར་ཨིན་པས།

དེ་བཟུམ་སྦེ་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་པོ་ལུ་ཡིད་ཆེས་ཀྱི་ཚོགས་རྒྱན་ཕུལ་ནིའི་ ལམ་ལུགས་གཞི་བཙུགས་མཛད་གནང་མི་གུར་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་དང་ བླློ་གྲོས་ཚོགས་སྡེ་གཞི་བཙུགས་གནང་མི་ཚུ་དང་། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞི་པའི་དགོངས་དོན་འདི་དང་འཁྲིལ་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༡༩༨༡ ལས་ ལོ་ལྔའི་འཆར་གཞི་ལྔ་པ་འགོ་བཙུགས་པའི་སྐབས་ རྫོང་ཁག་གཞུང་འཛུགས་ཀྱི་ལས་རིམ་ཟེར་ རྒྱལ་གཞུང་ལྟེ་བ་ལས་ དབང་ཚད་གཞུང་ལུ་གནང་སྟེ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ གཞི་བཙུགས་མཛད་གནང་ཡོདཔ་དང་ སྤྱི་ལོ་ ༡༩༩༡ ལུ་ རྒེད་འོག་ཡར་རྒྱས་ཚོགས་འདུ་གཞི་བཙུགས་གནང་སྟེ་ རྒེད་འོག་རེ་རེ་ལུ་ དབང་ཚད་ཕྱིར་སྤེལ་གནང་མིའི་ཐོག་ལས་ སྲིད་སྐྱོང་ལམ་ལུགས་ནང་རྫོང་ཁག་སོ་སོའི་མི་སེར་ རང་སོ་ལུ་གྲོས་ཐག་གཅད་ནིའི་དབང་ཆ་དང་། རང་སོའི་དགོ་འདོད་དང་འཁྲིལ་བའི་ཡར་རྒྱས་གོང་འཕེལ་གཏང་ཆོག་པའི་རང་དབང་ མི་དམངས་ལུ་གནང་མི་ཚུ་ཡང་ ཀ་ཆེན་བཞི་པ་གཞུང་སྐྱོང་ལེགས་ལྡན་གྱི་དགོངས་དོན་ལྟར་དུ་ཨིན་མས།

དེ་བཟུམ་སྦེ་ སྤྱི་ལོ་ ༡༩༩༨ ལུ་ མི་དབང་མཆོག་གིས་ སྲིད་སྐྱོང་གི་དབང་ཚད་ བློན་པོ་ལྷན་ཚོགས་ལུ་གནང་ཡོདཔ་དང་ བློན་པོ་ཚུ་ཡང་ བཙག་འཐུ་འབད་དེ་མ་གཏོགས་ བསྐོག་བཞག་འབད་ནི་མེད་པའི་ ལམ་ལུགས་བཟོ་གནང་ཡོདཔ་མ་ཚད་ དམངས་གཙོ་རིང་ལུགས་འགོ་བཙུགས་ནིའི་དོན་ལུ་ སྤྱི་ལོ་ ༢༠༠༡ ལུ་ རྩ་ཁྲིམས་ཆེན་མོ་ཟིན་བྲིས་བཀོད་ནི་ འགོ་བཙུགས་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་འབྲུག་རྒྱལ་ལྔ་པ་རྣམ་གཉིས་ཀྱིས་ རྫོང་ཁག་ཁལ་གཅིག་གི་མི་སེར་དང་ ཞི་གཡོགཔ་གཙུག་ལག་སློབ་སྡེ་ཚུ་ནང་གི་སློབ་ཕྲུག་ཚུ་ལུ་ རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ཚུ་གསལ་བཤད་གནང་སྟེ་ དེ་ནང་ལུ་ འཕྲི་སྣོན་དང་ལེགས་བཅོས་ཀྱི་བསམ་འཆར་བཀོད་ནིའི་གོ་སྐབས་གང་མང་གནང་མི་དང་། དེའི་ཤུལ་ལས་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་ སྤྱི་ལོ་ ༢༠༠༦ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་འགོ་འབྱེད་མཛད་དེ་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ལུགས་དང་ བྱ་སྒོའི་ལམ་ལུགས་ཚུ་ལེགས་ཤོམ་སྦེབཟོ་བ་གིས་མ་ཚད་ མི་སེར་ཚུ་ལུ་བཙག་འཐུ་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་གང་མང་འགོ་འདྲེན་འཐབ་ཡོདཔ་དང་། ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་ངོ་མ་འབད་ཐངས་ཀྱི་ལམ་ལུགས་ཚུ་གི་ཐོག་ལུ་ སྦྱང་བ་ག་དེ་མང་མང་འབད་དེ་བཙག་འཐུའི་ལམ་ལུགས་ལུ་ ཐེ་ཚོམ་དང་དོགས་སྣང་ག་ནི་ཡང་མེདཔ་སྦེ་བཟོ་གནང་བའི་ཤུལ་ལུ་ སྤྱི་ལོ་ ༢༠༠༨ ལུ་ དམངས་གཙོའི་རྩ་ཁྲིམས་ཅན་གྱི་གཞུང་དབུ་བརྙེས་ཏེ་ གཞུང་སྐྱོང་གི་དབང་ཆ་ཧྲིལ་བུམ་བླློན་པོ་ལྷན་ཚོགས་ལུ་གནང་མི་ཚུ་ག་ར་ གཞུང་དང་མི་སེར་གྱི་བདེ་ཐབས་ལུ་ མཛད་གནང་མི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྲིད་བྱུས་ཀྱི་ ཀ་ཆེན་བཞི་པའི་གཞི་རྩ་བཟང་པོ་ཅིག་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ དགའ་སྐྱིད་འཁོརལོ་རྣམ་དགུ་ཡོད་ས་ལས་ སེམས་ཁམས་ལས་བརྟེན་པའི་དགའ་སྐྱིད།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་་ཡང་ན་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ དང་པ་འདི་ སེམས་ཁམས་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། བདེ་སྐྱིད་ཀྱི་རྩ་བ་སེམས་ཟེར་སླབ་དོ་བཟུམ་ ང་བཅས་ར་འགྲོ་བ་མིའི་རྒྱུད་ལུ་ བདེ་བ་དང་སྡུག་བསྔལ་ག་ར་འབྱུང་སའི་གཞི་རྩ་ཡང་ན་་རྩ་བ་ངོ་མ་འདི་རང་གི་སེམས་འདི་ཨིན། སེམས་ལུ་མ་བརྟེན་པར་ དགའ་བ་དང་སྐྱིད་པའི་དཔལ་ལུ་ ལོངས་སྤྱོད་ཐབས་མེདཔ་ལས་ བདག་གཞན་ཀུན་ལུ་དགོ་པའི་དགའ་སྐྱིད་ཟེར་མི་འདི་ཡང་ གཙོ་བོ་ རང་གི་སེམས་ཀྱི་འཕྲོད་བསྟེན་འདི་གིས་ཁྱད་པར་བཟོཝ་ཨིན། སེམས་འདི་ ང་བཅས་ར་ ལུ་ ལུས་དང་གྱིབ་མ་བཟུམ་སྦེ་གནས་སྟེ་ཡོདཔ་ལས་ རང་གི་སེམས་འདི་ རང་གིས་བདག་འཛིན་འཐབ་སྟེ་ སེམས་ཁམས་འཕྲོད་བསྟེན་ལེགས་ཤོམ་སྦེ་བཞག་ཚུགས་པ་ཅིན་ དེ་་ལས་བརྟེན་རང་གི་མི་ཚེ་ནང་ལུ་ དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་དེ་སྡོད་ནིའི་ཁེ་ཕན་སྦོམ་ཡོདཔ་ཨིན།

ང་བཅས་ར་ག་ར་གིས་ མ་རིག་པའི་རྩ་བ་ཉོན་མོངས་པ་དུག་གསུམ་དང་དུག་ལྔ་ དཔེར་ན་ འདོད་ཆགས། ཞེ་སྡང་། གཏི་མུག། ང་རྒྱལ། ཕྲག་དོག་ལ་སོགས་པ་ཚུ་ རྩ་བ་ལས་སྤང་དགོཔ་ཨིན། ཉོན་མོངས་པ་འདི་ཚུ་ལུ་བརྟེན་ཏེ་ རང་དང་གཞན་གྱི་བར་ན་ ངལ་མ་རངས་པའི་ཕུང་གཞི་འབྱུང་ནི་དང་ མི་སྡེའི་ནང་ལུ་ ནང་འཁྲུག་ལང་ནིའི་གཞི་ངོ་མ་ཅིག་ཨིནམ་ལས་ དགའ་སྐྱིད་དང་ཞི་བདེ་གི་རྩ་བ་ཤིང་བཏོག་ནིའི་ལག་ཆ་སྟ་རི་བཟུམ་ཅིག་ཨིནམ་ལས་ ནང་པའི་ཆོས་དང་འཇིག་རྟེན་ཕལ་པའི་ལུགས་གཉིས་ཆ་རའི་ཁ་ཐུག་ལས་མ་བཏུབ་ཨིན། དེ་མ་ཚད་ གཞུང་རྩ་བ་གསུམ་གྱི་དོན་ལུ་ཕྱག་ལཱ་གནང་པའི་སྐབས་ གཡོ་སྒྱུ་དང་ངན་ལྷད་ཀྱི་ལཱ་ཚུ་ལུ་ངམ་ངམ་ཤུགས་ཀྱིས་སྦེ་འབད་ནི་ཨིནམ་ལས་ འདི་ཚུ་རྩ་བ་ལས་སྤང་དགོཔ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ངོ་མ་ཅིག་ཨིན།

ང་བཅས་རའི་སེམས་འདི་ལུ་ཡང་ བྱང་ཉེས་ཀྱི་སེམས་ཁམས་ཟེར་ ཉོན་མོངས་པའི་དབང་ལུ་ཐལ་ཚར་བའི་སེམས་ངན་པ་ཅིག་དང་ ཡ་རབས་ཀྱི་སེམས་ཁམས་ཟེར་ འཇིག་རྟེན་གྱི་འགྲོ་ལུགས་ཀུན་དང་ལྡན་པའི་ཡ་རབས་བཟང་པོའི་མནོ་ལུགས་ཅིག་ཡོདཔ་ཨིན། དང་པ་ སེམས་ཁམས་བྱང་ཉེས་འབྱུང་ཚུལ་ཡང་ རྩ་བ་ཡང་ན་གཞི་རྩ་ངོ་མ་ར་རྒྱུ་མ་རིག་པ་ལས་བརྟེན་ཏེ་ འབྲས་བུ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དུག་གསུམ་རང་གི་རྒྱུད་ལུ་འཕེལ་ནི་ཨིན་པས། གལ་སྲིད་རང་གི་རྒྱུད་ལུ་སེམས་ཁམས་བྱང་ཉེས་འདི་ཡོད་པ་ཅིན་སེམས་ཁར་མནོ་རིགས་མནོ་ཚེ་ དག་གཞན་ཀུན་ལུ་གནོད་པ་ ཡང་ན་ཕན་མ་ཐོགས་པའི་རྣམ་རྟོག་འཆར་ནི་དང་ ཉོན་མོངས་པ་གཞན་ཡང་ ང་རྒྱལ་ཁོང་ཁྲོ་ལ་སོགས་པ་དང་ རང་གི་སེམས་ཁར་ཚ་གྱང་ལང་ནི་ལ་སོགས་པའི་སྡུག་བསྔལ་གྲངས་མེདཔ་ཅིག་ རང་གི་རྒྱུད་ལུ་བསྐྱེད་དེ་རང་གི་སེམས་ཀྱི་ཞི་གནས་མེདཔ་གཏང་ནི་དང་ རང་དང་གཞན་གྱི་བར་ན་ཕུང་དང་སྲིད་འབྱུང་བའི་སྡུག་བསྔལ་གྱི་གཞི་ཅིག་ལུ་འགྱུར་ནི་ཨིན་མས།

