ཤར་གྱི་བློ་ཅུ།

Wikipedia ལས།

ཤར་གྱི་བློ་ཅུ།

ཤར་གྱི་བློ་ཅུ་ཟེར་མི་འདི་ འབྲུག་ལུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ དར་ཁྱབ་སྦོམ་མ་འགྱོ་བའི་ཧེ་མ་ བོན་ཆོས་ཀྱི་བསྟན་པ་དར་ཁྱབ་སྦོམ་སོང་སྟེ་ཡོདཔ་ལས་ ཤར་གྱི་བློ་ཅུ་འདི་ཡང་ སྔོན་མ་བོན་ཆོས་དར་ཏེ་ཡོད་པའི་དུས་ལས་བྱུང་ཡོདཔ་ཨིན་མས། ཤར་གྱི་བློ་ཅུ་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ ཡོངས་གྲགས་སྦེ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། ཤར་གྱི་བློ་ཅུ་འདི་ ཤར་དར་བརྒྱད་ལས་ཀ་གཞི་དང་ ཉི་གཤོང་ དྭངས་ཆུ་རྒེད་འོག་གསུམ་ནང་བརྩི་སྲུང་ཞུ་དོ་ཡོད་པའི་ཁར་ སྲས་ཕུ་རྒེད་འོག་ རུ་ཀུབ་སྦྱིས་གཡུས་ཚན་ནང་ལུ་ཡང་ བརྩི་སྲོལ་ཡོདཔ་ཨིན་པས། དེ་མ་ཚད་ ཤར་སྒང་སྟེང་ལས་ཨིན་མི ཕུརཔ་རྡོ་རྗེ་གིས་སླབ་མི་ནང་ དབང་འདུས་རྫོང་ཁག་གི་རྒེད་འོག་ལུ་ཡོད་པའི་ལེན་ཁེ་སྦྱིས་དང་ ཀུན་དགའ་ཁྲང། ཀུན་བཟང་གླིང་། ཕངས་གཡུས། ཉི་གཤོང་རྒེད་འོག་གི་སྤྱི་འོག་ཅིག་ཨིན་མི་ གཡུས་ཚན་དགེ་ལི་ཁ་ཟེར་ས་ དུས་སྟོན་འདི་བརྩི་སྲུང་ཞུཝ་ཨིན་ཟེར་བཤདཔ་ཨིན་མས།

