རྒྱལ་ཡོངས་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་སྡེའི་ལཱ་འགན།

Wikipedia ལས།

རྒྱལ་ཡོངས་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་སྡེའི་སྐོར།[ཞུན་དག།]

འབྲུག་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་ལུ་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་ཟེར་ཁག་ཆེ་བའི་གཙུག་སྡེ་གཉིས་ཡོདཔ་ཨིན།  རྒྱལ་ཡོངས་ཚོགས་སྡེ་ནང་ལུ་འབད་བ་ཅིན་ འབྲུག་གི་རྫོང་ཁག་ ༢༠ ལས་བཙག་འཐུ་གྲུབ་པའི་འཐུས་མི་ ༢༠ དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གདམ་ཁ་རྐྱབ་གནང་བའི་ཁྱད་ལྡན་གྱི་འཐུས་མི་ ༥ འབདཝ་ད་ལུ་བསྡོམས་ཏེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ༢༥ ཡོད། དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་འདི་ སྲིད་ཚོགས་ལས་ཐ་དད་འབདཝ་ལས་ སྲིད་ལྡན་གྱི་་ཚོགས་པ་ག་ཅི་གི་ནང་ལུ་ཡང་ གྲལ་གཏོགས་མེད་མི་ཅིག་ཨིན། དེ་ལུ་བསྐྱར་ཞིབ་ཀྱི་ཚོགས་དམངས་ཟེར་ཡང་སླབ་ཨིན། དེ་བཟུམ་སྦེ་ར་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་འབད་བ་ཅིན་ འབྲུག་གི་འདེམས་ཁོངས་ ༤༧ ལས་ མི་སེར་ཚུ་གིས་བཙག་འཐུ་འབད་ཡོད་པའི་ཆེ་མཐོ་ཅན་གྱི་འཐུས་མི་ ༤༧ ཡོདཔ་ཨིན། དེའི་འཐུས་མི་ཚུ་ སྲིད་ཚོགས་གཉིས་ གཞུང་སྐྱོང་དང་ལྡོག་ཕྱོགས་གང་རུང་ཅིག་གི་ནང་ལུ་ཚུདཔ་ཨིན། དེ་ཡང་ སྲིད་ཚོགས་ཀྱི་འཐུས་མི་ག་གིས་མངམ་བཙག་འཐུ་གྲུབ་མི་འདི་གིས་ གཞུང་སྐྱོང་གི་གོ་སྐབས་འཐོབ་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་གཉིསཔ་ཆ་ར་བསྡོམས་ཏེ་འཐུས་མི་ ༧༢ ཡོདཔ་ཨིན། (National Assembly of Bhutan, n.d)།

རྒྱལ་ཡོངས་ཚོགས་འདུ།[ཞུན་དག།]