དེ་འབདཝ་ལས་ གལ་སྲིད་སེམས་རྒྱུད་ངན་པ་འདི་ལུ་འབད་རྩོལ་ཆེ་བའི་གོ་ལས་སྤང་ཐབས་མ་བསྒྲིགས་པ་ཅིན་ དེ་གིས་ རང་ལུ་གནོད་པའི་ཆ་མང་རབས་ཅིག་ཡོད་པའི་ཁར་ གཞན་ལུ་ཡང་གནོད་པའི་ཆ་ གྱངས་ཁ་མ་ཆོདཔ་ཅིག་ཡོདཔ་ལས་ རང་གཞན་ཀུན་གྱི་རྒྱུད་ལུ་ སེམས་སྡུག་དང་ན་ཟུག་ཚད་མེདཔ་ཅིག་བཀལ་ཏེ་ མནར་བའི་དམྱལ་ཁམས་ཀྱི་སྡུག་བསྔལ་ཚུ་ཡང་མྱོང་བཅུག་མི་འདི་ སེམས་རྒྱུད་ངན་པ་འདི་ལུ་བརྟེན་ཏེ་ཨིནམ་ཤེས་དགོ། རང་གི་རྒྱུད་ལུ་དུག་གསུམ་དུག་ལྔ་ལ་སོགས་པའི་ཉོན་མོངས་པ་ཚུ་ རང་དང་གཞན་ལུ་གནོད་པའི་དགྲ་བོ་ཨིནམ་ཤེས་ཏེ་ རིམ་པ་བཞིན་དུ་དཀའ་ཐུབ་དང་བཟོད་བསྲན་ཆེན་པོའི་སྒོ་ལས་ སེམས་ངན་པའི་རིགས་ཚུ་སྤང་ཐབས་ལུ་བརྩོན་དགོཔ་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ རང་དབང་སྲུང་སྐྱོབ་ཀྱི་དོན་ལུ་ཡང་ མི་སེར་ཚུ་གི་སེམས་ཀྱི་ཞི་བདེ་དང་ སེམས་ཁམས་བདེ་བའི་ངང་ལུ་གནས་དགོཔ་འདི་མེད་ཐབས་མེདཔ་ཅིག་ཨིན། གལ་སྲིད་ང་བཅས་ར་མི་ཚུ་གི་རྒྱུད་ལུ་ཞི་བདེ་མེདཔ་འདྲཝ་ཅིག་འབད་བ་ཅིན་ མི་སྡེའི་ནང་ལུ་བྱ་སྟབས་མ་བདེ་བའི་གནོད་པ་འབྱུང་ནི་དང་ རྒྱལ་ཁབ་ནང་ལུ་ཡང་ནང་པའི་ཆོས་དང་མ་མཐུན་པའི་ལཱ་ངན་འབད་མི་ཚུ་ ཡར་སེང་འགྱོ་སྟེ་ བྱ་སྟབས་མ་བདེཝ་སྦོམ་འཐོན་སྲིད་ནི་ཨིནམ་ལས་ ང་བཅས་ར་འགྲོ་བ་མི་ལུ་ སེམས་ཁམས་འཕྲོད་བསྟེན་ལེགས་ཤོམ་དགོཔ་འདི་ཁག་ཆེ་ཤོས་ཅིག་ཨིན། སེམས་ཁམས་འཕྲོད་བསྟེན་འདི་ གཙང་ཏོག་ཏོ་སྦེ་བཞག་ནི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྲིད་བྱུས་བཟང་པོའི་གཞི་རྩ་ཅིག་ཨིན་ནོ།

གསོ་བའི་འཕྲོད་བསྟེན་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ ཡང་ན་་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ གཉིས་པ་འདི་ གསོ་བའི་འཕྲོད་བསྟེན་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། མི་སྡེ་དང་རྒྱལ་ཁབ་ཀྱི་ནང་ལུ་ དགའ་སྐྱིད་དང་ཞི་བདེའི་རྩ་བ་འབྱུང་ས་ངོ་མ་འདི་ གསོ་བའི་འཕྲོད་བསྟེན་འདི་ཨིན། དེ་ཡང་ དུས་ངན་སྙིགས་མའི་དུས་ལུ་ ནད་གཞི་མ་འདྲཝ་རྣམ་པ་སྣ་ཚོགས་ཐོན་འོང་པའི་སྐབས་ ང་བཅས་ག་ར་གསོ་བའི་འཕྲོད་བསྟེན་འདི་ལུ་མ་བསྟེན་པར་ འཚོ་བ་སྐྱོང་ཐབས་མེདཔ་ལས་བརྟེན་ཏེ་ཨིན། དེ་བཟུམ་སྦེ་ ང་བཅས་ར་ འཛམ་གླིང་འདི་ནང་སྡོད་པའི་རིང་ལུ་ ཞི་བདེ་དང་མཐར་ཐུག་གཏན་གྱི་བདེ་བ་འཐོབ་ནིའི་དོན་ལུ་ བྱང་ཆུབ་བསྒྲུཔ་པའི་གཞི་རྟེན་འདི་ ལུས་འདི་ལུ་བརྟེན་ཏེ་འབྱུང་ནི་ཨིནམ་དང་ ལུས་ཀྱི་བདེ་བ་འདི་ གསོ་བའི་འཕྲོད་བསྟེན་འདི་ལུ་བརྟེན་ཏེ་མ་གཏོགས་ གཞན་ལས་འབྱུང་སའི་ཡུལ་སོ་སོ་ཅིག་རྩ་ལས་མེདཔ་ཨིན། དེ་འབདཝ་ལས་ ང་བཅས་རའི་ལུས་འདི་ ཡིད་བཞིན་ནོར་བུ་ཟེར་ གང་འདོད་རང་བཞིན་ལྷུན་གྱིས་འགྲུབས་འོང་པའི་ནོར་དང་འདྲཝ་ཅིག་ཨིནམ་དང་ ལུས་འདི་ གསོ་བའི་འཕྲོད་བསྟེན་འདི་ལུ་ དུས་དང་རྣམ་པ་ཀུན་ཏུ་བརྟེན་ཏེ་སྡོད་དགོཔ་ཨིནམ་ལས་ རྒྱལ་ཁབ་དང་མི་སྡེའི་ནང་ལུ་ གསོ་བའི་འཕྲོད་བསྟེན་ལེགས་ཤོམ་ཡོད་པ་ཅིན་ འདི་ལས་བརྟེན་ཏེ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་འགྲུབ་ཚུགས་ནི་ཨིན་པས།

དགོངས་དོན་འདི་དང་འཁྲིལ་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ན་ཚ་དང་ཤི་ཆད་ལ་སོགས་པའི་སྡུག་བསྔལ་བསལ་ཏེ་ བདེ་སྐྱིད་འབྱུང་ཐབས་ལུ་དམིགས་ཏེ་ སྤྱི་ལོ་ ༡༩༧༢ ལུ་ གསོ་བའི་གཞི་རྟེན་སྨན་ཁང་ཆེ་འབྲིང་ཆུང་གསུམ་བསྡོམས་ ༤༠ ཙམ་ཡོད་མི་འདི་ སྤྱི་ལོ་ ༢༠༠༦ ལུ་འབད་བའི་བསྒང་ལས་ ༧༡༥ དེ་ཅིག་ལུ་ཡར་སེང་གནང་ཡོད་པའི་ཁར་ གསོ་བའི་སྤུས་ཚད་ཡང་ རྒྱལ་སྤྱིའི་གནས་ཚད་དང་མཐུནམ་སྦེ་ལེགས་བཅོས་དང་། ཉེན་ཁ་མེད་པའི་འཐུང་ཆུ། གཙང་སྦྲ་འཕྲོད་བསྟེན། ཨམ་སྲུ་ཚུ་ལུ་ ཨ་ལུའི་སྐྱེ་ནད་དང་ཨ་ལུ་ཆ་ཁྱབ་ནད་རིགས་མ་འདྲཝ་ཚུ་ལས་བཀག་ཚུགས་པའི་སྨན་ཁབ། ཨའིཡོ་ཌིན་གྱི་ཟས་བཅུད་མ་ཚང་བའི་ནད་རིགས་རྩ་མེད་གཏང་ནིའི་དོན་ལུ་ འཛམ་གླིང་གསོ་བའི་ལས་སྡེའི་དམིགས་དོན་ཚུ་གྲུབ་གནང་ཡོདཔ་ཨིན་པས། དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་ཁབ་ནང་ལུ་ མི་རློབས་ཚད་ལས་བརྒལ་ཏེ་འཕེལ་འགྱོ་བ་ཅིན་ མ་འོངས་པ་ལུདཀའ་ངལ་འཐོན་ནི་ཨིནམ་མཁྱེན་ཏེ་ སྤྱི་ལོ་ ༡༩༨༠ ལུ་ བཟའ་ཚང་འཆར་གཞིའི་ལས་རིམ་འགོ་བཙུགས་གནང་མི་དེ་གིས་ བཟའ་ཚང་གི་མི་རློབས་འཕར་ཚད་དེ་ བརྒྱ་ཆ་ ༢ དེ་ཅིག་ལུ་ མར་ཕབ་འབད་ཚུགས་པའི་ཁར་ རྒྱལ་ཁབ་ནང་ལུ་ ནད་གཞི་ཨེཆ་ཨའི་ཝི་ཨེཌིསི་འཐོབ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ཡར་འཕར་འགྱོ་དོ་ཡོདཔ་ལས་ མི་དབང་མཆོག་གིས་ སྤྱི་ལོ་ ༢༠༠༤ ཟླཝ་ ༣ པའི་ཚེས་ ༢༣ ལུ་ ནད་ཡོད་མི་ཚུ་ལུ་ ཉེ་རིང་མེད་པར་བྱམས་བརྩེའི་ཐོག་ལས་ རྒྱབ་སྐྱོར་འབད་དགོ་པའི་བཀའ་ཐམ་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ གསོ་བའི་འཕྲོད་བསྟེན་ལུ་གནོད་པ་དང་ མི་སྡེའི་ནང་ལུ་བྱ་སྟབས་མ་བདེ་བའི་རྒྱུ་ངོ་མ་ཅིག་ ཆང་འཐུང་ནིའི་སྤྱོད་པ་ལས་བརྟེན་ བཟའ་ཚང་ནང་ལུ་འཐབ་འཛིང་ཐོན་ཏེ་ དགའ་སྐྱིད་ཀྱི་རྩ་བ་མེདཔ་གཏང་ནི་དང་ མི་ལུ་ཤི་རྐྱེན་མང་ཤོས་ཅིག་ ཆང་འདི་ལས་བརྟེན་ཏེ་འབྱུང་དོ་ཡོདཔ་ཨིན། ཆང་འདི་ལས་བརྟེན་ཏེ་ གྲོང་གསེབ་ནང་ལུ་དབུལ་ཕོངས་ཀྱི་དཀའ་ངལ་དང་ རྒྱལ་ཁབ་ལུ་སྐུ་གྱོང་ཕོག་པའི་གཞི་ངོ་མ་ཅིག་ཨིནམ་ལས་ འབྲུག་མི་ག་ར་གིས་དམིགས་བསལ་གྱི་འགན་ཁུར་འབག་སྟེ་ཆང་སྤང་དགོ་པའི་ཁར་ ཆང་དང་སྨྱོ་རྫས་འདི་ལུ་ལང་ཤོར་ཐལ་བ་ཅིན་ དང་པ་ཕམ་ལུ་དྲིན་ལན་འབྱོར་མ་ཚུགས། གཉིས་པ་ རྒྱལ་ཁབ་ལུ་ཕྱག་ཕྱིད་ཞུ་མ་ཚུགས། གསུམ་པ་རང་གི་ཚེ་སྲོག་ལུགནོད་ཉེན་ཆེ་བའི་ཁར་ མི་སྡེའི་ནང་ལུ་ཞི་བདེ་མེདཔ་གཏང་པའི་ རྒྱུ་ངོ་མ་ཅིག་ཨིནམ་སྦེ་བཀའ་གནང་སྟེ་ མི་དབང་མཆོག་གིས་ ན་གཞོན་སྐྱེས་ལོ་ ༡༨ མན་ཆད་ཚུ་ལུ་ ཆང་གི་རིགས་ལག་ལེན་འཐབ་མ་ཆོགཔ་དང་ ཨ་རྟག་ར་ ཉི་མ་ཚུ་ཚོད་ ༡ ཚུན་ཚོད་དང་ རེས་གཟའ་ལྷགཔ་ལུ་ ཆང་བཙོང་མ་ཆོག་པའི་བཀག་དམ་མཛད་གནང་མི་དེ་ཡང་ མི་ཚུ་ལུ་གསོ་བའི་འཕྲོད་བསྟེན་འདི་ མེད་ཐབས་མེདཔ་ཅིག་ཨིནམ་ལས་བརྟེན་ཏེ་ཨིན་མས།

དེ་མ་ཚད་ མི་དབང་མཆོག་གིས་གསོ་བའི་ཞབས་ཏོག་ལེ་ཤ་ཅིག་ ལེགས་བཅོས་གནང་ཡོདཔ་དང་ དེ་ཡང་མི་དབང་མཆོག་གིས་ གསོ་བ་ལུ་ལྷག་པར་བརྩོན་གནང་མི་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ མི་སེར་ཚུ་ལུ་ནད་གཞི་མ་འདྲཝ་ཟུན་ཏེ་ ན་ཚ་གནམ་མེད་ས་མེད་འཕེལ་སོ་པ་ཅིན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོག་ནི་ཨིནམ་མཁྱེན་ཏེ་མཛད་གནང་ཡོདཔ་ཨིནམ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་སྒྲུབ་་ཐབས་ལུ་ཨིན་མས།