བློ་ཅུ་འདི་ ལོ་གསུམ་གྱི་བར་ན་ ཚར་རེ་གསོལ་ནི་དང་མཆོད་སྲོལ་ཡོདཔ་ལས་ ཉིནམ་དེ་ཁ་ལུ་ གཡུས་ཚན་འདི་ནང་གི་མི་ ཆེ་འབྲིང་ཆུང་གསུམ་མེདཔ་གཅིག་ཁར་འཛོམས་ཏེ་ ལས་རིམ་འདི་ག་ནི་བ་སྤྲོ་བ་ཆེ་ཏོག་ཏོ་ཅིག་སྦེ་བརྩི་སྲུང་ཞུ་ནི་འདུག། བློ་ཅུ་འདི་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་ཚུ་ག་ར་གོ་ལ་རྡིག་རྡིགམ་སྦེ་གྱོན་ནི་ཡོདཔ་མ་ཚད་ བུམོ་ལེགས་ཤོས་ཚུ་ཡང་བཏོན་པའི་སྲོལ་འདུག། ཐང་གི་སྦུག་ལུ་བློ་ཅུ་འདི་ འགོ་མ་བཙུགས་པའི་ཧེ་མ་ ཕ་ཇོ་གིས་སྦེ་ གཡུས་གི་སྦུག་ལུ་ ཆོས་སྲུང་གི་ཆོ་གུ་གཏང་དགོཔ་ཨིན་མས།  དེ་ཡང་ སངས་རྒྱས་ཀྱི་བསྟན་པ་མ་དར་བའི་ཧེ་མ་ བོན་ཆོས་ཀྱི་སྟོན་པ་འདི་དར་ཏེ་ཡོདཔ་ལས་བརྟེན་ ཕ་ཇོ་གིས་སྦེ་བོན་ཆོས་ཀྱི་ཆོ་གུ་གཏངམ་ཨིན་མས།  དེ་ལས་ བློ་ཅུ་འདི་འགོ་མ་བཙུགས་པའི་ཧེ་མ་གཡུས་དེ་ནང་གི་དཔའ་རྫཔ་ཚུ་གིས་ བཙན་དར་ཞུ་བར་རང་སོའི་གཡུས་ཁའི་ལྷ་ཁང་ནང་འགྱོ་དགོཔ་དང་ གཡུས་དགེ་ལི་ཁ་གིས་དཔའ་རྩལཔ་ཚུ་འབདན་ བསལ་སྒང་ལུ་འགྱོ་དགོཔ་ཨིན་མས། ཤར་གྱི་བློ་ཅུ་འདི་ གཡུས་འདི་ནང་ལུ་ཡོད་པའི་གནས་བདག་ཨང་རྒས་སྲིན་མོ་རྒྱལ་མོ་ཟེར་མི་ བོད་གཡུས་སྒྲུ་གླིང་གི་ཆོས་སྐྱོང་ཅིག་ཨིནམ་དང་ གནས་བདག་འདི་ དུས་རབས་ ༡༥ པའི་ནང་ལུ་ གདན་ས་དང་པ་ཀུམ་བུ་ལུ་ཆགས་ དེ་ལས་ ལོ་བཞི་གི་རྒྱབ་ལས་ ཉི་མའི་ཟེར་གུར་ཆིབས་ཏེ་ ཝ་ཤར་ལུ་གདན་ས་བཅགས་གནང་ནུག། གདན་ས་འདི་གི་མིང་ལུ་ བསལ་སྒང་ཟེར་སླབ་མི་འདི་  གདན་ས་འདི་གི་ས་གནས་ མོ་ར་གིས་བསལ་གནང་ནི་འདི་གིས་ཨིན་མས། གཡུས་འདི་ནང་གི་མི་ཚུ་གིས་ ཨང་རྒས་ལུ་ སྐྱབས་འཚོལ་བའི་བརྡ་ལུ་ བློ་ཅུ་འདི་བརྩི་སྲུང་ཞུཝ་ཨིན་མས། བློ་ཅུ་བརྩི་སྲུང་ཞུ་སའི་སྤང་ཐང་ནང་ལས་ དབང་ཕྱུག་ཆེན་པོ་འདི་ སྤྱི་དཔོན་གྱི་ཁྱིམ་ནང་ཞུ་ཞིནམ་ལས་ གཉེན་གྲོགས་བུ་གཞི་མ་འཁོར་མི་ཚུ་གིས་ དབང་ཕྱུག་ཆེན་པོ་ལུ་སྨོན་ལམ་ལེགས་ཤོམ་སྦེ་ བཏབ་སྟེ་དངོས་གྲུབ་ཞུ་བ་ཅིན་ ཨ་ལུ་་གི་དངོས་གྲུབ་ཡང་གནངམ་ཨིན་ཟེར་སླབ་སྲོལ་འདུག།  ཤར་གྱི་བློ་ཅུ་གསོལ་དགོ་པའི་་རྒྱུ་མཚན་ཡང་ གཡུས་ཁ་ལུ་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུག་རྟག་ཏུ་ལེགས་ ནད་ཡམ་མུ་གེ་ལ་སོགས་པ་མི་འབྱུང་ནི་དོན་ལུ་ གཡུས་ཁའི་སྐུ་རིམ་བཟུམ་ཅིག་ཨིན་མས། དེ་ལས་གཡུས་ཁའི་ཕམ་སྤུན་ཆ་དང་ལྟ་ལྟོ་ཚང་། གཉེན་ཉེཝ། ཁྱིམ་ཚང་ཚུ་ག་ར་གཅིག་ཁར་འཛོམས་ཏེ་ དགའ་སྤྲོ་སྟོན་ནིའི་དོན་ལུ་དང་ སྔར་སྲོལ་ལམ་ལུགས་བདག་འཛིན་འཐབ་ནིའི་དོན་ལུ་ཨིན་ཟེར་བཤདཔ་ཨིན་མས། ཤར་གྱི་བློ་ཅུ་འདི་གསོལ་བའི་སྐབས་ གཙོ་བོ་དཔའ་བོ་དང་དཔའ་མོ། རྣལ་འབྱོརམ། དཔའ་རྩལཔ་ཚུ་དགོཔ་ཨིན་མས། དེ་ལས་ བློ་ཅུ་མཆོད་པའི་སྐབས་ལུ་ དཔའ་བོ་གིས་ ༼ནང་ན་ལས་གོ། ཕྱི་ལས་ཁ་དམར་བཀབ་ནེ། རིགས་ལྔ། ཀྲང་ཀྲི་དང་དྲིལ་བུ།༽ རྣལ་འབྱོལ་མ་གིས་ ༼ཕྱི་ཁ་ལས་དཀྱི་ར། མགུ་རིགས་ལྔ་། ལག་པར་ཀྲང་ཀྲི་དང་དྲིལ་བུ།༽ དཔའ་རྩལཔ་གིས་ ༼ཕྱི་ལས་གོ། ལག་པར་དཔའ་རྟགས། མགུ་ཏོ་ཁར་ཐོད། རྒྱབ་ཁར་དར།༽ ཚུ་དགོཔ་ཨིན་མས། ཤར་གྱི་བློ་ཅུ་འདི་ ཧེ་མ་དབང་འདུས་ཀྱི་མི་ཚུ་གིས་ གནམ་མེད་ས་མེད་ཆ་བཞགཔ་མ་ཚད་ འབྲུག་རྒྱལ་ཁབ་ནང་གྱི་མི་ཤེསཔ་མཐོངམ་ཚུ་གིས་ཡང་ཆ་བཞག་བསྐྱེད་ཡོད་རུང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་ལས་བརྟེན་ ན་གཞོན་ཚུ་གིས་ སྔོན་གྱི་ལམ་སྲོུལ་ཚུ་ལུ་སྤོ་བ་དང་ཆབཞག་ཉུང་སུ་འགྱོ་དོ་ཡོདཔ་ཨིན། ད་རེས་ནངས་པ་ ན་གཞོན་ཚུ་ཆོས་ཡོན་ཏན་ལྷབ་སྟེ་ ག་ར་ཁྲོམ་ཁར་སྡོདཔ་ལས་བརྟེན་ཏེ་ གཡུས་ཁ་ལུ་དཔའ་རྩལཔ་མེད་པའི་་དཀའ་ངལ་དང་ དུས་ཀྱི་འགྱུར་བ་བ་ལས་བརྟེན་ གཡུས་སྒོ་ཚུ་ནང་ དཔའ་བོ་མེད་པའི་དཀའ་ངལ་ཡོདཔ་མ་ཚད་ ལེའུ་དང་ཚིག་ཚུ་ཉམས་འགྱོ་བའི་དཀའ་ངལ་འདུག། ཤར་གྱི་བློ་ཅུ་འདི་སྲོལ་བའི་སྐབས་སུ་ ཚིག་ལྷམ་པ་མ་འདྲཝ་ ༡༩ དེ་ཅིག་སླབ་སྲོལ་འདུག། དེ་ཡང་།

