Jump to content

རྒྱལ་ཡོངས་སེམས་ཅན། ༼འབྲོང་གྱིམ་ཙི༽

Wikipedia ལས།

འབྲོང་གྱིམ་ཙི་འདི་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་སེམས་ཅན་ཨིན། འབྲོང་གྱིམ་ཙི་འདི་ འཛམ་གླིང་ནང་ལུ་ ཨོ་འཐུང་སྲོག་ཆགས་སྦོམ་ཤོས་ཅིག་ཨིན། སེམས་ཅན་འདི་ སྤུ་ཅནམ་དང་རྐང་རྨིག་ཡོད་མི། རྩྭ་ཟ་མི་རིགས་ཅིག་ཨིན་པའི་ཁར་ དཔུངམ་མར་གུག་སྟེ་ཡོདཔ་ཨིནམ་དང་ ལྟག་ཀོ་ཐུང་ཀུ་སྟུག་པག་པ་སྦེ་ཡོད། དེ་མ་ཚད་ གདོང་རྒྱ་སྦོམ་ རྣམ་ཅོ་ཆུང་ཀུ་ ལྷ་པ་འབུར་རིལ་རི་དང་ རྭཝ་རྒྱབ་ལོག་སྟེ་ཡོདཔ་ཨིན། སེམས་ཅན་འདི་གི་རང་གཤིས་འདི་ གནམ་མེད་ས་མེད་གཡོ་་སྒྱུ་ཅན་ཅིག་ཨིན་པའི་ཁར་ མཐའ་ཟུར་ཀྱི་ཚལ་མ་སྟུག་པག་པ་ཚུ་ནང་འཁྱམས་སྡོད་དོ་ཡོདཔ་ཨིན། ཁོང་གི་གཟུགས་ཚད་ སྦོམ་འཚམས་ཅིག་དང་ བོངས་ཚོད་ཆེ་རུང་ གྱེན་ཐུར་གཟར་དྲགས་ཚུ་ནང་ འཇམ་ཏོང་ཏོ་སྦེ་འཛེག་ཚུགསཔ་ཨིན། འབྲོང་གྱིམ་ཙི་ལུ་ རིགས་མ་འདྲཝ་བཞི་ཡོདཔ་ཨིན། དེ་ཡང་ བུ་དོར་ཀསི་ ཊེ་སི་ཀ་ལར་ཝའེཊ་ ༼BUDORCAS TAXICOLOR WHITE༽ འབྲོང་གྱིམ་ཙི་འདི་ འབྲུག་རྒྱལ་ཁབ་ནང་ཡོད་མི་འདི་ཨིན། (Lily Wangchuk, 2008). སྤྱི་ལོ་ ༡༩༠༥ ལུ་ བིརི་ཊིཤ་གི་དོན་གཅོད་འགོ་དཔོན་གྱིས་ འབྲོང་གྱིམ་ཙིའི་ཕྱུ་གུ་ཅིག་ རང་བཞིན་གྱིས་གནས་པའི་ས་ཁོངས་ནང་སྡོད་ཡོད་པའི་པར་བཏབ་ཡོདཔ་ཨིན། རྒྱུ་མཚན་འདི་འབདཝ་ལས་ སྤྱི་ལོ་༡༨༥༣ དང་ ༡༩༡༨ ཀྱི་བར་ན་ ཕྱི་གླིངཔ་ཇཱོན་ཀལའུཌ་ཝའིཊ་འདི་ འཛམ་གླིང་ནང་འ་ནཱི་སེམས་ཅན་འདི་ཡོད་པའི་སྐོར་ལས་ དངོས་གསལ་གློག་བརྙན་གྱི་སྒྲུབ་བྱེད་ཐོབ་མི་ ཡུ་རོབ་ཀྱི་མི་ཁུངས་དང་པ་ཨིན། དེ་ཚུན་གྱི་རིང་ལུ་ ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ སེམས་ཅན་འབྲོང་གྱིམ་ཙི་འདི་ དུས་རབས་ ༨ པའི་ནང་ གིརཀི་༼GREEK༽ གི་གཏམ་རྒྱུད་ནང་ལས་ཡང་ ཐོན་ཡོད་པའི་སེམས་ཅན་ སྤུ་མདོག་ཅན་ གཤོག་སྒྲོ་ལྡན་པའི་སེམས་ཅན་ཅིག་ཨིནམ་སྦེ་ཆ་བཞག་དོ་ཡོདཔ་ཨིན་པས། འདི་འབདཝ་ལས་ སེམས་ཅན་འདི་ ཕྱི་རྒྱལ་ཁབ་ཀྱི་ལྟ་བཤལ་པ་ཚུ་གིས་ ལྟདམོ་བལྟ་བར་འོང་མི་གི་གནད་དོན་སྦོམ་ཅིག་ལུ་གྱུར་ནུག། འབྲུག་རྒྱལ་ཁབ་ནང་ལུ་ཡོད་པའི་འབྲོང་གྱིམ་ཙི་འདི་ ས་གནས་གཞན་ཡང་ རྒྱ་གར་བྱང་ཤར་དང་རྒྱ་ནག། བོད་ཀྱི་ནུབ་ཕྱོགས་ལུ་མཐོངམ་ཨིན། (Wangchuk et al., 2015)
སེམས་ཅན་འདི་ རྒྱལ་ཁབ་ཀྱི་བྱུང་རབས་དང་ཆོས་དང་འབྲེལ་བའི་གཏམ་རྒྱུད་ཚུ་དང་འབྲེལ་བ་སྦོམ་ཡོདཔ་ཨིན། སེམས་ཅན་འདི་ གཞན་དང་མ་འདྲཝ་གི་ཡན་ལག་ཚུ་གཅིག་ཁར་བསྡུ་སྟེ་བཟོ་ཡོད་པའི་ལོ་རྒྱུས་ཡོདཔ་ལས་ རྒྱལ་ཁབ་ནང་ཡོངས་གྲགས་ཅན་ཅིག་ཨིན། དེ་ཡང་ དུས་རབས་ ༡༥ པའི་ནང་ལུ་ ཆོས་རྗེ་འབྲུག་པ་ཀུན་ལེགས་ ལྷོ་སྨན་འབྲུག་ཡུལ་ནང་ བླམ་རྩ་ཆེན་ཅིག་ལས་ཆོས་ཞུ་ནིའི་དོན་ལུ་ མི་ལེ་ཤ་སྤུངས་འཛོམས་འབད་ཡོད་པའི་ས་གནས་འདི་ཁར་བྱོན་ནུག། འདི་ཁར་ ཁོ་གི་སྤྱིར་མིན་པའི་བྱ་སྤྱོད་ ཁྲག་ལོང་སི་སི་སྟོན་པའི་སྐབས་ ཆོས་སེམས་ཅན་གྱི་མི་ལེ་ཤ་ཅིག་གི་སེམས་ཁར་མ་བབས་མ་ཚད་ མི་ཚུ་གིས་ ཁོ་ལུ་བརྙས་བཅོས་འབད་ཞིནམ་ལས་ མིག་འཕྲུལ་དང་རྫུ་འཕྲུལ་སྟོན་ཞིག་ཟེར་ཁོང་ཁྲོ་སློང་ནུག། ཨིན་རུང་ ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་ བཏང་སྙོམས་ཀྱི་ངང་ལུ་བཞུགས་ཏེ་ དེ་ཚེ་ཉིན་དགུང་ལུ་ ཁོ་ལུ་སེམས་ཅན་ བ་དང་ར་ཅིག་འབག་ཤོག་ཟེར་གསུངས་ནུག། དེ་ལས་ སེམས་ཅན་འདི་བསད་ཞིནམ་ལས་ ཤ་དང་ཁྲག་ཡོད་ཚདཔ་ཅིགཔོ་བཟའ་འཐུང་འབད་བའི་ཤུལ་མ་ རུ་ཏོ་རྐྱངམ་གཅིག་བཀོག་བཞག་ནུག། རིམ་པ་བཞིན་དུ་ བླམ་གིས་ སྣང་མེད་ཀྱི་ངང་ལུ་ སེམས་ཅན་ར་གི་མགུ་ཏོ་འབག་འོངས་ཞིནམ་ལས་ བའི་རུ་ཏོ་དང་གཅིག་ཁར་མཐུདཔ་ཅིག་ ཕྱག་མཛུབ་ཀྱིས་ ངེས་མེད་ཀྱི་སྐད་སྒྲ་གཅིག་བཏང་པའི་ཤུལ་ལུ་ སེམས་ཅན་ཁྱོད་ཡར་ལོངས་ཏེ་ རྩྭ་ཟ་བར་སོང་ཞིག་ཟེར་བཀའ་གནང་ནུག། དེ་སྦེ་བཀའ་གནངམ་ཅིག་ སེམས་ཅན་ཤི་བའི་རོ་འདི་ ཡར་ལོངས་ཏེ་རྩྭ་ཟ་བར་འགྱོ་ནུག། འདི་ལུ་བལྟ་སྟེ་ དེ་ཁར་འཛོམས་ཡོད་མི་ཚུ་ག་ར་ཧ་ལས་ཏེ་ རྣམ་ཏོག་ལངས་ཆི་ནུག། ལོ་རྒྱུས་ལས་བཅད་པ་ཅིན་ སེམས་ཅན་འདི་འ་ནཱི་སྦེ་བྱུང་ཡོདཔ་ཨིན།
འབྲོང་གྱིམ་ཙི་འདི་ རྩྭ་ཟ་མི་སེམས་ཅན་ཅིག་ཨིནམ་ལས་ འབྲུག་ནུབ་བྱང་དང་བྱང་ཤར་གྱི་གནས་ཚལ་ཚུ་ནང་མཐོང་ཚུགསཔ་ཨིན། ཁོང་གིས་རྩྭ་ངོ་མ་སྦེ་ལོངས་སྤྱོད་དོ་ཡོདཔ་ཨིན། འབྲོང་གྱིམ་ཙི་ལོ་ན་སྨིན་པ་ཚུའི་གཟུགས་ཀྱི་ལྗིད་ཚད་ཀེ་ཇི་ ༢༠༠ ལྷག་ཙམ་ཡོད། སེམས་ཅན་འདི་ འཛམ་གླིང་ནང་ རྩ་མེད་འགྱོ་ནིའི་ཉེན་ཁ་ཡོད་པའི་སེམས་ཅན་ཅིག་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ ད་ལྟོ་ལེགས་ཤོམ་སྦེ་བདག་འཛིན་འཐབ་སྟེ་ཡོད། སེམས་ཅན་འདི་ཚུ་ ས་གནས་མཐོ་ཚད་མི་ཊར་༡༠༠༠ དང་ ༤༥༠༠ གི་བར་ན་ རྩྭ་དང་འདབ་མ་ལུ་ལོངས་སྤྱོད་དེ་སྡོད་དོ་ཡོདཔ་ཨིན། གནམ་བྱཱར་ལུ་ སེམས་ཅན་འདི་ཚུ་ཁྱུ་ཁྱུ་སྦེ་གྲངས་ཚད་ ༡༠༠ ལྷག་ཙམ་སྦེ་སྡོདཔ་མ་ཚད་ གནམ་དགུན་ལུ་ ཁྱུ་གྲངས་ ༡༠ དང་ ༥༠ གི་བར་ན་སྡོད་དེ་ ས་ཁ་དམའ་ས་ མགར་ས་རྫོང་ཁག་ནང་ གནས་སྤོ་སྟེ་འགྱོཝ་ཨིན། རི་གླང་བཟུམ་སྦེ་ འབྲོང་གྱིམ་ཙི་ཕོ་ཚུ་མང་ཤོས་ རང་རྐྱང་སྦེ་སྡོད་དོ་ཡོདཔ་ཨིན། འབྲུག་གི་འབྲོང་གྱིམ་ཙི་ ནམ་དུས་འགུལ་སྐྱོད་དང་འཁྱམ་ས་གི་སྐོར་ལས་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ག་གིས་ ཞིབ་འཚོལ་ཅིག་འབད་ཡོདཔ་ཨིན། ཁོང་ཚུ་གི་གནམ་བྱཱར་གྱི་བཞེས་སྒོའི་ཞིབ་འཚོལ་དང་འཁྲིལ་བ་ཅིན་ འབྲོང་གྱིམ་ཙི་ཚུ་ རྩྭ་ཆག་སྤྱིར་བཏང་ཟ་དོ་ཡོདཔ་ཨིནམ་དང་ དམིགས་བསལ་ཧོན་ལྡུམ་ཚུ་ཟཝ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ག་ནང་ འབྲོང་གྱིམ་ཙི་ ༡༠༠ ལྷག་ཙམ་ཡོད་ཟེར་ཨིན་མས། སེམས་ཅན་འདི་ཚུ་ སྤྱིར་བཏང་ལ་ཁ་མཐོ་སར་སྡོདཔ་ཨིན་རུང་ ཐིམ་ཕུག་སངས་རྒྱས་སྒང་སེམས་ཅན་གླིང་ག་ནང མཐོངམ་ཨིན། སེམས་ཅན་འདི་གི་འདོད་སྤྱོད་གྱི་དུས་ཚོད་འདི་ གནམ་བྱཱར་ལུ་འབདཝ་ལས་ མངལ་ནང་ལུ་ བུ་སོན་རྒྱས་པའི་དུས་ཚོད་འདི་ སྤྱི་ཟླ་ ༡༢ པ་དང་སྤྱི་ཟླ་ ༢ པའི་བར་ན་ སྐྱེ་དོ་ཡོདཔ་ཨིན། ཕྱུ་གུ་འདི་ཚུ་ ཚོད་གཞི་གནགཔོ་སྦེ་ཡོད་རུང་ ལོ་ན་ཚོད་སྨིན་པའི་སེམས་ཅན་ཚུ་ གསེར་མདོག་དང་རྒྱ་སྨུག་སྦེ་ཡོད། སེམས་ཅན་འདི་ཚུ་ རྩ་མེད་འགྱོ་ནི་ཨིན་པའི་ཉེན་ཅན་གྱི་གྲངས་སུ་ཡོདཔ་མ་ཚད་ འབྲུག་རྒྱལ་ཡོངས་ཀྱི་སེམས་ཅན་ཨིནམ་ལས་ སེམས་ཅན་འདི་གསད་ནི་འདི་ ཁྲིམས་ལས་འགལ་བ་ཨིན། ནང་པའི་གསོ་བ་རིག་པ་དང་འཁྲིལ་བ་ཅིན་ འབྲོང་གྱིམ་ཙི་གི་རྭཝ་འདི་ སྨན་ཨིནམ་སྦེ་བཤད་སྲོལ་ཡོདཔ་ལས་ ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ཚུ་ལུ་ཕན་ཐོགསཔ་ཨིན་པས། སེམས་ཅན་འདི་ཚུ་ལུ་ཉེན་ཁ་ཆེ་ཤོས་ར་ གཡག་དང་གཅིག་ཁར་རྩྭ་ཚུ་ དོ་འགྲན་སྦེ་ཟ་དགོ་ནི་འདི་ཨིན།

ཁུངས་གཏུག།

[ཞུན་དག]
  1. Wangchuk, T., Wegge, P., & Sangay, T. (2015). Habitat and diet of Bhutan Takin Budorcas taxicolor whitei during summer in Jigme Dorji National Park, Bhutan [Review of Habitat and diet of Bhutan takin Budorcas taxicolor whitei during summer in Jigme Dorji National Park, Bhutan]. Journal of Natural History. # https://doi.org/10.1080/00222933.2015.1079658
  2. Wanghcuk, L. (2008). Facts about Bhutan. Thimphu, Absolute Bhutan Books.