མདོར་བསྡུ་བ་ཅིན་ རྒྱལ་ཁབ་འདི་ནང་ གཞན་དཔལ་འབྱོར་གོང་འཕེལ་གྱི་ཐད་ལས་ ག་དེམ་ཅིག་ཡར་རྒྱས་འགྱོ་སྟེ་འབད་རུང་ གསོ་བའི་ཞབས་ཏོག་ལེགས་ཤོམ་མེད་པར་ མི་སེར་ཚུ་ག་ར་ནད་གཞི་མ་འདྲཝ་རེ་ཐོབ་ཞིནམ་ལས་ ཉམ་ཐག་སྟེ་ལུས་སོ་པ་ཅིན་ ཞི་བདེའི་རྩ་བ་མེདཔ་གཏང་ནི་ཨིནམལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ཚུ་འགྲུབ་མི་ཚུགས་ནི་ཨིན་པས། དེ་འབདཝ་ལས་ མི་སེར་ཚུ་ལུ་ གསོ་བའི་ཞབས་ཏོག་འདི་ལེགས་ཤོམ་སྦེ་བྱིན་ཚུགས་པ་ཅིན་ མི་སེར་ཚུ་གིས་ རྒྱལ་ཁབ་གོང་འཕེལ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཚུགས་པའི་ཁར་ མི་སྡེ་དང་བཟའ་ཚང་ནང་ལུ་ཡང་ ཞི་བདེ་དང་དགའ་སྐྱིད་འབྱུང་ནི་ཨིནམ་ལས་ གསོ་བའི་འཕྲོད་བསྟེན་འདི་ ངེས་པར་དུ་ཁག་ཆེཝ་ཨིན་ནོ།

ཤེས་རིག་ཀུན་ཚང་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ཡང་ན་ དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ གསུམ་པ་འདི་ ཤེས་རིག་ཀུན་ཚང་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། སྤྱིར་བཏང་འཛམ་གླིང་ནང་ལུ་ རྒྱལ་ཁབ་དང་མི་སེར་གཉིས་ཆ་རའི་དོན་ལུ་ རྒྱུ་ནོར་གྱི་བདོག་གཏད་ངོ་མ་ཅིག་ཤེས་རིག་ཡོན་ཏན་འདི་ཨིན། དེ་མ་ཚད་ ཤེས་རིག་ཡོན་ཏན་འདི་ མི་ཤེས་རྨོངས་པ་སེལ་བའི་སྒྲོན་མེ་ཟེར་ གནག་དུང་དུ་ནང་ལུ་ མུན་པ་སེལ་བའི་མེ་བཟུམ་ཅིག་ཨིནམ་ལས་ དེང་སང་འཛམ་གླིང་གཅིག་འགྱུར་གྱི་འགྱུར་བ་དང་འཁྲིལ་ཏེ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་བའི་དུས་ལུ་ རྒྱལ་ཁབ་གཞན་དང་གཅིག་ཁར་འདྲ་མཉམ་སྦེ་ གོང་འཕེལ་གཏང་ནིའི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན། ང་བཅས་རའི་རྒྱལ་ཁབ་འདི་ ས་གོ་དང་མི་རློབས་ལས་བཅད་པ་ཅིན་ རྒྱལ་ཁབ་གཞན་དང་གཅིག་ཁར་ དོ་འགྲན་འབད་ཚུགས་པའི་ཐབས་ལམ་ཅིག་རྩ་ལས་མེད། རྒྱལ་ཁབ་གཞན་དང་གཅིག་མཚུངས་སྦེ་ དཔལ་འབྱོར་གོང་འཕེལ་གཏང་དགོ་པ་ཅིན་ ལྕོགས་གྲུབ་ཅན་དང་ཡོན་ཏན་ཅན་གྱི་མི་ཁུངས་འདི་དགོཔ་ཡོདཔ་ལས་ མི་ཁུངས་ལྕོགས་ཅན་དང་ཡོན་ཏན་ཅན་ཡོད་མི་བཏོན་དགོ་པ་ཅིན་ དེའིགཞི་རྩ་ངོ་མ་འདི་ ཤེས་རིག་ཡོན་ཏན་དང་དེ་གི་སྤུས་ཚད་འདི་ལེགས་ཤོམ་དགོཔ་ཨིན།

དེ་འབདཝ་ལས་བརྟེན་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དགོངས་དོན་ཚུ་འགྲུབ་ཐབས་ལུ་ སྤྱི་ལོ་ ༡༩༧༢ ལུ་ ཤེས་རིག་གི་གཞི་རྟེན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༩༨ ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ལུ་འབད་བའི་བསྒང་ལས་ སློབ་གྲྭ་བསྡོམས་ ༥༡༩ ལྷག་ཙམ་ཅིག་ལུ་ ཡར་སེང་གནང་ཡོད་པའི་ཁར་ འབྲི་ལྷག་ཤེས་ཡོན་སྦྱང་ནིའི་གོ་སྐབས་མ་ཐོབ་པར་ལུས་ཏེ་ཡོད་མི་ རྒན་གཞོན་ཚུ་གི་དོན་ལུ་ སྤྱི་ལོ་ ༡༩༩༢ ལས་ གཞི་རྟེན་ཤེས་ཡོན་གྱི་ལས་རིམ་ཡང་ འགོ་བཙུགས་གནང་ཡོདཔ་ཨིན་པས། དེ་ལས་ སྤྱི་ལོ་ ༢༠༠༣ ཟླཝ་ ༦ པའི་ཚེས་ ༢ ལུ་ རྒྱལ་པོའི་བཀའ་ཁྲིམས་གཅིག་གི་འོག་ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གཞི་བཙུགས་མཛད་དེ་ མཐོ་རིམ་ཤེས་ཚད་ཀྱི་ལམ་ལུགས་དེ་ལུ་ འགྱུར་བ་གསརཔ་ཅིག་བཟོ་གནང་ཏེ་ རྒྱལ་ཁབ་ནང་ལུ་ ལྕོགས་གྲུབ་ཅན་གྱི་ན་གཞོན་མང་རབས་ཅིག་བཏོན་པའི་རྟགས་མཚན་ལུ་ གཙུག་ལག་དབང་པོ་ཡང་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་མཛད་གནང་ཡོདཔ་ཨིན།

དེ་མ་ཚད་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་ཡང་ མ་འོངས་རྒྱལ་ཁབ་ཀྱི་གནས་སྟངས་ལེགས་ཉེས་འདི་ ན་གཞོན་ཆ་ཁྱབ་ཀྱི་ཡོན་ཏན་དང་ལྕོགས་གྲུབ་ལུ་རག་ལས་ནི་ཨིནམ་ལས་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་པའི་ ཤེས་རིག་ཡོན་ཏན་གྱི་རྩ་གཞུང་དང་སྤུས་ཚད་ཚུ་ དུས་དང་བསྟུན་པའི་ལེགས་བཅོས་འབད་དགོ་པའི་བཀའ་རྒྱ་ཡང་ལས་ཡང་དུ་གནང་བཞིན་ཡོད་པའི་ཁར་ གཞུང་འབྲེལ་དུ་ མི་དབང་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༣ པའི་སྐབས་ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ལས་ འབྲུག་མི་ཡོངས་ལུ་ཤེས་རིག་ལམ་ལུགས་ལེགས་སྒྱུར་གྱི་བཀའ་ཤོག་གནང་ནི་ཨིན་པའི་གསལ་བསྒྲགས་གནང་སྟེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༡ ལུ་ བཀའ་ཤོག་གནང་་ཡོདཔ་ཨིན། མི་དབང་མཆོག་གིས་ དམིགས་བསལ་གྱི་བཀའ་ཤོག་གནང་དགོ་མི་དེ་ཡང་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་པའི་ཤེས་རིག་གི་སྤུས་ཚད་དང་ལམ་ལུགས་ཚུ་ལེགས་བཅོས་འབད་དེ་ མ་འོངས་པ་ལུ་ རྒྱལ་ཁབ་གཞན་དང་གཅིག་ཁར་དོ་འགྲན་འབད་ཚུགས་པའི་ལྕོགས་གྲུབ་ཅན་གྱི་མི་ཁུངས་བཏོན་ནིའི་དོན་ལུ་ཨིན་པས། དེ་མ་ཚད་ གཞུང་གི་ཁ་ཐུག་ལས་འབད་རུང་ ཤེས་རིག་གི་སྤུས་ཚད་ལེགས་བཅོས་འབད་ནི་འདི་ལུ་ གཙོ་རིམ་བཟུང་སྟེ་ཕྱག་ལཱ་མཛད་དང་མཛད་བཞིན་དུ་ཡོད་མི་ཚུ་ག་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་འགྲུབ་ཐབས་ལུ་ཨིན་པས། མདོར་བསྡུ་བ་ཅིན་ རྒྱལ་ཁབ་ནང་ལུ་ ལྕོགས་གྲུབ་ཅན་གྱི་མི་ཁུངས་བཏོན་དགོ་པ་ཅིན་ ཤེས་རིག་གི་སྤུས་ཚད་འདི་ལུ་ རག་ལས་ནི་ཨིན་མས། དེ་མ་ཚད་ ན་གཞོན་ཆ་ཁྱབ་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་འདི་ལོ་བསྟར་བཞིན་དུ་ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་གིས་མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ཞི་བདེ་དང་དགའ་སྐྱིད་ལུ་གནོད་ནི་ཨིནམ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ཚུགས་པར་ལཱ་ཁག་གཏང་ནི་ཨིན་མས། དེ་འབདཝ་ལས་ མ་འོངས་རྒྱལ་ཁབ་ཀྱི་གནས་སྟངས་ཀྱི་ལེགས་ཉེས་འདི་ ཤེས་རིག་གི་སྤུས་ཚད་འདི་ལུ་རག་ལས་ནི་ཨིནམ་ལས་ མི་དབང་རིམ་འབྱོན་ཚུ་གིས་ཡང་ ཤེས་རིག་ལམ་ལུགས་གཞི་བཙུགས་མཛད་དེ་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ ཕྱག་ལཱ་མང་རབས་ཅིག་མཛད་ཡོད་པའི་ཁར་ གཞུང་རིམ་འབྱོན་ཚུ་གིས་ཡང་དེ་ལུ་གཙོ་རིམ་བཟུང་སྟེ་ ཕྱག་ལཱ་གནང་ཡོད་མི་ཚུ་ག་ར་དཔལ་ལྡན་འབྲུག་པའི་སྲིད་བྱུས་ཀྱི་གཞི་རྩ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ཐབས་ལུ་ཨིན་ནོ།

དུས་ཚོད་ལག་ལེན་ཚད་སྙོམས་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ ཡང་ན་ དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ བཞི་པ་འདི་ དུས་ཚོད་ལག་ལེན་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། རྒྱལ་བ་སྲས་དང་བཅས་པ་ཚུ་གིས་ མི་ཁོམས་པའི་གནས་བརྒྱད་ཟེར་ དམྱལ་བ། ཡི་དྭགས། དུད་འགྲོ། ལྐུག་པ། ཀླ་ཀློ། ལྷ་ཚེ་རིང་། སངྱས་ཀྱིས་སྟོང་པ་དང་། ལོག་ལྟ་ལ་སོགས་པའི་གནས་ལས་ཐར་ཏེ་ དལ་འབྱོར་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལུ་ དལ་བ་ཁོམས་པ་ཟེར་ངོ་སྤྲོད་འབད་དེ་ཡོདཔ་ཨིན། སྤྱིར་བཏང་ དེ་བཟུམ་ཅིག་ཨིན་རུང་ སྐབས་སུ་བབས་པ་ ང་བཅས་ར་འགྲོ་བ་མི་ཚུ་གིས་ ཁོམས་པའི་གནས་འདི་ནང་ དུས་ཚོད་ཚད་སྙོམས་སྦེ་སྤྱོད་མ་ཤེས་པ་ཅིན་ དགའ་སྐྱིད་ཕུན་སུམ་ཚོགས་པར་ལཱ་ཁག་གཏངམ་ཨིན། དེ་འབདཝ་ལས་ ང་བཅས་ཆ་ཁྱབ་ དང་པ་མིའི་ལུས་རྟེན་ཐོབ། དེའི་ནང་ལས་ཡང་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ནང་ལུ་སྐྱེས་མི་འདི་ ཚེ་སྔོན་མ་བསོད་ནམས་དཔག་ཏུ་མེད་པར་ བསགས་པའི་འབྲས་བུ་ཅིག་ཨིན་རུང་ ད་རེས་ཀྱི་མི་ཚེ་འདི་ནང་ དུས་ཚོད་འདི་ལེགས་ཤོམ་སྦེ་ལག་ལེན་འཐབ་མ་ཤེས་པར་ སྣང་བ་གང་ཤར་སྦེ་གཏི་མུག་གི་ངང་ལུ་ལུས་སོ་པ་ཅིན་ དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ནིའི་གོ་སྐབས་མེདཔ་ལས་ དུས་ཚོད་ཚད་སྙོམས་སྦེ་ལག་ལེན་འཐབ་ནི་འདི་ གནམ་མེད་ས་མེད་གལ་ཆེ་ཤོས་ཅིག་ཨིན།