༄༅། །ཀ་གཞི་དམངས་ཀྱི་ཆང་མཆོད་བཞུགས་སོ།།

༄༅།  །འོ་ལགས་སོ། ད་རེས་གཟའ་སྐར་འགྲུབ་འབྱོར་དཔལ་ཉི་ཕུན་སུམ་ཚོགས་པའི་ཉིན་མར་ མི་དམངས་ག་ར་དགའ་སྐྱིད་སྤྲོ་གསུམ་གྱི་ངང་ལུ་འཛོམས་ཏེ་དགྲ་ལྷའི་རྒྱལ་པོ་མཆོད་པའི་དུས་འདི་ན་ ལཱ་དང་བྱ་བ་ལེ་ཤ་ཡོད་པའི་ནང་ལས་དང་པ་རང་དགྲ་ལྷའི་རྒྱལ་པོ་ལུ་གཙང་མའི་ཆང་ཕུད་གཏོར་ནི་ཨིན།།

གདན་ཞུ་སྤྱན་འདྲེན།

༈ དེ་ཡང་། ཡར་དབུ་ལ་བལྟ་ན་གདུགས་ཕུབས་དང་། །མཚན་ལ་བལྟ་ན་གསེར་ཉ་འདྲ། །ཚེམས་ནི་དུང་དཀར་གཡས་འཁྱིལ་དང་། །ལྗགས་ནི་པདྨ་ཁ་ཕྱེ་འདྲ། །མགྲིན་པ་གསེར་གྱི་བུམ་པ་དང་། །སྙིང་ཁ་དཔལ་ཡབ་བརྩེགས་པ་འདྲ། །སྐུ་གཟུགས་རྒྱལ་མཚན་འཕྱར་འདྲ་ཞིང་། །ཆབ་སྲིད་ཀུན་ཁྱབ་འཁོར་ལོ་འདྲ།། སྐུ་ལ་བཀྲ་ཤིས་ཀུན་ཚང་བ། །དེ་འདྲའི་གཟི་བརྗིད་ཕུན་ཚོགས་པའི། །བླ་མ་ཡིད་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་གནས་བདག་གཞི་བདག་དང་། །ཁྱད་པར་ཡུལ་འདིའི་བརྒྱུད་པའི་ལྷ། །དགྲ་ལྷ་འཁོར་དང་བཅས་པ་རྣམས། །མཆོད་པའི་གནས་འདིར་བྱོན་ནས་ནི། །དགྱེས་པའི་གདན་ལ་བཞུགས་སུ་གསོལ།།

གསེར་སྐྱེམས་བྱིན་གྱིས་བརླབས་པ།

༈ ཨོཾ་ཨ་ཧཱུཾཿ ལན་གསུམ། མཐོ་བ་རི་རབ་ལས་ནི་དཔང་མཐོ་ཞིང་། །ཡངས་པའི་ས་གཞི་ལས་ནི་རྒྱ་ཆེ་ལ། །མཐའ་ཡས་སྐར་ཚོགས་ལས་ཀྱང་གྲངས་མང་བ། །གསལ་བའི་ཉི་ཟླ་ལས་ཀྱང་འོད་གསལ་བའི། །ཕྱི་སྣོད་ནམ་མཁའ་ལས་ནི་མཐའ་ཡས་ཞིང་། །ནང་དུ་རྒྱ་མཚོ་ལས་ཀྱང་རྒྱ་ཆེ་བ། །ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་ཡི། །ཟག་པ་མེད་པའི་བཅུད་ལྡན་གསེར་སྐྱེམས་འདི། །བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དགྲ་ལྷའི་རྒྱལ་པོ་མཆོད་ཕྱིར་གནས་འདིར་བཤམས།།

དཀར་བརྒྱུད་གོང་མ་རྣམས་ལ་འབུལ་བ།

ཧོ༑ སྐྱབས་གནས་ཀུན་གྱི་ངོ་བོ། མཉས་མེད་དྭགས་པོ་དཀར་བརྒྱུད། །གསེར་གྱི་ཕྲེང་བར་བྱོན་པའི། །ཆོས་སྐུ་རྡོ་རྗེ་འཆང་ཆེན། །ཏིལླི་ཤེས་རབ་བཟང་པོ། །ན་རོ་ཡེ་ཤེས་དངོས་གྲུབ། །མར་པ་ཆོས་ཀྱི་བློ་གྲོས། །མི་ལ་བཞད་པའི་རྡོ་རྗེ། །རས་ཆུང་རྡོ་རྗེ་གྲགས་པ། །འཕགས་གྲུ་རྡོ་རྗེ་རྒྱལ་པོ། །གླིང་རས་པདྨ་རྡོ་རྗེ། །དཀར་བརྒྱུད་གོང་མ་རྣམས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

