Jump to content

རྒྱལ་ཡོངས་དུས་ཆེན།

Wikipedia ལས།

༉ ལོ་བསྟར་་སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ འདི་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་རབས་དང་ལྡན་པའི་ཉིནམ་རྩ་ཅན་ཅིག་ཨིན། སྤྱི་ལོ་ ༡༩༠༧ ལུ་ ཉིནམ་འདི་ཁར་ གོང་་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱལ་པོའི་གསེར་ཁྲི་ལུ་མངའ་སྲོལ་མཛད་དེ་ རྒྱལ་ཁབམ་ནང་ རྒྱལ་བརྒྱུད་ཀྱི་སྲོལ་བཏོད་གནང་བའི་དུས་སྟོན་ཁྱད་པར་ཅན་ཅིག་ཨིན། ཉིནམ་དེ་ལས་འགོ་བཙུགས་ཏེ་ འབྲུག་རྒྱལ་ཁབ་འདི་འབྲུག་དབང་ཕྱུག་བརྒྱུད་འཛིན་གྱི་གདུལ་བྱའི་ཞིང་མཆོག་ལུ་གྱུར་ནུག། ལོ་ཨ་རྟག་ར་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ལུ་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ནང་ རྒྱལ་ཡོངས་ཀྱི་ཉིནམ་སྦེ་ མི་ཆེ་འབྲིང་ཆུང་གསུམ་ག་ར་ མགྲིན་གཅིག་དབྱངས་གཅིག་གི་ཐོག་ལས་ བླ་ན་མེད་པའི་དུས་ཆེན་གལ་ཅན་འདི་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། ཉིནམ་འདི་ཁར་འབྲུག་མི་ཡོགས་ཀྱིས་ རྒྱལ་ཁབ་ཀྱི་ཡབ་མེས་དམ་པ་རྣམས་ འུ་སྡུག་ཐང་ཆད་དང རང་སྲོག་ཡང་བློས་བཏང་སྟེ་རྒྱལ་ཁབ་གཅིག་འགྱུར་མཛད་གནང་མི་ལུ་ བཀའ་དྲིན་དྲན་པའི་ཉིནམ་ཅིག་ཨིན། (2018)
རྒྱལ་རབས་ལུ་བལྟ་བ་ཅིན་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ལུ་སྤྱི་ལོ་ ༡༦༡༦ ལུ་ བྱོན་ཏེ་རྒྱལ་ཁབ་གཅིག་འགྱུར་མཛད་དེ་ མི་ལོ་ ༣༥ གྱི་རིང་ཆབ་སྲིད་བསྐྱངས་ཏེ་བཞུགས་ནུག། ཞབས་དྲུང་རིན་པོ་ཆེའི་འདས་ལོ་༡༦༥༡ ལས་འགོ་བཟུང་སྟེ་ མི་ལོ་ ༢༢༥ གི་རིང་ལུ་ རྒྱལ་ཁབ་ནང་དབུ་འཁྲིདཔ་སྒྲིང་སྒྲི་ཅིག་རྩ་ལས་མེད་པར་ སྟབས་མ་བདེ་བའི་རྐྱེན་ངན་གྱིས་རྒྱལ་ཁབ་འདི་ སྡུག་བསྔལ་གྱི་རང་བཞིན་ཅིག་ལུ་གྱུར་སོ་ནུག། དེ་ལས་ སྤྱི་ལོ་ ༡༩༠༠ སྐོར་ཆ་ལུ་ སྲིད་དང་འབྲེལ་བའི་ལུང་ཕྱོགས་སོ་སོའི་འགོ་དཔོན་ཚུ་གི་བར་ན་ ཁ་འཆམ་མ་ཚུགས་པར་ནང་འཁྲུག་དང་དམག་འཐབ་ཀྱི་བྱ་བ་ཡང་ལེ་ཤ་བྱུང་ནུག། སྟབས་མ་བདེ་བའི་དུས་ཚོད་འདི་ཁར་ ལུང་བསྟན་གྱིས་བཀོད་དེ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ ག་གིས་ཡང་གླགས་འཁེལ་མ་ཚུགས་པའི་འགྲན་ཟླ་དང་བྲལ་བའི་སྟོབས་ཤུགས་ཅན་ཅིག་སྦེ་སྡོད་ནུག། རྒྱུ་མཚན་འདི་འབདཝ་ལས་ ཧཱ་དྲུང་པ་ཨོ་རྒྱན་རྡོ་རྗེ་གིས་སྤྱི་ལོ་ ༡༩༠༦ ལུ་ལྷན་རྒྱས་གཞུང་ཚོགས་ལུ་ འབྲུག་རྒྱལ་ཁབ་འདི་ནང་དབུ་ཁྲིད་སྒྲིང་སྒྲི་མེད་པའི་སྟབས་ཀྱིས་ རྒྱལ་ཁབ་ནང་བཞི་བདེ་ཀྱི་ཉིནམ་ཅིག་རྩ་ལས་མ་བྱུང་བའི་ཁར་ དམག་འཁྲུག་ལས་བརྟེན་པའི་སྡུག་བསྔལ་ཡང་ཚད་མེདཔ་ཅིག་བྱུང་ཡོད་པའི་སྐོར་ལས་ ཁ་བསལ་སྦེ་བཤད་དེ་ དུས་དེ་ལས་ཚུར་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་གཞུང་གི་ཆབ་སྲིད་སྐྱོང་བའི་བདག་པོ་སྦེ་རྒྱལ་པོའི་ཁྲི་ལུ་མངའ་སྲོལ་འབད་དགོཔ་སྦེ་ཞུ་ཡིག་ཕུལ་ནུག། དེ་ལས་ཚུར་འབྲུག་གི་དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་འགོ་བཙུགས་ཡོདཔ་ལས་ རྒྱལ་ཁབ་ནང་དགའ་སྐྱིད་ཀྱི་ཉི་མ་འགྱུར་་བ་མེད་པར་ཤར་བཞིན་དུ་ར་ཡོདཔ་ཨིན། (Wangchuk, 2016)
འདི་འབདཝ་ལས་ བཀའ་དྲིན་ཅན་གྱི་འབྲུག་རྒྱལ་དང་པ་ལས་འགོ་བཟུང་སྟེ་ ད་རེས་སྤྱི་ལོ་ ༢༠༢༡ ཚུན་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༤ བརྩི་སྲུང་ཞུ་སྟེ་ཡོདཔ་ཨིན། ང་བཅས་རའི་བཀྲིན་ཅན་གྱི་བདག་ཉིད་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ མི་སེར་ག་རའི་གོ་སྐབས་འདྲ་མཉམ་ལུ་དམིགས་ཏེ་ རྒྱལ་ཡོངས་དུས་ཆེན་འདི་ རྒྱལ་ས་ལྟེ་བ་དང་གཞན་རྫོང་ཁག་ཚུ་ནང་ལོ་སྐོར་སྦེ་བརྩི་སྲུང་ཞུཝ་ཨིནམ་དང་ འབྲུག་མི་ཕྱི་རྒྱལ་ལུ་བཞུགས་མི་ཚུ་གི་དོན་ལུ་ཡང་ གཞུང་གིས་ཟད་འགྲོ་བཏང་ཐོག་ལས་ འཁྲབ་རྩེདཔ་ཚུ་ལྟདམོ་སྟོན་པར་གཏང་དོ་ཡོདཔ་ཨིན། དེ་མ་ཚད་ ཉིནམ་འདི་ཁར་ དགའ་བའི་གླུ་ལེན་སྐྱིད་པའི་བྲོཝ་འཁྲབ་སྟེ་སྤྲོ་སྟོན་གྱི་ལས་རིམ་ སྣམ་པ་སྣ་ཚོགས་འགོ་འདྲེན་འཐབ་སྲོལ་ཡོདཔ་མ་ཚད་ རང་སོའི་ཁ་རྗེ་དབང་ཐང་ལུ་རྟེན་པའི་རྒྱན་ཤོག་གི་ལས་རིམ་ཚུ་ཡང་བརྩམས་ཏེ་ གསོལ་ར་ཡང་རྒྱས་རྒྱས་སྦེ་སྤྲོད་དོ་ཡོདཔ་ཨིན། (n.d.)

ཁུངས་གཏུག།

[ཞུན་དག]
  1. A History of Bhutan 19th to 20th Century. (2018). Course Book for Class VIII (4th ed.) Royal Education Council (REC).
  2. A HISTORY OF BHUTAN. (n.d.). Class 10. Royal Education Council (REC). (Original work published 1996)
  3. Wangchuk, D. (2016). Foundations of Bhutan History: A Concise Guide (1st ed.). Omega Traders.