དུས་ཚོད་ཚད་སྙོམས་སྦེ་སྤྱོད་ནིའི་དོན་ལུ་ དུས་འཁོར་ཉིན་མཚན་ཆུ་ཚོད་ ༢༤ ཡོད་པའི་ནང་ལས་ དཔལ་འབྱོར་གོང་འཕེལ་དང་ འཚོ་སྐྱོང་འོང་འབབ་ཀྱི་དོན་ལུ་ལཱ་འབད་ནི་དང་ མཚན་རིག་མཁས་པ་ཚུ་གིས་ ཞིབ་འཚོལ་གྱི་གྲུབ་འབྲས་ཚུ་དང་འཁྲིལ་བ་ཅིན་ དུས་རྟག་བུ་ རང་གི་གཟུགས་ལུ་ཕན་ཐོགས་ཤོས་ཅིག་ ཕྱི་རུ་ཞག་ལེགས་ཤོམ་སྦེ་ཉལ་དགོཔ་ཨིནམ་དང་དུས་ཚོད་ཁར་བཞེས་སྒོ་ཟ་ནི། སྤྲོ་བཏོན་ནི་དང་ལུས་སྦྱོང་འབད་ནི་ལ་སོགས་པའི་ལཱ་རྣམ་པ་སྣ་ཚོགས་ཀྱི་དོན་ལུ་དུས་ཚོད་སྤྱོད་ཐངས་འདི་ དཔེར་ན་ ཉལ་ནིའི་དོན་ལུ་ཆུ་ཚོད་ ༨། ལཱ་གི་དོན་ལུ་ཆུ་ཚོད་ ༦། སྤྲོ་བཏོན་གྱི་དོན་ལུ་ཆུ་ཚོད་ ༢། བཟའ་ཚང་ཉེ་འཁོར་ཚུ་དང་མཉམ་ཆུ་ཚོད་ ༤། ལུས་སྦྱོང་གི་དོན་ལུ་ ཆུ་ཚོད་ ༢ དང་དེ་ལས་ཆུ་ཚོད་ ༢ དེ་ཅིག་ ངལ་འཚོ་ནི་ལ་སོགས་པའི་ལས་སྣ་གི་དོན་ལུ་ དུས་ཚོད་རན་ཏོག་ཏོ་བགོ་སྟེ་ ལཱ་འབད་བ་ཅིན་ མི་ཚེ་སྐྱོང་ཐངས་ལུ་ཐབས་མཁས་པའི་སྐྱེས་བུ་དམ་པ་ཅིག་ཨིནམ་མ་ཚད་ རང་གི་གཟུགས་ཁར་གནོད་པ་ཉུང་ནི་ཨིནམ་ལས་ ཞི་བདེ་འབྱུང་ནི་དང་ དེ་ལས་བརྟེན་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ ཞབས་ཏོག་ཡང་ལེགས་ཤོམ་སྦེ་ཞུ་ཚུགས་ནི་ཨིན་མས།

ཨིན་རུང་ མི་ལ་ལུ་ཅིག་གིས་ རྒྱུ་ནོར་ལུ་ཆོག་ཤེས་མེད་པར་འདོད་པའི་དབང་གིས་ ལཱ་འབད་དེ་འོང་འབབ་ག་དེ་ཅིག་བཟོ་ཚུགས་རུང་ ད་ལྟོ་ཡོད་མི་བ་ལྷགཔ་སྦེ་བཟོ་ནིའི་དོན་ལུ་ ཉལ་བའི་གཉིད་མེད་ ཟ་ནིའི་དུས་ཚོད་ཡང་མེདཔ་མ་ཚད་ ཕམ་སྤུན་ཆ་དང་གཉེན་ཉེ་འཁོར་ ཆ་རོགས་ཚུ་དང་གཅིག་ཁར་ གདོང་སྐོར་རྐྱབ་སྟེ་སྡོད་ནིའི་དུས་ཚོད་ཡང་མེད་པར་ ལཱ་དེ་ར་འབད་སྡོད་པ་ཅིན་ ལུས་ལུ་ན་ཚ་དང་ སེམས་ལུ་སྡུག་བསྔལ་མྱོངས་ཏེ་ ལོ་ན་གཞོན་པའི་བསྒང་ལས་ ནད་གཞི་མ་འདྲཝ་འཐོབ་ནི་དང་ ལོ་མ་རྒསཔ་ལས་ལུས་རྒན་རྒས་ཐལ་ནི་ལ་སོགས་པའི་གནོད་པ་ཡོད་པའི་ཁར་ རང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་སྦོམ་ཡོདཔ་ཨིན། དུས་ཚོད་ལག་ལེན་ཚད་སྙོམས་མེད་པ་ཅིན་ དེ་བཟུམ་མའི་བྱ་སྟབས་མ་བདེཝ་འབྱུང་ནི་ཨིནམ་མ་ཚད་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ཡང་ ཞབས་ཏོག་ཞུ་མ་ཚུགསཔ་ལས་ རང་དང་གཞན་གཉིས་ཀ་ལུ་ ཕན་ཐོགས་པའི་ལཱ་འབད་མ་ཚུགས་པའི་གནོད་པ་ཡོདཔ་ཨིན།

མདོར་བསྡུ་བ་ཅིན་ འདོད་པའི་དབང་གིས་ ཆོག་ཤེས་མེད་པར་ལཱ་འབད་ནི་འདི་ དམ་པའི་ཆོས་ཀྱི་ཁ་ཐུག་ལས་འབད་རུང་མ་བཏུབ་ཨིན་པའི་ཁར་ ཚན་རིག་གི་ཁ་ཐུག་ལས་འབད་རུང་ གཟུགས་ཁར་ངལ་གསོ་མེད་པར་ལཱ་འབད་ནི་འདི་ རྩ་ལས་མ་བཏུབ་ཅིག་ཨིནམ་ལས་ དུས་ཚོད་ལོག་སྤྱོད་འབད་ནི་འདི་རྩ་བ་ལས་སྤང་དགོཔ་ཨིན། དེ་འབདཝ་ལས་ རང་དང་གཞན་གྱི་དོན་ལུ་ ལཱ་ག་ཅི་ར་འབད་རུང་ དུས་ཚོད་ཚད་སྙོམས་ཀྱི་ཐོག་ལས་འབད་བ་ཅིན་ དང་པ་ རང་གི་གཟུགས་ལུ་ཁེ་ཕན་ཆེ་བའི་ཁར་ གཉིས་པ་ རང་གི་བཟའ་ཚང་དང་མི་སྡེའི་ནང་ལུ་ ཞི་བདེ་འབྱུང་བའི་ཁེ་ཕན་ཡོད། དེ་མ་ཚད་ གཞུང་རྩ་བ་གསུམ་ལུ་ དམ་ཚིག་ལྷད་མེད་ཀྱི་སྒོ་ལས་ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་ཕན་པ་ལེ་ཤ་ཡོདཔ་ལས་ དུས་ཚོད་སྐར་ཆ་གཅིག་ཡང་ཆུད་ཟོས་མ་བཏང་པར་ བརྩི་བཀུར་ཅན་གྱི་ཐོག་ལས་ དུས་ཚོད་ལེགས་ཤོམ་སྦེ་བགོ་སྟེ་ལཱ་འབད་བ་ཅིན་ རིན་ཐང་དང་བྲལ་བའི་དགོས་འདོད་ག་ར་འབྱུང་ནི་ཨིནམ་ལས་ དུས་ཚོད་ཚད་སྙོམས་སྦེ་་ ལག་ལེན་འཐབ་ནི་འདི་ དཔལ་ལྡན་འབྲུག་པའི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ཅིག་ཨིན་ནོ།

སྔར་སྲོལ་ལམ་ལུགས་བཟང་པོ་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ཡང་པ་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ ལྔ་པ་འདི་ སྔར་སྲོལ་ལམ་ལུགས་བཟང་པོ་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། དེ་ཡང་ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ ལུགས་སྲོལ་རྙིང་པོ་སྲོག་བཞིན་དུ། །གཅེས་ཤིང་གོང་འཕེལ་མ་བཏང་ན། །རྩ་བ་རུལ་པའི་སྡོང་པོ་བཞིན། །མི་འདོད་བཞིན་དུ་འགྱེལ་བར་གྱུར། ། ཟེར་གསུང་དོ་བཟུམ་སྦེ་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་སྲོལ་བཏོད་གནང་སྟེ་ཡོད་པའི་རང་ལུགས་ཀྱི་སྔར་སྲོལ་ལམ་ལུགས་འདི་ མི་རབས་ལས་མི་རབས་ལུ་བརྒྱུད་དེ་འོངས་པའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་རང་དབང་རང་བཙན་གྱི་ངོ་རྟགས་ངོ་མ་ཅིག་ཡང་ཨིན། དེ་འབདཝ་ལས་ ད་ལྟོ་ང་བཅས་ཀྱི་སྐབས་ལུ་ ལམ་སྲོལ་འདི་ཚུ་ལེགས་ཤོམ་སྦེ་བདག་འཛིན་འཐབ་སྟེ་ གཙོ་བོར་མ་བཏོན་པ་ཅིན་ རྒྱལ་ཁབ་ཀྱི་རང་དབང་དང་རང་བཙན་ལུ་ ཐོ་ཕོག་ནིའི་ཉེན་ཁ་སྦོམ་ཡོད་པའི་ཁར་ མ་འོངས་པའི་བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་ནི་མེད་པའི་བསྒང་ལས་ ཕ་སྡོད་སར་བུ་སྡོད་ནི་མེད་པའི་དཀའ་ངལ་འབྱུང་ནི་ཨིན་མས།

ང་བཅས་རའི་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ཆོས་ཀྱི་བསྟན་པ་རྒྱ་ཆེཝ་སྦེ་དར་ཡོད་པའི་རྒྱལ་ཁབ་ཅིག་ཨིན། དེ་ནང་ཡོད་པའི་ལམ་ལུགས་སྲོལ་མ་འདྲཝ་ཚུ་ཡང་ག་ར་ ཆོས་དང་འབྲེལ་བ་ཡོད་པའི་ལམ་སྲོལ་ཅིག་ཨིནམ་ལས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་གསུམ་འདི་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་རང་དབང་ཀྱི་ངོ་རྟགས་ཡང་ཨིན། ང་བཅས་རའི་རྒྱལ་ཁབ་འདི་ འཛམ་གླིང་ནང་གི་རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན་མི་ རྒྱ་གར་དང་རྒྱ་ནག་གཉིས་ཀྱི་སྦུག་ལུ་ཚུད་དེ་ཡོད་པའི་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ དཔལ་འབྱོར་གོང་འཕེལ་དང་།དམག་སྡེའི་ནུས་ཤུགས། དེ་ལས་ མི་རློབས་ལ་སོགས་པ་ག་ཅིའི་ཐད་ལས་འབད་རུང་ གཞན་རྒྱལ་ཁབ་ཚུ་དང་གཅིག་ཁར་ དོ་འགྲན་རྩ་ལས་འབད་མ་ཚུགས་པའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་གཞན་གྱི་མངའ་འོག་ལུ་མ་ཚུད་པར་ལུས་མི་འདི་ རྒྱལ་ཁབ་རང་དབང་རང་བཙན་ཨིན་པའི་ངོ་རྟགས་བཟང་པོ་ དཔེར་ན་ ཆོས་དང་ལམ་སྲོལ་ལ་སོགས་པའི་ཁྱད་ཆོས་བཟང་པོ་ཚུ་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འབད་དེ་ དཔོན་འབངས་ག་ར་བློ་སེམས་གཅིག་ཁར་མཐུན་ཏེ་ མགྲིན་དབྱངས་གཅིག་གི་ཐོག་ལས་བདག་འཛིན་འཐབ་ནི་འདི་གིས་ཨིན་པས།