འགྲོ་མགོན་གཙང་པ་རྒྱ་རས་ཡབ་སྲས་ལ་འབུལ་བ།

༈ ཁྱད་པར་དཔལ་ལྡན་འབྲུག་པའི། །སྲོལ་འབྱེད་འགྲོ་བའི་མགོན་པོ། །ཡབ་རྗེ་གཙང་པ་རྒྱ་རས། །གང་གི་ཐུགས་རྗེ་ཕྲིན་ལས། །བྱ་རྒོད་གནམ་ལ་འཕུར་བའི། །ཉིན་ལམ་བཅོ་བརྒྱད་ས་ཁོངས། བྱང་ཕྱོགས་གངས་རིའི་ལྗོངས་སུ། །སྟོད་འབྲུག་གནམ་ཁའི་སྐར་མ། །སྨད་འབྲུག་ས་ཡི་དྲེག་པ། །བར་འབྲུག་དབྱར་གྱི་རྩ་ལྟར། ཁྱབ་པའི་དཔལ་ལྡན་འབྲུག་པའི། །བུ་བརྒྱུད་འཁོར་དང་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

བོད་ཀྱི་འབྲུག་པའི་གདན་འཛིན་རྣམས་ལ་འབུལ་བ།

༈ སེངྒེའི་མཚན་ཅན་དགུ་དང་། །རིགས་གསུམ་མགོན་པོའི་རྣམ་སྤྲུལ། །མཚུངས་མེད་ངག་དབང་ཆོས་རྒྱལ། །འཇམ་དབྱངས་ཆོས་ཀྱི་གྲགས་པ། །མི་ཕམ་ཆོས་ཀྱི་རྒྱལ་པོ། །ཡབ་རྗེ་བསྟན་པའི་ཉི་མ། །དཔལ་ལྡན་འབྲུག་པའི་གདན་འཛིན། །ཡང་སློབ་བུ་སློབ་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

ཞབས་དྲུང་རིན་པོ་ཆེ་དང་ལྷོ་མོན་འབྲུག་གི་གདན་འཛིན་རྣམས་ལ་འབུལ་བ།

༈  ལྷོ་མོན་ཁ་བཞིའི་ཡུལ་གྱི། །ལྷ་མི་ཡོངས་ཀྱི་གཙུག་རྒྱན། །ཞབས་དྲུང་ངག་དབང་རྣམ་རྒྱལ། །སྤྲུལ་སློབ་བརྒྱུད་པར་བཅས་དང་། །གྲྭ་ཚང་འཕགས་པའི་མཁྱེན་ཆེན། །གནས་བརྟན་རིམ་བྱོན་རྣམས་དང་། །རྩ་བའི་བླ་མའི་བར་གྱི། །དྲིན་ཅན་བླ་མ་རྣམས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