རྒྱལ་ཡོངས་ཚོགས་འདུ་འདི་འབད་བ་ཅིན་ སྤྱི་ཚོགས་ཀྱི་ཚོགས་ཁང་འོག་མ་ཨིནམ་དང་ རྒྱལ་ཡོངས་ཚོགས་སྡེ་འདི་ཚོགས་ཁང་གོང་མ་འདི་ཨིན། དེ་ཡང་ ༢༠༠༨ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དོན་ཚན་ ༡༡ པ་དང་ ༡༢ པ་ལྟར་དུ་གཞི་བཙུགས་གནང་ཡོདཔ་ཨིན། དེ་ཡང་ འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ འབྲུག་ཕུན་སུམ་ཚོགས་པ། འབྲུག་མཉམ་རུབ་ཚོགས་པ། མི་སེར་དམངས་གཙོའི་ཚོགས་པ། བུ་ཊཱན་སྐྱིད་ཉམས་པ་ཊི། ཟེར་ཐོ་བཀོད་འབད་མི་ སྲིད་ཚོགས་བཞི་སྡོད་ནུག། བཙག་འཐུ་འདི་ཡང་ ལོ་ངོ་ ༥ གི་རྒྱབ་ལས་ཚར་རེ་འབདཝ་ཨིནམ་དང་ རྩ་བའི་དབྱེ་རིམ་དང་གཙོའི་དབྱེ་རིམ་འབདཝ་ད་ དབྱེ་རིམ་ཁག་གཉིས་སྦེ་འགོ་འདྲེན་འཐབ་ཨིན་པས། དེ་ཡང་ རྩ་བའི་དབྱེ་རིམ་ནང་ལུ་འབད་བ་ཅིན་ ཚོགས་རྒྱན་མཐོ་ཤོས་དང་ མཐོ་ཤོས་གཉིས་པ་འདི་བཙག་འཐུ་གྲུབ་སྟེ་ མཇུག་ལུ་རྩ་བའི་དབྱེ་རིམ་ནང་ལུ་ དོ་འགྲན་འབདཝ་ཨིན་པས། (Bhutan’s Parliament, 2018)། དེ་བཟུམ་སྦེ་ར་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེ་ལུ་འབད་བ་ཅིན་ དབྱེ་རིམ་གཅིག་ལས་བརྒལ་བཙག་འཐུ་འབད་མ་དགོཔ་དང་ བཙག་འཐུ་འབད་བའི་ཤུལ་ལས་ འགོ་དང་པ་ཚོགས་བཞུགས་འབད་བའི་ཉིནམ་ལས་འགོ་བཟུང་སྟེ་ ལོ་ངོ་ ༥ གི་རིང་ལུ་ཕྱག་ཞུ་ནི་འཐོབ་ནི་ཨིནམ་དང་ ལོ་ངོ་ལྔའི་རྒྱབ་ལས་ བཙག་འཐུ་འདི་ལོག་སྟེ་ར་འགོ་འདྲེན་འཐབ་ཨིན་པས། སྤྱི་ཚོགས་ཀྱི་འཐུས་མི་འབད་དགོ་པ་ཅིན་ སྐྱེས་ལོ་ ༢༥ ལས་ ༦༥ གི་བར་ན་འོང་དགོཔ་ཨིན།( National Council of Bhutan, n.d)། རྒྱལ་ཡོངས་ཚོགས་འདུ་འགོ་དང་པ་ ༢༠༠༨ ལུ་འགོ་བཙུགས་པའི་སྐབས་ལུ་ སྤྱི་ལོ་ ༢༠༠༨-༢༠༡༣ ཚུན་ འདེམས་ཁོངས་ ༤༧ ཡོད་ས་ལས་ ༤༥ བཙག་འཐུ་གྲུབ་སྟེ་འབྲུག་ཕུན་སུམ་ཚོགས་པ་གིས་གཞུང་སྐྱོང་ཐོབ་ཡོདཔ་དང་། འདེམས་ཁོངས་ ༢ བཙག་འཐུ་གྲུབ་སྟེ་ལྡོག་ཕྱོགས་འདི་མི་སེར་དམངས་གཙོའི་ཚོགས་པ་གིས་ཕྱག་ཞུ་སྟེ་ཡོདཔ་ཨིན། དེའི་ཤུལ་ལས་ ༢༠༡༣-༢༠༡༨ ཚུན་ཚོད་ གཞུང་སྐྱོང་འདི་མི་སེར་དམངས་གཙོའི་ཚོགས་པ་གིས་ཐོབ་ཡོདཔ་དང་ ལྡོག་ཕྱོགས་འདི་འབྲུག་ཕུན་སུམ་ཚོགས་པ་གིས་ཕྱག་ཞུ་སྟེ་སྡོད་ནུག། དེ་བཟམ་སྦེ་ར་ ༢༠༡༨ ལས་འགོ་བཟུང་སྟེ་ གཞུང་སྐྱོང་འདི་ འབྲུག་མཉམ་རུབ་ཚོགས་པ་ཨིནམ་དང་ ལྡོག་ཕྱོགས་འདི་འབྲུག་ཕུན་སུམ་ཚོགས་པ་ཡོདཔ་ཨིན་པས། (Nation assembly of Bhutan, n.d)།

རྒྱལ་ཡོངས་ཚོགས་སྡེ།[ཞུན་དག།]