དེ་བཟུམ་སྦེ་ དེང་སང་འཛམ་གླིང་གཅིག་འགྱུར་གྱི་འགྱུར་བ་དང་བསྟུན་ རྒྱལ་ཁབ་ནང་ལུ་ དཔར་འབྱོར་གོང་འཕེལ་གྱི་ལཱ་དང་ གློག་རིག་ཡོངས་འབྲེལ། ཨང་གནས་ཅན་གྱི་འཕྲུལ་རིག་མ་འདྲཝ་ཚུ་གསར་བཏོན་འབད་དེ་ འཛམ་གླིང་རྒྱལ་ཁབ་མ་འདྲཝ་ཚུ་གི་ ལམ་ལུགས་སྲོལ་ དཔེར་ན་ ཞབས་ཁྲ་འཐེན་ཐངས་དང་།ལྟོ་ཟ་ཐངས། དེ་བཟུམ་སྦེ ལཱ་འབད་ཐངས་དང་ཁ་སླབ་ཐངས་ལ་སོགས་པ་ཚུ་ལུ་ ཡིད་ཆེས་བསྐྱེད་དེ་ ལམ་སྲོལ་ཚུ་ ཉམས་སུ་བླང་ནི་ལུ་སྤྲོ་བ་བསྐྱེད་ནི་དང་ རང་གི་ལམ་སྲོལ་ཚུ་རྒྱབ་ཁར་བསྐྱུར་ཏེ་བཞག་པ་ཅིན་ མ་འོངས་པ་ལུ་ ང་བཅས་རའི་རྒྱལ་ཁབ་ཀྱི་རང་དབང་དང་རང་བཙན་ལུ་ཐོ་ཕོག་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ ནད་མ་འོངསམ་ལས་རིམ་གྲོ་དང་ ཆུ་མ་འོངསམ་ལས་གཡུར་བ་བསལ་ཏེ་ སྔོན་འགོག་འབད་ནི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་དགོངས་དོན་ཅིག་ཨིནམ་མ་ཚད་ འབྲུག་མི་ཡོངས་ཀྱི་འགན་ཁུར་ངོ་མ་ཅིག་ཨིན།

ང་བཅས་རའི་ལམ་སྲོལ་གྱི་ཁྱད་ཆོས་བཟང་པོ་ཅིག་ རང་དང་གཞན་ དེ་ལས་ རྒྱལ་ཁབ་ཀྱི་དོན་ལུ ལཱ་ག་ཅི་ར་འབད་རུང་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་གཙོ་བོར་བཏོན་ཏེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ རང་དང་གཞན་ཟེར་དབྱེ་བ་མ་ཕྱེས་པར་ འཕྲལ་ཕུགས་གཉིས་ལུ་ཕན་ཐོགས་པའི་ལཱ་འབད་ནི་ཚུ་ ཡབ་མེས་དམ་པ་ཚུ་གི་མཛད་ཤུལ་བཟང་པོའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་དགོ་ནི་དང་ མི་སྡེའི་ནང་ལུ་གོང་མར་བཀུར་ལུགས་དང་འོག་མར་སྐྱོང་བཞག་ དེ་དང་མཉམ་པར་ བརྩེ་གདུང་དང་དག་སྣང་ཟེར་ གོངམ་གིས་འོགམ་ལུ་ བྱམས་སྐྱོང་དང་སྐྱིད་སྡུག་བལྟ་ནི། འོགམ་གིས་གོམ་ལུ་ གུས་ཞབས་དང་བརྩི་བཀུར་བསྐྱེད་ནི། ཕམ་དང་བུ་གཞིའི་བར་ན་ བརྩེ་གདུང་དང་སྤུན་ཆ་ལུ་འདུ་ཤེས་དང་ཆ་བཞག་བསྐྱེད་ནི། གཉེན་གྲོགས་ཀྱི་དམ་ཚིག་བསྲུང་ནི་དང་ ཆ་རོགས་འཆམ་མཐུནམ་ཚུ་ལུ་བརྩེ་གདུང་བསྐྱེད་ནི་ལ་སོགས་པའི་ཁྱད་ཆོས་ཚུ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་སྲོལ་གཏོད་མཛད་གནང་བའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ དུས་ཨ་རྟག་ར་ རང་གི་ཚེ་ཐེངས་གཅིགནང་ ཉམས་མ་བཅུག་པར་བཞག་དགོཔ་ཨིནམ་མ་ཚད་ མ་འོངས་བུ་བརྒྱུད་ཚུ་ལུ་ཡང་ ལེགས་ཤོམ་སྦེ་རྩིས་སྤྲོད་དེ་ ཉམས་སུ་བླངས་བཅུག་ནི་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ངོ་མ་ཅིག་ཨིན་པའི་ཁར་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཆོས་གསུམ་གྱི་ནང་དོན་ངོ་མ་ཅིག་ཨིན།

མདོར་བསྡུ་བ་ཅིན་ འབྲུག་རྒྱལ་ཁབ་འདི་ཆུང་ཀུ་ཅིག་ཨིན་རུང་ ད་ལྟོ་ཚུན་ཚོད་ རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་སྦེ་གནས་ཏེ་ ཡོད་མི་འདི་གཙོ་བོ་ར་ རྒྱལ་ཁབ་གཅིག་གི་ལུགས་སྲོལ་བཟང་པོ་འདི་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འབད་དེ་ དཔོན་འབངས་ག་ར་ མགྲིན་དབྱངས་གཅིག་གི་ཐོག་ལས་ དམ་པའི་ཆོས་དང་མཐུན་པའི་ཕྱག་ལཱ་བཟང་པོ་མཛད་ནི་འདི་གིས་ཨིན་པས། དེ་བཟུམ་སྦེ་ མ་འོངས་བུ་བརྒྱུད་ཚུ་ལུ་ཡང་ ཕ་ག་སྡོད་སར་བུ་སྡོད་ནིའི་དོན་ལུ་ད་ལྟོ་ང་བཅས་ཀྱི་སྐབས་ལུ་ ཧེ་མ་ང་བཅས་རའི་ཕམ་གྱིས་ང་བཅས་ལུ་རྩིས་སྤྲོད་དེ་ཡོད་པའི་ལམ་ལུགས་སྲོལ་འདི་ ད་ལས་ཕར་ཡང་སྔར་ག་ཨིནམ་སྦེ་ རྩིས་སྤྲོད་ཚུགས་པ་ཅིན་ གང་བར་ནང་གི་ཆུ་འཐུང་། སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་སྡོད་ནིའི་གོ་སྐབས་འཐོབ་ནི་ཨིནམ་ལས་ ལམ་སྲོལ་བདག་འཛིན་འབད་ནི་འདི་ཧ་ཅང་གིས་ཁག་ཆེཝ་ཨིན་ནོ།

གཞུང་སྐྱོང་ལེགས་ལྡན་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ཡང་ན་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་དྲུག་པ་འདི་ གཞུང་སྐྱོང་ལེགས་ལྡན་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། དེ་ཡང་ འབྲུག་གི་ནོར་བུ་ལས། (༢༠༠༩) འབྲུག་གཞུང་རྩ་བ་གསུམ་གྱི་དོན་ལུ་ ཕྱག་ལཱ་གནང་པའི་སྐབས་ རྒྱལ་ཁབ་གཅིག་གི་མི་སེར་གཅིག་ཨིན་ཟེར་མནོ་བསམ་བཏང་སྟེ་ མགྲིན་དབྱངས་གཅིག་གི་ཐོག་ལས་ ཆགས་སྡང་ཕྱོགས་རིས་ཅན་གྱི་གཡོ་སྒྱུའི་ངན་ལྷད་དང་ ཕྱུགཔོ་དང་སྤྱང་ཀའི་དབྱེ་བ། དྲག་ཞན་མཐོ་དམའ། རང་གི་མི་ཨིན་ཟེར་ཚུར་འཐེན་ནི་དང་ རོགས་ཀྱི་མི་ཨིན་ཟེར་ཕར་འཕུལ་ཏེ་ གོ་སྐབས་བྱིན་ནིའི་ལཱ་ཚུ་ རྩ་བ་ལས་སྤངས་ཏེ་ དམ་ཚིག་ལྷད་མེད་ཀྱི་སྒོ་ལས་ཕྱག་ལཱ་གནང་ནི་དང་། ཁྱད་རིག་དང་ལྕོགས་གྲུབ། འགན་འཁྲི་དང་དྭངས་གསལ། ཤ་ཞེན་ཅན་གྱི་སྒོ་ལས་དྲང་བདེན་གྱི་འགན་ཁག་འབག་སྟེ་ ཕྱག་ལེགས་ཤོམ་སྦེ་ཞུ་ཚུགས་པ་ཅིན་ གཞུང་སྐྱོང་ལེགས་ལྡན་ལས་བརྟེན་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཐོབ་ཚུགས་ནི་ཨིན་མས།

དེ་བཟུམ་སྦེ་ གཞུང་ལས་མི་སེར་ལུ་ཞབས་ཏོག་ཚུ་དགོས་མཁོ་དང་བསྟུན་ཏེ་ དུས་ཚོད་ཁར་བྱིན་ནིའི་ལམ་ལུགས་དང་། མི་སེར་གྱི་གཞི་རྟེན་འཐོབ་དབང་དང་འགན་ཁྲི། མི་སྡེའི་འགོ་ཁྲིདཔ་ཚུ་ འོས་འབབ་ལྡན་པའི་ས་གོ་ནང་འོས་འབབ་ཅན་གྱི་མི་ངོམ་ཚུ་ བཙག་འཐུ་འབད་ཐངས་ཀྱི་ལམ་ལུགས། ཁྲིམས་འབྲེལ་གྱི་བྱ་སྒོའི་ལམ་ལུགས། ཞི་གཡོགཔ་དང་གཞན་ཡང་མི་དམངས་ཀྱི་ཞབས་ཏོག་ཕུལ་ནི་ལུ་མི་ཚུ་གིས་ འགན་འཁྲི་འབག་ཐངས་ཀྱི་ལམ་ལུགས་དང་དྭངས་གསལ་ཅན་གྱི་ཐོག་ལས་ དམ་ཚིག་དཔང་བཙུགས་ཏེ་འབད་དགོཔ་ཚུ་ཡང་ གཞུང་སྐྱོང་ལེགས་ལྡན་གྱི་དགོངས་དོན་གཙོ་བོ་ཅིག་ཨིན།

མདོར་བསྡུ་བ་ཅིན་ གཞུང་དང་མི་སེར་གྱི་དོན་ལུ་ ཕྱག་ལཱ་མཛད་པའི་སྐབས་ གཡོ་སྒྱུ་དང་ངན་ལྷད་ཀྱི་ལཱ་ཚུ་སྤངས་ཞིནམ་ལས་ རང་ལུ་ཕོག་ཡོད་པའི་འགན་ཁུར་དང་འགན་ཁྲི་འདི་ལུ་གཙོ་བོར་བཏོན་ཏེ་ དམ་ཚིག་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞུ་དགོ་པའི་དམིགས་གཏད་སྐྱེདཔ་ཨིན་པས། དེ་མ་ཚད་ གཞུང་དང་མི་སྡེའི་འགོ་ཁྲིདཔ་ཚུ་བཙག་འཐུ་འབད་བའི་སྐབས་རང་དང་གཞན་ཟེར་དབྱེ་བ་མ་ཕྱེས་པར་ ལྕོགས་གྲུབ་དང་འོས་འབབ་ཅན་གྱི་མི་ངོམ་ཚུ་དམ་འཐུ་འབད་ནི་དང་། དེའི་སྐབས་ལུ་ ངན་ལྷད་ཀྱི་ལཱ་ དཔེར་ན་ ནང་གསུག་བྱིན་ནི་དང་། ཆགས་སྡང་ཕྱོགས་རིས་ཀྱི་ལཱ་ཚུ་ རྩ་བ་ལས་སྤངས་ཏེ་ ཕྱག་ལཱ་མཛད་ནི་འདི་ དམངས་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ནང་ལུ་མེད་ཐབས་མེདཔ་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ཡང་ཨིན་ནོ།

མི་སྡེ་འཐབ་རྩོད་དང་བྲལ་ཞིང་མཐུན་སྒྲིག་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ཡང་ན་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ བདུན་པ་འདི་ མི་སྡེ་འཐབ་རྩོད་དང་བྲལ་ཞིང་མཐུན་སྒྲིག་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། མི་སྡེའི་ནང་ལུ་ ཀུན་དང་མཐུན་ལམ་བཞག་ཞིནམ་ལས་ སེམས་དང་སེམས་གཉིས་མཐུན་ཏེ་ འཐབ་རྩོད་ལ་སོགས་པའི་ཞི་བདེ་འཁྲུག་པའི་རྒྱུ་མེད་པ་ཅིན་ རང་བློ་བདེ་བའི་སེམས་ཀྱི་དགའ་བ་ཨིནམ་མ་ཚད་ མི་སྡེའི་སྤྱི་ཚོགས་ནང་ དགའ་སྐྱིད་འབྱུང་སའི་གཞི་ངོ་མ་ཅིག་ཨིན་རུང་ མཐུན་ལམ་འདི་མེད་པ་ཅིན་ཐབས་ཆག་པའི་གཞི་ཅིགཨིན། དེ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྲིད་བྱུས་ངོ་མ་དགའ་བ་དང་བདེ་བ་ཟེར་བའི་སྐབས་ལུ་ རང་ལུ་ཏི་རུ་དང་རྒྱུ་དངོས་ཡོད་མེད་ཀྱི་དགའ་བ་འདི་མེན་པར་ རང་འགྲོ་བ་མི་ཅིག་ཨིནམ་ལས་ ནཝ་ཚཝ་དང་ཤི་རྐྱེན་ལ་སོགས་པའི་སྟབས་མ་བདེཝ་འབྱུང་པའི་སྐབས་ལུ་ གཅིག་གིས་གཅིག་ལུ་ཕན་པའི་གྲོགས་རམ་འབད་མི་དང་བློ་གཏད་ཅན་གྱི་ཁྱིམ་ཚང་གདང་རས་ཚུ་གིས་སྐྱོ་བའི་སྐྱོ་རོགས་འབད་དེ་ སེམས་ལུ་དགའ་བ་མྱོངས་མི་འདི་ལུ་གོཝ་ཨིན།