དམིགས་བསལ་གལ་ཆེའི་བླ་མ་ཁག་གཅིག་ལ་འབུལ་བ།

༈ གནས་ཆེན་ཟངས་མདོག་དཔལ་རིའི། །འཆི་མེད་པདྨ་འབྱུང་གནས། །ལྕགས་རི་རྡོ་སྡེ་གནས་ལུ། །ཕ་ཇོ་འགྲོ་བའི་མགོན་པོ། །བྱ་རྒོད་ཕུང་པོའི་རི་ལ། །ཐུབ་དབང་ཤཱཀྱ་རིན་ཆེན། །དཔལ་རི་རྡོ་རྗེ་གདན་ལ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོ། །ལྷུང་ཚོ་བཀྲ་ཤིས་སྒང་ལ། །མཁས་གྲུབ་ཀུན་དགའ་རྒྱ་མཚོ། །ཐེག་ཆེན་རྡོ་རྗེ་གྲགས་ལ། །ངག་དབང་ཡོན་ཏན་མཐའ་ཡས། །མཐའ་གྲགས་རི་ཡི་རྩེ་མོར། །ཡོངས་འཛིན་གསང་བསྔགས་རྒྱ་མཚོ། །སེར་ལ་རྣམ་རྒྱལ་རྩེ་མོར། །བྱམས་མགོན་ཡེ་ཤེས་རྡོ་རྗེ། །རྟ་ལོག་དཔལ་གྱི་མགོན་པ། །ངག་དབང་འཇིགས་མེད་གྲགས་པ། །སྒང་སྟེ་གསང་སྔགས་ཆོས་གླིང་། །པད་གླིང་ཡབ་སྲས་གསུམ་པོ། །སྤྱི་ལྟོ་དཔལ་གྱི་མགོན་པར། །བསྟན་འཛིན་ལེགས་པའི་དོན་གྲུབ། །སྐུམ་བུ་བོན་གྱི་མགོན་པ། །ཞབས་དྲུང་མཚན་ལྡན་འདུས་པ། །འགྲོ་མགོན་ཚེ་དབང་རིག་འཛིན། །དངས་ཆུ་ཤེས་དཀར་གྲགས་ལ། །གཏེར་བཏོན་རྡོ་རྗེ་གླིང་པ། །སྤ་གྲོ་གདོང་དཀར་སྤྲུལ་སྐུ། །ཝང་གི་མདའ་སྟོང་སྤྲུལ་སྐུ། རུས་པའི་ཉི་ཟེར་སྤྲུལ་སྐུ། །བཀྲ་ཤིས་རི་ཡི་རྩེ་མོར། །ཨོ་རྒྱན་འགྱུར་མེད་བསྟན་འཛིན། །དཔལ་གླིང་ཇ་དར་རྩ་བར། །ཆོས་རྗེ་ཤེས་རབ་འབྱུང་གནས། །དབང་འདུས་ནང་ཤིང་རྩ་བར། །ཆོས་རྗེ་ཡེ་ཤེས་དངོས་གྲུབ། །ཆོས་གླིང་དགའ་ལྡན་གླིང་ལ། །མཁས་གྲུབ་སངས་རྒྱས་རྒྱལ་མཚན། །གྲུབ་པ་ཐོབ་པའི་བླ་མ། །མ་ལུས་འཁོར་དང་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

དཀར་བརྒྱུད་ཀྱི་ཡིད་དམ་ལ་འབུལ་བ།

༈ ཡི་དམ་དཀྱིལ་འཁོར་ལྷ་ཚོགས། །བདེ་མཆོག་འཁོར་ལོ་སྡོམ་པ། །སྙིང་པོ་དགྱེས་པ་རྡོ་རྗེ། །དཔལ་ཆེན་རྡོ་རྗེ་གཞོན་ནུ། །ཕོ་བརྒྱུད་གསང་བ་འདུས་པ། །མོ་བརྒྱུད་མ་ཧ་མ་ཡ། །རྡོ་རྗེ་ཕུར་པའི་ལྷ་ཚོགས། །དཔལ་ལྡན་དུས་འཁོར་བཅས་དང་། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར། །བླ་མེད་བརྒྱུད་ལས་གསུངས་པའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས། །མ་ལུས་འཁོར་དང་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

