ལས་སྡེ་མ་འདྲཝ།
སེམས་དོན་རིག་པའི་སྤེལ་ཁང་།
[ཞུན་དག]སེམས་རྟོགས་ཁའི་རྗོང་གི་ཉེ་འདབས་ལུ་ཆགས་ཏེ་ཡོད་མི་ སེམས་དོན་རིག་པའི་སྤེལ་ཁང་གི་འབྱུང་རབས་ དུམ་དྲག་ཅིག་ཞུ་བ་ཅིན་ དང་པ་ར་ ག་གིས་གཞི་བཙུགས་མཛད་ཅི་ག་དང་ ག་དེ་སྦེ་་གཞི་བཙུགས་མཛད་ནུག་ག་ དེ་ལས་ག་ཅི་སྦེ་་གཞི་བཙུགས་མཛད་མཛདཔ་ཨིན་ནའི་སྐོར་ལས་ དོན་ཚན་བཞིའི་ནང་བསྡུ་སྟེབྲི་ནི་ཨིན།
སེམས་དོན་རིག་པའི་སྤེལ་ཁང་འདི་ ག་གིས་གཞི་བཙུགས་མཛད་མཛདཔ་སྨོ་ཟེར་བ་ཅིན་ དམ་པའི་ངང་ཚུལ་དགུ་དང་ལྡན་པའི་འགྲོ་བ་སྤྱིའི་སྐྱབས་གནས་ ལྷག་པར་དུ་ འབྲུག་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་ཀྱི་སྟོབས་ལས་འཁྲུངས་པའི་ རྗེ་མཁན་ཁྲི་རབས་བདུན་ཅུ་པ་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་ འཇིགས་མེད་ཆོས་ཀྱི་གྲགས་པ་དཔལ་བཟང་པོ་གིས་གཞི་བཙུགས་མཛད་གནང་གནངམ་ཨིན་མས།
སྤེལ་ཁང་འདི་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༡ གནམ་ལོ་ཤིང་རྟ་རང་ཟླ་བརྒྱད་པའི་ཚེས་ ༡༨ རང་ལུགས་འདས་ལོ་ ༣༦༣ ལུ་ གཟའ་ཚེས་དགེ་བའི་ཉིནམ་ཕུན་སུམ་ཚོགས་པའི་དུས་དང་བསྟུན་ཏེ་གཞི་བཙུགས་གནང་ནུག། བཀྲ་ཤིས་ཚེ་རིང། (༢༠༢༡)
དེ་ཡང་ ག་དེ་སྦེ་གཞི་བཙུགས་མཛད་ནུག་ག་ཟེར་བ་ཅིན་ དང་པ་ར་ ཆེས་མཐོའི་དཔོན་ཁག་དག་པ་ཅིག་དང སློབ་ཕྲུག་ངོ་གྲངས་བཅོ་བརྒྱད་དང་མཁན་པོ་རྣམ་གཉིས་ཀྱིས་སྦེ་ བདེ་ཆེན་ཕོ་བྲང་ལས་སྦེ་འགོ་བཙུགས་གནང་ནུག། དེ་ལས་ ད་ལྟོའི་ས་ཁོངས་སྲིནམོ་ལྟོ་ཁ་ སེམས་དོན་རིག་པའི་སྤེལ་ཁང་ནང་སྤོ་བཤུད་མཛད་གནང་གནངམ་ཨིན་པས། སྤེལ་ཁང་འགོ་བཙུགསཔ་ད་ འཕྲོ་མཐུད་ཤེས་ཡོན་གྱི་ལས་རིམ་ལས་འགོ་བཙུགས་གནང་ནུག་། སློབ་སྦྱོང་དེ་གི་དོན་ལུ་དུས་ཚོད་དེ་ཡང་ ཕྱི་རུ་ཆུ་ཚོད་དྲུག་ལས་བརྒྱད་ཚུན་བཟོ་གནང་སྟེ་ཡོདཔ་ཨིན་མས། དེ་ལས་ཚུར་ ནང་ཆོས་ཀྱི་ཕན་ཐོགས་རྒྱ་ཆེ་དྲགས་ཡོདཔ་་མཁྱེན་ཏེ་ སྐྱབས་རྗེ་མཆོག་དང་སློབ་དཔོན་ལྷན་རྒྱས་རྣམས་མོས་མཐུན་གྱི་ཐོག་ལས་ སྤྱི་ལོ ༢༠༡༦ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༡༦ ལུ་གཏན་འཇགས་ཀྱི་དོན་ལུ་སློབ་སྦྱོང་འབད་སའི་སྤེལ་ཁང་སྦེ་འགོ་བཙུགས་གནང་ནུག། སྤེལ་ཁང་དེ་ཡང་ མཁན་པོ་དང་སློབ་དཔོན་བསྡོམས་བཞི་དང་ སློབ་ཕྲུག་ཕོ་མོ་བསྡོམས་ ༣༣ དེ་ཅིག་སྦེ་་འགོ་བཙུགས་ནུག།