དབུ་མ་འཇུག་པ་ལས་ རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ།། ཟེར་གསུང་དོ་བཟུམ་སྦེ་ སྤྱིར་འཛམ་བུ་གླིང་ནང་ལུ་ གཅིག་གིས་གཅིག་ལུ་མ་བརྟེན་པར་ སྡོད་ནིའི་ཐབས་སོ་སོ་ཅིག་མེདཔ་ལས་ དགའ་སྐྱིད་འབྱུང་སའི་གཞི་ཡང་འདི་ལས་ལོགས་སུ་ཅིག་མེདཔ་ཨིན། དེ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འབྱུང་སའི་གཞི་རྩ་ཡང་ རང་གཞན་གཉིས་ཀའི་སེམས་ཀྱི་མནོ་དོན་གྲུབ་སྟེ་ ཡིད་ཚིམས་པའི་དགའ་བ་དང་ཞི་བདེ་ཐོབ་མི་འདི་དེ་ལས་བརྟེན་ཏེ་བྱུང་ཡོདཔ་ཨིན་པས།

དེ་སྦེ་མེན་པར་ རང་རྐྱངམ་གཅིག་གི་དོན་ལུ་མནོ་བསམ་བཏང་སྟེ་ གཞན་ལུ་མགུ་སྐོར་དང་གཡོ་སྒྱུའི་ཐོག་ལས་ རྒྱུ་ནོར་བསྒྲུབས་མི་འདི་གིས་ དགའ་སྐྱིད་རྩ་ལས་འཐོབ་མི་སྲིད་ནི་ཨིན་པས། དེ་ཡང་ ག་ཁྱབ་ཟེར་བ་ཅིན་ མགུ་སྐོར་དང་གཡོ་སྒྱུའི་ལཱ་འདི་ ཆོས་དང་འཇིག་རྟེན་གཉིས་ཆ་རའི་ཁ་ཐུག་ལས་མ་བཏུབ་ཨིནམ་ལས་ ལཱ་ངན་འདི་ཡུན་རིངམོ་སྦེ་འབད་སྡོད་པའི་སྐབས་ མི་སྡེའི་ནང་ལུ་ བློ་གཏད་དང་ཡིད་ཆེས་ཉམས་ནི་དང་ ཁྱིམ་ཚང་གདང་རས་ཚུ་དང་གཅིག་ཁར་ འབྲེལ་བ་ཉམས་ཏེ་རང་རྐྱངམ་གཅིག་ལུས་ནིའི་ཉེན་ཁ་ཡོདཔ་ཨིན། ཤུལ་ལས་ རྒྱུ་ནོར་འདི་མི་རྟག་པའི་རང་བཞིན་ཅིག་ཨིནམལས་ཟད་དེ་ག་ནི་ཡང་མེདཔ་སྦེ་འགྱོཝ་སྲིད་ནི་དང་ རང་ལུ་རྐྱེན་ངན་ཚུ་ནམ་འབྱུང་ནི་ཨིན་ན་ཡང་མི་ཤེསཔ་ལས་ རྐྱེན་ངན་རེ་འབྱུང་བའི་སྐབས་རྒྱུ་ནོར་ག་དེམ་ཅིག་ཡོད་རུང་དོན་དག་མེདཔ་ལས་ དེ་བསྒང་ རྒྱབ་སྐྱོར་འབད་མི་དང་ཕན་ཐོགས་ཤོས་ཅིག་ རང་གི་སྤུན་ཆ་ཚུ་དང་ཁྱིམ་ཚང་གདང་རས་ཚུ་ཨིནམ་ལས་ འགོ་དང་འགོ་ལས་ར་ཡ་རབས་བཟང་པོའི་ལམ་འདི་ལུ་བརྩོན་ཏེ་ ཀུན་དང་མཐུན་ལམ་བཞག་དགོཔ་ཁག་ཆེ།

ང་བཅས་རའི་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་མང་རབས་ཅིག་གིས་ ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་པའི་སྦས་གནས་ཁྱད་པར་ཅན་ཅིག་ཨིན་པའི་ཁར་ སྤྲུལ་པའི་ཆོས་རྒྱལ་མི་དབང་རིམ་འབྱོན་རྣམས་ཀྱིས་ རྒྱལ་ཁབ་ཆོས་བཞིན་དུ་སྐྱོང་གནང་བའི་བཀའ་དྲིན་གྱིས་ རྒྱལ་བློན་འབངས་གསུམ་གནམ་མེད་ས་མེད་མཐུན་ཏོག་ཏོ་ཡོདཔ་ཨིན། དེ་མ་ཚད་ གོང་མར་བརྩི་བཀུར་དང་འོག་མར་བྱམས་སྐྱོང་བསྐྱེད་ནི་འདི་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཆོས་གསུམ་གྱི་ཁྱད་ཆོས་ངོ་མ་ཅིག་ཨིནམ་ལས་ རྒྱལ་ཁབ་ནང་ལུ་ང་དྲག་ཁོ་དྲག་ཟེར་བའི་ང་རྒྱལ་མེད་པར་ ལཱ་ག་ཅི་་འབད་རུང་སེམས་མཐུན་པའི་སྒོ་ལས་འབད་བ་ཅིན་ ཡར་རྒྱས་ཀྱི་འགྱུར་བ་ཚུ་སྔར་བ་ལྷགཔ་སྦེ་འགྱོ་ནི་ཨིན་པའི་ཁར་ དགའ་སྐྱིད་དང་ཞི་བདེ་ལ་སོགས་པའི་སེམས་ཀྱི་བདེ་བ་ཚུ་ངམ་ངམ་ཤུགས་ཀྱིས་འཕེལ་ཏེ་ འགྱོ་ནིའི་ནུས་པ་ཡོདཔ་ཨིན།

མདོར་བསྡུ་བ་ཅིན་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ མི་སྡེ་དང་ལུང་ཕྱོགས་ལ་སོགས་པའི་བར་ན་ ཀུན་དང་མཐུན་ལམ་བཞག་སྟེ་ རྒྱལ་ཁབ་ལུ་ཕྱག་ཕྱིད་གང་དྲག་ཞུ་ནི་འདི་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་སྲོལ་བཏོད་གནང་བའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་མ་ཚད་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཆོས་གསུམ་གྱི་གཞི་རྩ་ངོ་མ་ཅིག་ཨིན། དེ་མ་ཚད་ མཐུན་ལམ་འདི་ཟབ་ཏོག་ཏོ་ཡོད་པ་ཅིན་ རྒྱལ་ཁབ་ནང་ལུ་ ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་ལུ་བབས་ཏེ་མི་སེར་ག་ར་གང་བར་ནང་གི་ཆུ་འཐུང་། སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ བདེ་ཞིང་སྐྱིད་པའི་ངང་ལུ་སྡོད་ནིའི་གོ་སྐབས་འཐོབ་ནི་ཨིནམ་ལས་ མི་སྡེ་འཐབ་རྩོད་དང་བྲལ་ཞིང་མཐུན་སྒྲིག་འབད་ནི་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ཟབ་མོ་ཅིག་ཨིན་ནོ།

འབྱུང་བ་ཁམས་གཙང་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ ཡང་ན་ དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ བརྒྱད་པ་འདི་ འབྱུང་བ་ཁམས་གཙང་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། འབྱུང་བའི་ཁམས་འདི་གཙང་ཏོག་ཏོ་སྦེ་བཞག་དགོ་པ་ཅིན་ རང་བཞིན་མཐའ་འཁོར་གནས་སྟངས་དང་སྐྱེ་ལྡན་རིགས་སྣ་ཚུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་སྟེ་ཉམས་སྲུང་འབད་དགོཔ་ཨིན། རང་བཞིན་གནས་སྟངས་ཉམས་སྲུང་འདི་ག་དེ་སྦེ་འབད་དགོཔ་སྨོ་ཟེར་བ་ཅིན་ རང་བཞིན་གནས་སྟངས་ལུ་གནོད་པའི་འགྱིབ་ཤོག་ལ་སོགས་པ་ རུལ་མ་བཏུབ་པའི་ཅ་ཆས་ཚུ་ལག་ལེན་འཐབ་ནི་འདི་མར་ཕབ་དགོ་པའི་ཁར་ དེ་ཚུ་ག་ལྷོད་མེ་གཏང་ནི་ལས་ཧ་ཅང་གིས་འཛེམ་དགོ་པའི་ཁར་ དེང་སང་འཛམ་གླིང་གཅིག་འགྱུར་ལས་བརྟེན་པའི་ཡར་རྒྱས་ཀྱི་འགྱུར་བ་གཏང་པའི་སྐབས་ལུ་འཕྲུལ་རིག་ལག་ལེན་དང་བཟོ་གྲྭ་ཁང་གཞི་བཙུགས་འབད་ནི་ཡང་མར་ཕབ་འབད་དགོཔ་ཨིན། ཕྱགས་སྙིགས་ག་ལྷོད་མེ་གཏང་པ་ཅིན་ བཙོག་རླུང་འཐོན་ནི་དང་བཙོག་རླུང་དེ་གིས་ འབྱུང་བ་འཁྲུགས་ཏེ་འབྱུང་བའི་རྐྱེན་ངན་ དཔེར་ན། ས་རུད། ཆུ་རུད་དང་ རླུང་འཚུབ་ལ་སོགས་པ་ཚུ་འབྱུང་ནི་ཨིནམ་ལས་ ང་བཅས་ར་འགྲོ་བ་མི་དང་སེམས་ཅན་ཚུ་གི་ཞི་བདེ་མེདཔ་གཏངམ་ཨིན། དེ་འབདཝ་ལས་ ང་བཅས་ག་ར་གིས་འགན་ཁུར་འབག་སྟེ་ མཛེས་ཉམས་ལྡན་པའི་རང་བཞིན་གནས་སྟངས་འདི་ ག་དེ་དྲག་དྲག་བདག་འཛིན་འབད་ཚུགས་པ་ཅིན་ འབྱུང་བ་ཁམས་གཙང་ལས་བརྟེན་པའི་དགའ་སྐྱིད་འཐོབ་ཚུགསཔ་ཨིན།

དཔལ་ལྡན་འབྲུག་པའི་སྲིད་བྱུས་ཀྱི་གཞི་རྩ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་འདི་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ ཡར་རྒྱས་གོང་འཕེལ་གྱི་ལཱ་འབདཝ་ད་ ག་ནི་བ་མཛེས་ཉམས་ལྡན་པའི་རང་བཞིན་མཐའ་འཁོར་གནས་སྟངས་ལུ་ གནོད་པ་ག་དེ་ཅིག་ཉུང་ཉུང་གི་ཐོག་ལས་ལཱ་འབད་དགོཔ་འདི་ཨིན། དེ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ལྔ་པའི་དོན་ཚན་གསུམ་པའི་ནང་ལུ་ “གཞུང་གིས་ རྒྱལ་ཁབ་ཀྱི་རང་བཞིན་ཐོན་ཁུངས་ཚུ་གི་སྲུང་འཛིན་དང་ སྣོད་བཅུད་ཀྱི་གནས་ལུགས་དེ་ལུ་ཉམས་ཆག་ཚུ་སྔོན་འགོག་འབད་ནིའི་དོན་ལུ་ འབྲུག་གི་ས་ཆའི་ཁྱོན་བསྡོམས་ལས་ཉུང་ཤོས་ བརྒྱ་དཔྱ་དྲུག་ཅུ་ཐམ་པ་དུས་དང་རྣམ་པ་ཀུན་ཏུ་ ནགས་ཚལ་གྱི་ཁྱབ་བརྡལ་འོག་ལུ་ འཛིན་སྐྱོང་ངེས་གཏན་འཐབ་དགོ་” ཟེར་བཀོད་དེ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ དཔལ་འབྱོར་གོང་འཕེལ་ག་དེ་ཅིག་འགྱོ་སྟེ་འབད་རུང་ རང་བཞིན་མཐའ་འཁོར་འདི་ཉམས་སོ་པ་ཅིན་ རྒྱལ་ཁབ་ཀྱི་རྒྱུ་ནོར་ངོ་མ་ཅིག་དེ་ཨིནམ་ལས་ གྱོང་རྒུད་སྦོམ་ཕོག་ནིའི་ཉེན་ཁ་ཡོདཔ་མ་ཚད་ འབྱུང་བའི་ཁམས་ག་ར་འཁྲུགས་ཏེ་ སྤྱིར་འཛམ་བུ་གླིང་ནང་ལུ་དང་ ལྷག་པར་དུ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ འབྱུང་བའི་རྐྱེན་ངན་ཚུ་ཡང་ རྒྱུན་ཆད་མེད་པར་འབྱུང་ནིའི་ཉེན་ཁ་ཡོདཔ་ལས་ རང་བཞིན་མཐའ་འཁོར་གནས་སྟངས་དང་ སྐྱེ་ལྡན་རིགས་སྣ་ཚུ་བདག་འཛིན་འཐབ་སྟེ་ཉམས་སྲུང་འབད་ནི་འདི་ འཛམ་གླིང་རྒྱལ་ཁབ་ག་ར་གི་འགན་ཁུར་ངོ་མ་ཅིག་ཨིན།