རྒྱལ་ཡོངས་ཚོགས་སྡེ་དང་རྒྱལ་ཡོངས་ཚོགས་འདུ་གི་བར་ན་ ལཱ་འགན་གི་ཧོངས་ལས་ཁྱད་པར་འདི་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གི་ལཱ་འགན་གཙོ་བོ་ར་ བསྐྱར་ཞིབ་ཀྱི་ཚོགས་དམངས་སྦེ་ཕྱག་ཞུཝ་ཨིནམ་དང་ གཞུང་གི་སྲིད་བྱུས་དང་ལས་རིམ་ཚུ་ལུ་བསྐྱར་ཞིབ་འབད་ནི་གི་དབང་ཆ་ཡོདཔ་ཨིན་པས། དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་འདི་ ཁྲིམས་བཟོའི་འདུས་ཚོགས་ཅིག་འབདཝ་ལས་ ཁྲིམས་ལེགས་ཤོམ་བཟོ་ནིའི་འགན་འཁུར་ཡང་ཕོགཔ་ཨིན་པས། (National council, 2013)།. དེ་བཟུམ་སྦེ་ར་ རྒྱལ་ཡོངས་ཚོགས་འདུ་གི་ལཱ་འགན་འདི་འབད་བ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཆེན་ ༡༠ (2008) དང་འཁྲིལཝ་ད་ མི་དམངས་བདག་སྐྱོང་དང་སྲིད་བྱུས་ཀྱི་དཀའ་ངལ་ལ་སོགས་པ་ གཞུང་གི་ལས་སྣ་ཚུ་ཞིབ་དཔྱད་འབད་ནི་འདི་ཨིན་པས། དེའི་ནང་ལས་ཡང་གཙོ་བོ་ར་ དངུལ་འབྲེལ་གྱི་གྲོས་འབུལ་ཐོག་ལུ་གསུང་གྲོས་གནང་སྟེ་ གསུམ་དཔྱ་གཉིས་དེ་ཅིག་གིས་ཆ་འཇོག་གྲུབ་ཡར་སོ་པ་ཅིན་ བཅའ་ཁྲིམས་ལུ་འགྱུར་ནི་དང་། བཅའ་ཁྲིམས་འདི་ཡང་ བསྐྱར་ཞིབ་འབད་བར་རྒྱལ་ཡོངས་ཚོགས་སྡེ་ནང་ལུ་བཏང་ཞིནམ་ལས་ བཏུབ་པ་ཅིན་མི་དབང་མངའ་བདག་རིན་པོ་ཆེ་ལུ་ཕུལ་ནི་དང་ མ་བཏུབ་པ་ཅིན་ལོག་སྟེ་ར་ བསྐྱར་ཞིབ་ཀྱི་དོན་ལུ་རྒྱལ་ཡོངས་ཚོགས་འདུ་ནང་ལུ་གཏངམ་ཨིན་པས། (Bhutan and its political parties, 2014)།

འབྲུག་གི་རྒྱལ་ཡོངས་ཚོགས་འདུ་གི་ཕུགས་འཆར་འདི་འབད་བ་ཅིན་ ཕན་ནུས་ཅན་གྱི་དམངས་གཙོའི་ཐོག་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ནི་ལུ་བརྩོན་ནི་ཟེར་ཨིན་པས། དེ་ལས་ དམིགས་ལཱ་འདི་འབད་བ་ཅིན་ འབྲུག་མི་ཡོངས་ཀྱི་རེ་འདོད་འགྲུབ་ཐབས་ལུ་ དོན་སྨིན་ཅན་གྱི་ཁྲིམས་ལུགས་ཚུ་ཞིབ་དཔྱད་འབད་དེ་ འགན་འཁུར་འབག་ནི་ཟེར་ཨིན་པས། (National assembly of Bhutan, n.d)། དེ་བཟུམ་སྦེ་ར་ རྒྱལ་ཡོངས་ཚོགས་སྡེ་གི་ཕུགས་འཆར་འདི་འབད་བ་ཅིན་ འབྲུག་གི་སྲུང་སྐྱོབ་དང་ རང་དབང་རང་བཙན་བདག་འཛིན་འབད་བའི་སྐབས་ལུ་ ཕན་ནུས་ཅན་གྱི་དམངས་གཙོའི་གཞུང་གི་གཙུག་སྡེ་འདི་ སྲིད་དོན་འབྲེལ་མེད་ཅིག་སྦེ་གཙོ་བོ་བཏོན་ཏེ་ འབྲུག་མི་ཡོངས་ཀྱི་ཞི་བདེ་ཡར་སེང་འབད་ནི་ཟེར་ཨིན་པས། དེ་དང་འདྲཝ་སྦེ་ དམིགས་ཡུལ་འདི་འབད་བ་ཅིན་ མི་དམངས་ཀྱི་སྲིད་བྱུས་དང་ཁྲིམས་ལུགས་ཚུ་ཞིབ་དཔྱད་འབད་དེ་ མི་དབང་མངའ་བདག་རིན་པོ་ཆེ་དང་བློན་ཆེན། རྒྱལ་ཡོངས་ཚོགས་འདུ་ལུ་ རྒྱལ་ཡོངས་ནང་ཁག་ཆེ་བའི་སྐོར་ལས་བསླབ་བྱ་ཞུ་སྟེ་ མི་སེར་གྱི་དགོས་མཁོ་དང་རེ་འདོད་འགྲུབ་ནི་ཟེར་ཨིན་པས། (National council of Bhutan, n.d)།

རྒྱབ་རྟེན།[ཞུན་དག།]

Bhutan’s Parliament,(2018). Retrieved from https://web.archive.org/web/20220904061059/https://www.gov.bt/.

National assembly of Bhutan, (n,d). Retrieved from https://www,nab.gov,bt.

National Council of Bhutan, (n.d). Retrieved from https://www.nationalcouncil.bt.