དེ་སྦེ་གཞི་བཙུགས་དགོ་པའི་དོན་དག་དེ་ཡང་ གཙོ་བོ་ར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་བཟང་པོ་ཚུ་ ཟབ་པ་དང་རྒྱ་ཆེ་ནི་འདི་གིས་་ང་བཅས་ཐ་མལ་པའི་བློ་གིས་ག་ཏེ་་བདའ་ཟུན་ནི་ བྱང་ཆུབ་སེམས་དཔའ་ཚུ་གིས་ཡང་འཇལ་མི་ཚུགས་ནི་་ཨིན་པས། ཨིན་རུང་ རྗེས་དཔག་ཚད་མ་གིས་་རྗེས་སུ་དཔགས་ཏེ་དུམ་དྲ་ཅིག་ཞུ་བ་ཅིན། གཙོ་བོ་རྒྱལ་ཁབ་ཀྱི་རང་བཙན་བརྟན་པོར་གནས་ནི་གི་དོན་ལུ་དང། མི་དབང་མཆོག་དང་གཞུང་གི་བཞེད་དོན་བླ་ན་མེད་པ་ཚུ་འགྲུབ་ཐབས་དང། ལྷག་པར་དུ་ ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་དང་བཅས་པར་ འགྲོ་བ་ཀུན་གྱིས་འཐོབ་སྟེ་འཇིག་རྟེན་གྱི་ཁམས་སྤྱི་དང སྒོས་སུ་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ བདེ་ཞིང་སྐྱིད་པའི་ཉི་མ་ཤར་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཐོག་ལས་གནས་ཐབས་ལུ་དམིགས་ཏེ་གཞི་བཙུགས་མཛད་གནང་གནངམ་ཨིན་པས། དེ་ཡང་ རྐྱབས་རྗེ་མཆོག་གིས་སྤེལ་ཁང་འདི་དང་འབྲེལ་བའི་གླུ་ཚིག་གཅིག་བརྩམས་གནང་མི་དེའི་མཇུག་ལུ་ ཞུའོ་ལེགས་པའི་སྨོན་ལམ། །སེམས་དོན་རིག་པའི་ལྟ་བ། །འགྲོ་བ་ཀུན་གྱིས་འཐོབ་ནས། །བདེ་ཆེན་ཆོས་སྐུའི་ས་ལ། །གཅིག་ཏུ་འཛོམས་པའི་སྨོན་ལམ།། སྐྱབས་རྗེ་ཁྲི་རབས་བདུན་ཅུ་པ། (༢༠༡༦) ཞེས་གླུ་ཚིག་གི་ཚིག་དང་དོན་ཚུ་ལེགས་ཤོམ་སྦེ་ མནོ་བསམ་རྒྱ་ཆེཝ་སྦེ་བཏང་བལྟ་བ་ཅིན་ སྤེལ་ཁང་གཞི་བཙུགས་དགོ་པའི་དམིགས་ཡུལ་འདི་ ཁྱད་དུ་འཕགས་པ་ཅིག་དང རྒྱལ་ཁབ་དང་མི་སྡེའི་ནང་ཕན་ཐོགས་ཤོས་ཅིག་ཨིན་པས་ཟེར་ཞུ་ནི་ཨིན།
མཇུག་ར་སྐྱབས་རྗེ་མཆོག་གིས་སྤེལ་ཁང་དེའི་མིང་དང་དོན་མཐུནམ་སྦེ་་སྨོན་ཚིག་ཡང་དེ་སྦེ་ར་གསུངས་རྩོམ་མཛད་གནང་ནུག། འཁོར་འདས་བྱེད་པོ་རང་སེམས་གཉུག་མའི་དོན། །དེ་ཉིད་རིག་པའི་ཐབས་ཚུལ་ཆོས་ཀྱི་གཞུང། །སྤེལ་བའི་ཁང་བཟང་པད་མའི་དགའ་ཚལ་འདིར། །སྐལ་ལྡན་བུང་བའི་ཚོགས་རྣམས་དར་རྒྱས་ཤོག། སྐྱབས་རྗེ་ཁྲི་རབས་ ༧༠ པ། ཅེས་སྨོན་ལམ་མཛད་གནང་ནུག་ཟེར་ཞུ་ནི་ཨིན། སངས་རྒྱས་བསྟན་པ་ཕྱོགས་མཐར་རྒྱས་འགྱུར་ཅིག། དགེའོ།།
ཁུངས་གཏུག།
[ཞུན་དག]- བཀྲ་ཤིས་ཚེ་རིང། (༢༠༢༡) སེམས་དོན་རིག་པའི་སྤེལ་ཁང། སྲིནམོ་ལྟོ་ཁ།
- སྐྱབས་རྗེ་ཁྲི་རབས་བདུན་བཅུ་པ། (༢༠༡༦)སེམས་དོན་རིག་པའི་སྤེལ་ཁང།