ད་རེས་འཛམ་གླིང་ནང་ལུ་ ཚ་དྲོད་ཡར་འཕར་གྱི་གནས་སྟངས་ཚབས་ཆེན་ཅིག་ལུ་གྱུར་ཏེ་ཡོད་མི་དེའི་རྒྱུ་མཚན་ངོ་མ་ར་ དེང་སང་གི་དུས་ལུ་ ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ བཟོ་གྲྭ་ཁང་གི་གྱངས་ཁ་གནམ་མེད་ས་མེད་ཡར་འཕར་འགྱོ་སྟེ་ཡོད་མི་དང་ དེ་ནང་ལས་འཐོན་མི་ རང་བཞིན་གནས་སྟངས་ལུ་གནོད་པའི་ནག་རླུང་གི་ཁྱབ་ཚད་ཡར་འཕར་འགྱོ་ནི་འདི་གིས་ཨིན་མས། དེ་ལས་བརྟེན་ ད་རེས་ནངས་པ་འཛམ་གླིང་ནང་ལུ་ གནམ་ཤིས་འགྱུར་བའི་གདོང་ལེན་སྦོམ་བྱུང་སྟེ་ཡོད་མི་དེ་ཡང་ བཙོག་རླུང་འདི་གིས་ འབྱུང་བ་འཁྲུགས་པའི་རྐྱེན་ངན་ལས་བརྟེན་ཏེ་ཨིན་མས།

དེ་འབད་ནི་འདི་གིས་ ནད་མ་འོངསམ་ལས་རིམ་འགྲོ། ཆུ་མ་འོངསམ་ལས་གཡུར་བ།ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ རྒྱལ་ཁབ་ནང་ལུ་ གོང་འཕེལ་གྱི་འཆར་གཞི་ག་ཅི་ར་བརྩམས་ཏེ་འབད་རུང་ ནགས་ཚལ་ལུ་གནོད་པ་ག་དེ་ཉུང་ཉུང་གི་ཐབས་ལམ་བསྒྲིག་དགོཔ་ཨིན་པའི་ཁར་ མི་སེར་རེ་རེ་བཞིན་དུ་གིས་ གཅིག་མཐུན་དང་གཅིག་སྒྲིལ་གྱི་ཐོག་ལས་ འབྱུང་བ་བཞི་ལུ་བཙོག་པ་ཞུགས་མ་བཅུག་པར་ ག་དེ་དྲག་དྲག་འགན་ཁག་འབག་སྟེ་བདག་འཛིན་འཐབ་ཚུགས་པ་ཅིན་ དེང་སང་གི་དུས་ལུ་ དཀའ་ངལ་ཚབས་ཆེན་ཅིག་ཨིན་མི་ འཛམ་གླིང་དྲོད་འཕར་ལས་བརྟེན་པའི་གནམ་གཤིས་འགྱུར་བའི་གནོད་ཉེན་བཀག་ཐབས་ལུ་ཕན་ཐོགས་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་གྲུབ་སྟེ་ སྤྱིར་འཛམ་གླིང་ནང་ལུ་དང་ ལྷག་པར་ང་བཅས་རའི་རྒྱལ་ཁབ་ནང་ལུ་ འབྱུང་བ་ཁམས་གཙང་ལས་བརྟེན་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཐོབ་ཚུགས་ནི་ཨིན་པས།

བཅུད་བསྡུ་བ་ཅིན་ འབྱུང་བའི་ཁམས་གཙང་དགོ་པ་ཅིན་ རང་བཞིན་མཐའ་འཁོར་གནས་སྟངས་འདི་ ག་དེ་དྲག་དྲག་བདག་འཛིན་འཐབ་སྟེ་ ཉམས་སྲུང་འབད་དགོཔ་ཨིན། རང་བཞིན་གནས་སྟངས་འདི་ ལེགས་ཤོམ་སྦེ་བདག་འཛིན་འཐབ་ཚུགས་པ་ཅིན་ འཛམ་གླིང་ནང་ལུཚ་དྲོད་ཡར་འཕར་ལས་བརྟེན་པའི་གནམ་གཤིས་འགྱུར་བའི་གནོད་ཉེན་འབྱུང་བཞིན་ཡོད་མི་ཚུ་ མར་ཕབ་འབད་ཚུགས་པའི་ཁར་ བཟོ་གྲྭ་ཁང་ཚུ་ལས་ཐོན་པའི་ ནག་རླུང་ཡང་ འདི་ནང་ཐིམ་ཚུགས་ནི་ཨིནམ་ལས་ འབྱུང་བའི་ཁམས་གཙང་ཏོག་ཏོ་འགྱོ་ནི་ལུ་ཕན་ཐོགས་པའི་ཁར་ དེ་ལུ་བརྟེན་ཏེ་སྡོད་མི་ འགྲོ་བ་མི་དང་སེམས་ཅན་དང་སྲོག་ཆགས་ཚུ་ག་ར་ འཚོ་སྐྱོང་ལེགས་ཤོམ་སྦེ་འཐབ་ཚུགས་ནི་ཨིནམ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་འགྲུབ་ཐབས་ལུ་ཕན་ཐོགས་སྦོམ་ཡོདཔ་ཨིན་ནོ།

འཚོ་བའི་གནས་སྟངས་ལས་བརྟེན་པའི་དགའ་སྐྱིད།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དངོས་གཞི་ ཤེས་བྱའི་གནས་ཡང་ན་དགའ་སྐྱིད་འཁོར་ལོ་རྣམ་དགུ་ལས་ དགུ་པ་འདི་ འཚོ་བའི་གནས་སྟངས་ལས་བརྟེན་པའི་དགའ་སྐྱིད་འདི་ཨིན། ང་བཅས་ར་ འགྲོ་བ་མིའི་ལུས་རྟེན་ཐོབ་ཞིནམ་ལས་ འཚོ་བ་སྐྱོང་ནིའི་དོན་ལུ་ རྒྱུ་ནོར་ལོངས་སྤྱོད་ལངམ་སྦེམེད་པ་ཅིན་འཚོ་བ་སྐྱོང་ཐབས་མེདཔ་ཨིན། མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་སྐྱོང་དགོ་པ་ཅིན་ དང་པ་ རང་སྡོད་སའི་ཁྱིམ་དང་བཟའ་འཐུང་ལངམ་སྦེ་དགོ་པའི་ཁར་ བུ་ལོན་ལ་སོགས་པ་ཚུ་ག་ནི་ཡང་མེད་པར་ རང་མགོ་ཐོན་པའི་འཚོ་ཐབས་དང་ལྡནམ་ཅིག་དགོ། འཚོ་བའི་གནས་སྟངས་འདི་ཡར་རྒྱས་འགྱོ་དགོ་པ་ཅིན་ བཟོ་གྲྭ་དང་ཚོང་ལཱ། ལཱ་གཡོག་གི་གོ་སྐབས་ལ་སོགས་པ་ཚུ་ལས་བརྟེན་ཏེ་ དངུལ་གྱི་འོང་འབབ་ཚུ་ལངམ་སྦེ་དགོཔ་ཨིན། དེ་འབདཝ་ལས་ གཞུང་གི་ཁ་ཐུག་ལས་མི་སེར་ཚུ་ལུ་ ཚོང་ལཱ་འབད་ནིའི་དོན་ལུ་ སྦྱོང་བརྡར་དང་སེམས་ཤུགས། མ་རྩ་གཞི་བཙུགས་ཀྱི་དོན་ལུ་ སྐྱིན་འགྲུལ་གྱི་རྒྱབ་སྐྱོར། མི་སེར་སོ་ནམ་པ་ཚུ་ལུ་ དེང་སང་ལམ་ལུགས་དང་བསྟུན་པའི་སེམས་ཤུགས་དང་རྒྱབ་སྐྱོར་ དཔེར་ན་ འཕྲུལ་རིག་དང་ཐོན་སྐྱེད་ཡར་དྲག་གི་ཐབས་ལམ་ཚུ་གི་རྒྱབ་སྐྱོར་འབད་དགོ་པའི་ཁར་ སོ་ནམ་གྱི་ཐོན་སྐྱེད་ཚུ་ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཚོང་ལམ་དང་ཚོང་འབྲེལ་གྱི་ས་ཁོངས་ཚུ་ངོས་འཛིན་འབད་དེ་ རྒྱབ་སྐྱོར་འབད་མ་ཚུགས་པ་ཅིན་ མི་སེར་མང་ཤོས་ཅིག་ དབུལ་ཕོངས་ཀྱི་དཀའ་ངལ་མྱོངས་ཏེ་ལུས་ནིའི་ཉེན་ཁ་ཡོདཔ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ཚུགས་པར་ལཱ་ཁག་གཏང་ནི་ཨིན་པས།

ང་བཅས་རའི་རྒྱལ་ཁབ་འདི་ ཡར་རྒྱས་ འགྱོ་བའི་བསྒང་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་གྱི་ལཱ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་རུང་ མི་དབང་རིམ་འབྱོན་ཚུ་དང་གཞུང་བཟང་པོའི་མངའ་འོག་ལུ་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ང་བཅས་རའི་རྒྱལ་ཁབ་ཡང་ སྔར་བ་ལྷག་པའི་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་བའི་སྐབས་ མི་སེར་ཚུ་གིས་སོ་ནམ་གྱི་ཐོན་སྐྱེད་ཚུ་ མང་ཤོས་ཅིག་ཚོང་འབྲེལ་འཐབ་ནིའི་གོ་སྐབས་ཐོབ་ཡོདཔ་ཨིན། དེ་འབདཝ་ལས་ང་བཅས་རའི་མི་སེར་ཚུ་གིས་ ལཱ་འདི་འཕྲོ་མཐུད་དེ་འབད་ནི་ལུ་ སེམས་ཤུགས་འཐེབ་སྦེ་ཐོབ་ཡོདཔ་ལས་ ལཱ་འདི་ལུ་བརྩོན་ཏེ་སོ་ནམ་ཐོན་སྐྱེད་ཀྱི་ཐད་ཁར་ རང་མགོ་རང་འདྲོང་ཡོད་པའི་ཁར་ དངུལ་གྱི་འོང་འབབ་ཡང་འབོར་ཆེ་ཏོག་ཏོ་འཐོབ་དོ་ཡོདཔ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་དང་ལྟ་བ་གྲུབ་དང་འགྲུབ་བཞིན་ཡོདཔ་ཨིན།

ང་བཅས་རའི་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ མི་དབང་རིམ་བྱོན་ཚུ་ཡང་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཙང་ཙ་ཨིནམ་ལས་ མི་སེར་ལ་ལུ་བཟའ་འཐུང་དང་སྡོད་སའི་ཁྱིམ། བཀབ་གོ་ལ་ལ་སོགས་པའི་འཚོ་བའི་མཐུན་རྐྱེན་མ་ལངས་པར་དཀའ་སྡུག་མྱོངས་ཏེ་ཡོད་མི་ཡང་ མི་དབང་མངའ་ཞབས་ཀྱིས་རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁ་ལུ་ཞབས་ཀྱིས་བཅགས་ཏེ་ མི་སེར་དཀའ་སྡུག་མྱོངས་ཏེ་ཡོད་མི་ག་ར་ལུ་ སྐྱིད་སྡུག་གནང་སྟེ་ཡོད་པའི་ཁར་ ཨ་ལུཚུ་ཡང་སློབ་གྲྭ་ནང་བཙུགས་ནིའི་སྐྱིད་སྡུག་གནང་སྟེ་ ཕྱུགཔོ་དང་སྤྱང་ཀ་དབྱེ་བ་མེད་པར་ ཤེས་ཡོན་སྦྱང་ནིའི་གོ་སྐབས་བཟང་པོ་ཐོབ་སྟེ་ཡོདཔ་ཨིན། དེ་མ་ཚད་ མི་སེར་ཚུ་ཡང་ མི་དབང་མངའ་ཞབས་ཀྱི་ཐུགས་བརྩེ་དང་བྱམས་བརྩེ་ཆེ་བའི་བཀའ་དྲིན་ལས་ འཚོ་བའི་གནས་སྟངས་ལེགས་ཤོམ་སྦེ་སྐྱོང་དོ་ཡོདཔ་ལས་ གཞན་རྒྱལ་ཁབ་ལ་ལུ་ཅིག་ནང་བཟའ་འཐུང་མ་ལངས་པའི་དཀའ་ངལ། ལ་ལུ་ཅིག་སྡོད་སའི་ཁྱིམ་མེད་པར་ འཚོ་བའི་གནས་སྟངས་ལུ་ཐོ་ཕོག་སྟེ་ཡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་ནང་དེ་བཟུམ་མའི་དཀའ་སྡུག་མྱོང་མི་ག་ཡང་མེདཔ་ཨིན། དེ་འབདཝ་ལས་བརྟེན་ འབྲུག་པའི་མི་སེར་ཚུ་འཚོ་བའི་གནས་སྟངས་ལས་བརྟེན་པའི་ དགའ་སྐྱིད་དཔག་ཏུ་མེད་པར་མྱོངས་ཏེ་ཡོདཔ་ཨིན།

