ལོ་འབག།
ལོ་འབག།
ལོ་འབག་འདི་ ཧཱ་དང་སྤ་རོ་གི་མི་སེར་ཚུ་གི་དོན་ལུ་ ཉིནམ་གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཅིག་ཨིན་མས། རང་ཟླ་ ༡༠ པའི་ཚེས་ ༢༩ ལས་རང་ཟླ་ ༡༡ པའི་ཚེས་ ༡ ཚུན་ཚོད་ ཧཱ་དང་སྤ་རོ་རྫོང་ཁག་གཉིས་ནང་ལུ་ ཨ་རྟག་ར་ བརྩི་སྲུང་ཞུ་ནི་ཡོད་མི་ལོ་འབག་འདི་ ཁོང་གི་དོན་ལུ་ ལོ་གསར་བཟུམ་ཅིག་ཨིན་མས། ལོ་འབག་ཟེར་མི་འདི་ ལོ་རྙིངམ་འདི་ ནཝ་ཚཝ་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་མཐར་བསྐྱལ་བ་གིས་མ་ཚད་ དེ་བཞིན་དུ་ ལོ་གསརཔ་གི་ནང་ལུ་ ལོངས་སྤྱོད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་འོང་བའི་རྟེན་འབྲེལ་ལུ་ཨིན་མས། དེའི་སྐབས་ལུ་ མི་ཚུ་གིས་འདས་པའི་ལོའི་ནང་ ཆར་ཆུ་དུས་ལུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ མི་ལུ་ན་ཚ་མེད་ ནད་ཡམས་མུ་གེ་ཞི་སྟེ་ ཐུགས་རྗེས་གཟིགས་པའི་དགའ་ཚོར་ལུ་སྦེ་ རང་གི་ཡུལ་ལྷ་དང་ཀླུ་ཚུ་མཆོད་ནི་དང་། གླུད་བཞེངས་ཏེ་ ལོ་གསརཔ་དེ་ནང་འབྱུང་སྲིད་པའི་ན་ཚ་དང་རྐྱེན་བར་ཆད་ཚུ་ཡང་འབག་སོང་ཟེར་ བཤགས་གཏངམ་ཨིན་མས།
ལོ་འབག་གི་སྐབས་ལུ་ ཁྱིམ་གཅིག་གི་བཟའ་ཚང་ཚུ་ ས་གནས་ག་ཏེ་ཡོད་རུང་ ཕ་ཁྱིམ་ནང་ལུ་འཛོམས་ཏེ་ མཛར་ཅུམ་ཟ་ནི་དང༌། དེ་ གིས་ཡང་མ་ཚད་པར་ ལོ་འབག་གི་ཉིནམ་ལུ་ མི་དབང་མངའ་བདག་རྒྱལ་པོ་དང་སྐུ་འཁོར་ལྷན་རྒྱས། དེ་ལས་ འབྲུག་གི་མི་སེར་ག་ར་ དགའ་བ་དང་སྐྱིད་པའི་ངང་ལུ་བཞུགས་པ་གིས་མ་ཚད་ སྐུ་ཚེ་ཞབས་པད་བརྟན་བཅུག་ཟེར་བའི་སྨོན་ལམ་ཚུ་བཏབ་ཨིན། དེ་ལས་ ཧཱཔ་ཚུ་གིས་ ནངས་པ་ལོ་འབག་ཨིན་པ་ཅིན་ ད་རིས་ཕྱི་རུ་ལས་ར་ རྒྱ་རེད་ཕྱེ་དང་ལོམ་གྱིས་ ཧོན་ཏོས་ཚུ་བཟོཝ་ཨིན། ཧོན་ཏོས་འདི་ ཧཱཔ་ཚུ་གི་ཟས་རྡིག་ཤོས་ཅིག་ཨིནམ་དང་། ཉིནམ་ད་རིས་ལས་ར་ ཧོན་ཏོས་བཟོ་དགོ་མི་འདི་ རང་གི་གཉེན་ཉེཝ་ས་ཐག་རིང་སར་སྡོད་མི་ཚུ་ལུ་བསྐྱལ་ནིའི་དོན་ལུ་ཨིན་མས། དེ་ལས་ ལོ་འབག་གི་དུས་ཚོད་ནང་ལུ་ རང་གི་ཁྱིམ་ནང་ལུ་མི་ཅིག་ཤི་སོ་པ་ཅིན་ ལོ་འབག་འདི་བརྩི་སྲུང་ཞུ་ནི་མེདཔ་ཨིན། ལོ་འབག་གི་དུས་ཚོད་ནང་ལུ་ ལཱ་ཁག་ཆེ་ཏོག་ཏོ་ག་ཅི་བཟུམ་ཅིག་ཡོད་དེ་ར་འབད་རུང་ རྒྱབ་ཁར་བཀོ་བཞག་སྟེ་ངལ་འཚོ་སྦེ་སྡོདཔ་ཨིན། ཉིནམ་འདི་ཁར་ ས་ཕྱོགས་གཞན་ཁར་ཡོད་མི་ ཕམ་དང་སྤུན་ཆ་ ཁྱིམ་ཚང་གཉེན་ཉེཝ་ཚུ་ག་ར་ རང་གི་གཡུས་ཁར་འོངས་སྦེ་ གཅིག་ཁར་འཛོམས་ཏེ་ ཉིནམ་འདི་གནམ་མེད་ས་མེད་སྤོ་བ་ཆེ་ཏོག་ཏོ་བཟོཝ་ཨིན།
དེ་ལས་ གཡུས་ཁ་གི་ཕོ་སྐྱེས་ཚུ་གིས་ ལོ་འབག་གི་ཉིནམ་འདི་ལུ་ མདའ་དང་ཁུ་རུ་ལ་སོགས་པ་ རང་ལུགས་ཀྱི་རྩེདམོ་གཞན་ཚུ་ཡང་བརྩེ་ནི་ཡོདཔ་དང་ ཨམ་སྲུ་ཚུ་གིས་ རྩེདམོ་རྩེ་ས་ལུ་ ཞབས་ཁྲ་རྐྱབ་ཤེས་མི་ཚུ་གིས་ཞབས་ཁྲ་རྐྱབ་ ཞབས་ཁྲ་རྐྱབ་མ་ཤེས་མི་ཚུ་གིས་ ཇ་ཆང་ཚུ་བསྒྲིགས་ཏེ་བསྐྱལཝ་ཨིན་མས། དེ་ལས་ ཉིན་མར་རྩེདམོ་བརྩེས་པའི་ཕྱི་རུ་ ཕོ་མོ་ག་ར་གནསཔོ་གཅིག་གི་ཁྱིམ་ནང་ལུ་ ག་ར་དགའ་དགའ་སྤོ་བའི་སྒོ་ལས་ དྲོ་པ་ཚུན་ཚོད་ཞབས་ཁྲ་རྐྱབ་སྟེ་སྡོདཔ་ཨིན་མས།
རྒྱབ་རྟེན་དཔེ་ཐོ།
འབྲུག་གི་དངོས་་མེད་ལམ་སྲོལ. (༢༠༡༥).
Dorji, J. (2009). Lomba:The New Year in Paro Style.In Proceeding of the Fifth Colloquium on Tangible & Intangible Cultural Heritage,II. Paro.
samten. (n.d.). archaryasamten . Retrieved from https://archaryasamten.blogs pot.com.