Jump to content

རྗེ་མཁན་ཁྲི་རབས་༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ཞབས་བརྟན།

Wikipedia ལས།
སྐྱབས་རྗེ་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག།

༄༅། །སྐྱབས་རྗེ་ཁྲི་རབས་༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ཞབས་བརྟན་བཞུགས་སོ།།

༄༅། །ཨོཾ་སྭསྟི། རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་ལས་བལྟམས་པའི།། གསང་གསུམ་མཛད་འཕྲིན་སྟོན་ཟླའི་འོད་སྟོང་གིས། །ཐུབ་བསྟན་ཀུ་མུཏ་འཛུམ་བརྒྱ་འགྲོལ་མཛད་པ། །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ། །མདོ་སྔགས་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་བཅུད། །སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཟིལ་དངར་རྒྱུན། །སྐལ་ལྡན་བུང་བའི་ཚོགས་ལ་འགྱེད་པའི་གཉེན། །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ། །དེ་ལྟར་གསོལ་བཏབ་སྨོན་པའི་བདེན་མཐུ་ཡིས། །མགོན་ཁྱོད་བསྟན་དང་འགྲོ་བའི་གཙུག་རྒྱན་དུ། །ཞབས་ཟུང་རྡོ་རྗེའི་ཁྲི་ལས་མི་གཡོ་བར། །བསྐལ་བརྒྱར་ཆོས་འཁོར་བསྐོར་བཞིན་བཞུགས་སུ་གསོལ། །ཅེས་པ་འདིའང་རྗེ་ཁྲི་རབས་༦༨་ཡོན་ཏན་འོད་ཀྱིས་མཛད་པའོ།།

༄༅། །སྐྱབས་རྗེ་རིན་པོ་ཆེ་༧ ཁྲི་རབས་བདུན་ཅུ་པའི་ཞབས་བརྟན་བཞུགས་སོ།།

༈ ཨོཾ་སྭསྟི། སྟོབས་བཅུ་ལྡན་པ་ཀུན་གྱི་ཡེ་ཤེས་ཟླ། །མོས་པའི་ཆུ་ཀླུང་དེ་སྙེད་སྒྱུ་འཕྲུལ་གཟུགས། །རྣམ་པར་རོལ་པས་འགྲོ་བ་འདྲེན་པའི་མགོན།།འཇིགས་མེད་ཆོས་ཀྱི་གྲགས་པར་ཞབས་བརྟན་གསོལ། །འཇིགས་རུང་འཁོར་བའི་གནས་སུ་འཕྱན་པ་རྣམས། །འཕོ་མེད་བདེ་བའི་ས་ལ་འགོད་པའི་སླད། །ཟབ་རྒྱས་ཆོས་ཀྱི་གདམས་པ་བདུད་རྩིའི་རྒྱུན། །སྩོལ་བའི་གྲགས་པ་སྙན་ལ་ཞབས་བརྟན་གསོལ། །སྡེ་སྣོད་རབ་འབྱམས་འཛིན་པའི་ངོ་མཚར་མཐོ། །རྒྱུད་སྡེ་རྒྱ་མཚོའི་ལུང་གི་གཏེར་མཛོད་ཆེ། །སྙིང་པོ་མན་ངག་ཟབ་མོའི་འབྱུང་གནས་མཆོག །ཆོས་ཀྱི་དབང་ཕྱུག་ཆེན་པོར་ཞབས་བརྟན་གསོལ། །རྣམ་དག་ཚུལ་ཁྲིམས་རི་དབང་བརྟན་པ་ལ། །ཏིང་འཛིན་ལྷ་ཡི་ལྗོན་པ་རབ་ཏུ་རྒྱས། །ཤེས་རབ་འབྲས་བུའི་སྙེ་མས་མཛེས་པའི་དཔྱིད།། སྐྱེ་དགུ་ལེགས་བྲིས་འདོད་འཇོར་ཞབས་བརྟན་གསོལ། །མཆོག་གསུམ་སྐྱབས་ཡུལ་རྒྱ་མཚོའི་བྱིན་རླབས་དང་། །ལྷག་བསམ་དག་པས་གསོལ་བཏབ་བསླུ་མེད་མཐུས། །མགོན་ཁྱོད་ཞབས་པད་རྡོ་རྗེའི་ཆོས་སུ་བརྟན། །བསྟན་འགྲོའི་མཛད་འཕྲིན་དར་རྒྱས་མཐར་ཕྱིན་ཤོག །ཅེས་པ་འདིའང་རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭར་འཁོད་པའི་སློབ་བུ་རྣམས་ཀྱི་བཞེད་སྐོང་དུ། སྐྱབས་མགོན་གང་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་པ་རྨོངས་གཟུགས་བསམ་གཏན་རྡོ་རྗེ་མིང་གིས་རབ་འབྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པའི་ཉིན་བྲིས་པ་དགེ་ལེགས་སུ་གྱུར་ཅིག།