མདོར་བསྡུ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་གྱི་ལཱ་ལུ་བརྟེན་ཏེ་སྐྱོང་དོ་ཡོདཔ་ཨིན་རུང་ གཞུང་གི་ཁ་ཐུག་ལས་ མི་སེར་ཚུ་གི་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་སེལ་ཐབས་ལུ་ ཕྱག་ལཱ་རྩ་འགེངས་ཏེ་གནང་དང་གནང་བཞིན་ཡོད་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་གིས་ཡང་ མི་སེར་ཚུ་དཀའ་སྡུག་ག་ཏེ་མྱོང་སར་ ཞབས་ཀྱིས་བཅགས་ཏེ་ ས་ཞིང་དང་རྒྱུ་ནོར། ཤེས་རིག་ཡོན་ཏན། ལྟོ་དང་གོ་ལ། ལ་སོགས་པའི་སྐྱིད་སྡུག་གནང་བའི་བཀའ་དྲིན་ལས་ འབྲུག་པའི་མི་སེར་ཚུ་གི་འཚོ་བའི་གནས་སྟངས་འདི་ལེགས་ཤོམ་སྦེ་ཡོདཔ་ཨིན་ནོ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བའི་སྐོར།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་འདི་ སྐྱབས་འཛིན་མི་དབང་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་འོག་ལུ་ མི་སེར་གྱི་ཁེ་མིན་ལས་ཚོགསཅིག་ཨིན་མས། དེ་ཡང་ འབྲུག་གི་མི་སེར་ལས་ཚོགས་ཚོགས་པའི་དབང་འཛིན་ནང་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ སྤྱི་ལོ་ ༢༠༡༢ ཀྱི་ལོ་ནང་ ཐོ་བཀོད་མཛད་གནང་ནུག། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༧༠ གྱི་ལོ་ནང་འགོ་བཙུགས་གནང་ཡོད་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་འཆར་གཞི་དང་ ནང་དོན་རིག་པ་ཚུ་གོང་འཕེལ་གཏང་ནིའི་དོན་ལུ་ མི་དབང་ལུ་གུས་བཏུད་བཟུམ་ཅིག་སྦེ་ གཞི་བཙུགས་མཛད་གནང་ནུག། ལྟེ་བ་དེ་གིས་ སྤྱི་སྡེའི་འགྱུར་བ་ ཡུན་བརྟན་སྦེ་མཐར་ཕྱིན་ནིའི་དོན་ལུ་ སློབ་སྦྱོང་གི་འགྱུར་བ་ལུ་ལྷན་ཐབས་འབད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ ག་དེམ་ཅིག་གལ་ཆེཝ་ཨིན་ནའི་སྐོར་ལས་ ཡར་རྒྱས་གཏང་དོ་ཡོདཔ་ཨིན་མས། སྤྱིར་འཛམ་གླིང་རྒྱལ་ཁབ་ཆ་མཉམ་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ བརྩི་མཐོང་བསྐྱེད་ཚུགས་པའི་ཚོར་སྣང་བསྐྱེད་ནི་དང་ དགའ་སྐྱིད་ངོ་མ་འབྱུང་སའི་འཛམ་གླིང་ཅིག་བཟོ་ནི་ལུ་བརྩོན་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གནམ་མེད་ས་མེད་བརྩི་མཐོང་སྐྱེད་མི་ལུ་དམིགས་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ཡང་ ཡུན་བརྟན་གྱི་ཐབས་ཤེས་ཚུ་ འཛམ་གླིང་དང་མནོ་ཅན་མི་ཚུ་ལུ་ གཟིགས་འབུལ་ཕུལ་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་མས། (GNH Centre Bhutan, 2021)

ང་བཅས་རའི་རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ གོང་འཕེལ་གཏངམ་བཞིན་དུ་ཡོདཔ་དང་ དེའི་ནང་ལས་ སྤྱི་ལོ་ ༢༠༢༠ གི་ལོ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་དང་མི་ཚུ་གི་རིག་རྩལ་ལས་རིམ་གཉིས་ མཉམ་འབྲེལ་འབད་དེ་ དགེ་ལེགས་ཕུག་ལུ་སྦེ་ ལས་རིམ་ཅིག་འགོ་འདྲེན་འཐབ་ནུག། དེ་བསྒང་ སློབ་ཕྲུག་ ༡༡༥ དང་གཅིག་ཁར་ འབྲུག་དང་རྒྱ་གར་གཉིས་ལས་ སློབ་སྟོན་པ་མ་འདྲཝ་ཚུ་ཡང་ ཞུ་ཡོདཔ་ཨིན་མས། མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་བའི་སྐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་དོན་གཙོ་བོ་ར་ རིག་རྩལ་དེ་ལག་ལེན་འཐབ་སྟེ་ ང་བཅས་རའི་ལམ་སྲོལ་འདི་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་དང་ ལམ་སྲོལ་རྒྱུན་སྐྱོང་འབད་ནི་ལུ་བརྩོན་ཤུགས་བསྐྱེད་ཡོདཔ་ཨིན་མས། དེ་མ་ཚད་ ཞལ་འཛོམས་དེ་ལུ་བརྟེན་ཏེ་ དེ་ཁར་བཅའ་མར་གཏོགས་མི་རེ་རེ་བཞིན་དུ་གིས་ དུས་རྒྱུན་གྱི་མི་ཚེ་ནང་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ རང་གི་རྒྱུད་ལུ་ག་དེ་སྦེ་སྐྱེ་ནི་ཨིན་ན་དང་ དགའ་བ་འདི་འཇམ་ཏོང་ཏོ་སྦེ་ ག་དེ་སྦེ་སྦྱང་ནི་ཨིན་ན་ཚུ་གི་གྲོས་འཆར་ཡང་ཕུལ་ཡོདཔ་ཨིན་མས། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ ཁོང་གི་དོན་ལུ་བལྟ་བའི་མིག་ཏོ་ ཁ་ཕྱེ་བའི་དངོས་པོ་བཟུམ་ཅིག་ཨིནམ་ལས་ དེ་བཟུམ་མའི་སྐོར་ལས་ཤེས་ཚུགས་པའི་གོ་སྐབས་གནང་མི་ལུ་བཀའ་དྲིན་ཚུ་ཡང་བསམས་ཡོདཔ་དང་། (GNH Centre Bhutan, 2020) དེ་གིས་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གོང་འཕེལ་གཏང་ནི་ལུ་ ཕན་པ་ཡང་སྦོམ་སྦེ་ར་བྱུང་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ ང་བཅས་རའི་ན་གཞོན་ཚུ་གིས་ཡང་ སོ་ནམ་གྱི་ལཱ་འབད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་བརྩི་མཐོང་བསྐྱེད་དེ་ གོང་འཕེལ་གཏང་ནི་ལུ་སྦྱང་བརྩོན་འབད་དོ་ཡོདཔ་ཨིན་མས། དེ་ཡང་ ཁོང་ན་གཞོན་ ༡༡ འབད་མི་མཐོ་རིམ་སློབ་གྲྭ་ལས་མཐར་འཁྱོལ་ཏེ་ ལོ་ངོ་གཉིས་ཀྱི་རིང་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སོ་ནམ་ཚོགས་པའི་ལས་འཆར་འགོ་དང་པ་ཐོ་བཀོད་འབད་ནུག། ལཱ་འབད་བའི་ནམ་དུས་ལུ་ སློབ་སྟོན་པ་གིས་ ཤ་མུ་གི་ལཱ་འབད་ཐངས་དང་ ཤ་མུ་ལུ་འབུཔ་ག་ཅི་གིས་ གནོདཔ་ཨིན་ནའབུཔ་ལ་སོགས་པའི་སྐོར་ལས་སྟོན་ཡོདཔ་ཨིན་མས། ལས་འཆར་ལུ་བརྟན་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ དངོས་སུ་སྦེ་ རང་གིས་ལག་ལེན་འཐབ་ཚུགས་དོ་ཡོདཔ་ཨིན་མས། དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཤེས་བྱའི་རིག་གནས་དགུ་ ལག་ལེན་འཐབ་ཐོག་ལས་ རང་གི་སེམས་དྲན་ཤེས་ཀྱི་ངང་ལུ་བཞག་ནི་ལུ་སྦྱང་བ་འབད་ནི་དང་ མི་སྡེའི་འཚོ་བ་སྐྱོང་ནི་ལུ་འགན་ཁུར་འབག་ནི། དེ་མ་ཚད་ ཁས་བླངས་ཀྱི་ལཱ་ཚུ་ ཁོང་རའི་དུས་རྒྱུན་གྱི་ལཱ་འབད་བའི་སྐབས་ལུ་ དེ་ཚུ་རང་བཞིན་གྱིས་ལག་ལེན་འཐབ་འགྱོ་དོ་ཡོདཔ་ཨིན་མས། དེ་ཚུ་ག་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སློབ་སྦྱོང་འབད་བའི་ནམ་དུས་ལུ་ ཕན་ཐབས་འབྱུང་དོ་ཡོདཔ་ཨིན་མས། ལྟེ་བ་དེ་གིས་ མ་འོངས་པའི་ན་གཞོན་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་འགོ་ཁྲིདཔ་བཟོ་ཐབས་ལུ་ སོ་ནམ་གྱི་ལཱ་ཚུ་འབད་དེ་ རང་གི་གཟུགས་དང་ནང་གི་སེམས་སྒྲིང་སྒྲི་བཞག་ནི་ལུ་ ཡར་རྒྱས་གཏང་ནི་དང་། མི་སྡེའི་གཡུས་སྒོ་ཚུ་དང་འབྲེལ་བ་ལེགས་ཤོམ་སྦེ་བཞག་ནི་དང་ བདག་འཛིན་འཐབ་སྟེ་ཡར་རྒྱས་གཏང་ནི་ལུ་རེ་བ་སྐྱེད་དོ་ཡོདཔ་ཨིན་མས། དེ་ལུ་བརྟེན་ཏེ་ མི་སྡེ་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་དབུ་ཁྲིད་ཀྱི་གོ་འཕང་གཉིས་ ཟུང་འབྲེལ་སྦེ་ལག་ལེན་ཚུགས་པའི་དམིགས་པ་སྐྱེད་དོ་ཡོདཔ་མས། དེ་འབདཝ་ལས་ དེ་ཚུ་ག་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ དངོས་སུ་སྦེ་ལག་ལེན་འཐབ་ནིའི་བརྩོན་ཤུགས་ཅིག་ཨིན་མས། (GNH Centre Bhutan, 2021)

རྒྱབ་རྟེན།

སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། (༢༠༠༩) འབྲུག་གི་ནོར་བུ། ཐིམ་ཕུ། རྡོར་གླིང་གྲོས་ཚོགས།

རྒྱལ་འཛིན་ཤེས་རིག་ཚོགས་སྡེ། (༢༠༡༨) འབྲུག་གི་འབྱུང་རབས། ཐིམ་ཕུག།

རྡོ་རྗེ་རྒྱལ་མཚན། (༢༠༡༢) རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་འཁོར་ལོ་རྣམ་དགུའི་རྩོམ་ཡིག། ཐིམ་ཕུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ།

དཔལ་འབྲུག་ཞིབ་འཇུག་ལྟེ་བ། (༢༠༡༠) འབྲུག་རྒྱལ་བཞི་པ་མི་དབང་མངའ་བདག་རིན་པོ་ཆེ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་མཛད་རྣམ་དེབ་ཐེར་ཆེན་མོ་བཞུགས་སོ། ཐིམ་ཕུག།

GNH Centre Bhutan. (2020). About GNH Centre. Retrieved from Promoting GNH: http://www.gnhcentrebhutan.org

GNH Centre Bhutan. (2021, 10 26). About GNH. Retrieved from Youth Learn GNH Values through Farming Activities: http://www.gnhcentrebhutan.org

GNH Centre Bhutan. (2021). About GNH centre. Retrieved from About GNH Center : http://www.gnhcentrebhutan.org