ལྷ་མོའི་བཟློག་བསྒྱུར།

Wikipedia ལས།

༑ ལྷ་མོའི་བཟློག་པ་ནི།

དེ་ལྟར་མ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མཁའ་འགྲོའི་ཉམས་ཆག་བྱུང་བ་སྐོངས། །འཇིག་རྟེན་མཁའ་འགྲོའི་གནོད་པ་བཟློག །མ་མོའི་ཡམས་ནད་བྱུང་བ་བཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་བཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བནྡྷེའི་བྱད་ཁ་སླད་ལ་བསྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་བཟློག །གཞན་གྱི་རྦད་འདྲེའི་ཕུར་ཁ་བཟློག། །རྨི་ལྟས་མཚན་མ་ངན་པ་བསྒྱུར། །ལོ་སྐག་ཟླ་སྐེག་ཞག་སྐེག་བསྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བའི་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་པ་སྐོངས་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་སྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མཐུ་སྟོབས་སྐྱེད་ལ་དཔུང་གཉེན་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉིན་དང་མཚན་མོ་བྱ་ར་མཛོད། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱོད་ཀྱིས་སྒྲུབ་པར་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་བསྒྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཚོགས་རྣམས་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག། །།