གསང་སྔགས་རྙིང་མའི་ཡིད་དམ་ལ་འབུལ་བ།

༈ གསང་བསྔགས་རྙིང་མའི་ལྷ་ཚོགས། །འཇམ་དཔལ་ཡེ་ཤེས་སྐུ་དང་། །པདྨ་གསུང་གི་དབང་ཕྱུག །ཡང་དག་ཐུགས་ཀྱི་བདུད་རྩི། །ཡོན་ཏན་ཕུར་པའི་ལྷ་ཚོགས། འཕྲིན་ལས་མ་མོ་སྦོད་སྟོང་། །འཇིག་རྟེན་མཆོད་དང་བསྟོད་པ། །སྨོད་པ་གྲྭ་ལྔ་མགོན་པོ། །སྒྲུབ་ཆེན་བཀའ་བརྒྱད་རྣམས་དང་། །ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། །དམ་པ་རིགས་བརྒྱའི་ཚོགས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

མཁའ་འགྲོ་ལ་འབུལ་བ།

༈ མཁའ་འགྲོ་རྡོ་རྗེ་འཕགས་མོ། །རྒྱས་པའི་ལྷ་མོ་བཅོ་ལྔ། །འདུས་པ་ལྷན་ཅིག་སྐྱེས་མ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར། །མཁའ་འགྲོ་སེངྒེའི་གདོང་ཅན། །ཡུལ་ཆེན་ཉི་ཤུ་རྩ་བཞི། གནས་ཆེན་སུམ་ཅུ་རྩ་གཉིས། །གནས་པའི་མཁའ་འགྲོ་རྣམས་དང་། །ཞིང་སྐྱོང་སྤྲུལ་པའི་ལྷ་ཚོགས། །དཔའ་བོ་དཔའ་མོ་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

ཆོས་སྐྱོང་ལ་འབུལ་བ།

༈ དཔལ་ལྡན་འབྲུག་པའི་བསྟན་སྲུང་། །ཆོས་སྐྱོང་ཡེ་ཤེས་མགོན་པོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ། །བདུན་ཅུ་རྩ་ལྔ་རྣམས་དང་། །ལས་མགོན་བྱ་རོ་གདོང་ཅན། །སྡེ་བཞི་འཁོར་དང་བཅས་པ། །དཔལ་ལྡན་དུད་གསོལ་ལྷ་མོ། །སྤྲུལ་པ་ཡང་སྤྲུལ་བཅས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

ཕོ་བརྒྱུད་མོ་བརྒྱུད་ཀྱི་བསྲུང་མ་རྣམས་ལ་འབུལ་བ།

༈ ཆོས་སྐྱོང་ཅིག་ལྕར་དམར་པོ། །སྨྱོན་ཁ་རྗེ་བཙུན་བཙན་མགོན། །དགེ་བསྙེན་རྡོ་རྗེ་དགྲ་འདུལ། །དགོངས་འདུས་ལྕགས་རལ་ཅན་མ། །མཐུ་རྩལ་ནུས་པ་ལྡན་པའི། །ཕོ་བརྒྱུད་ཆོས་སྐྱོང་རྣམས་དང་། །གཡང་ཅན་ཇོ་མོ་ཚེ་རིང་། །རྡོ་རྗེ་གཡུ་སྒྲོན་དཔལ་ལྷ། །མ་གཅིག་དཔལ་གྱི་ལྷ་མོ། འཇིགས་རུང་དུར་ཁྲོད་བདག་མོ། །མ་གཅིག་སྲིན་མོའི་རྒྱལ་མོ། །བོད་སྐྱོང་བསྟན་མ་བཅུ་གཉིས། །བསྲུང་མ་མོ་བརྒྱུད་རྣམས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

གནས་བདག་གཞི་བདག་ལ་འབུལ་བ།

༈ དཔལ་ལྡན་འབྲུག་པའི་གདན་ས། །འབྲུག་དང་ར་ལུང་ལྷོ་མོན། །ཆོས་བཞིན་སྐྱོང་བའི་གཞི་བདག །སྤུངས་ཐང་ལྕགས་རི་མགོན་བྲག །ཐིམ་ཡུལ་རྡོ་རྗེ་བྲག་གཙན། །སྤ་གྲོ་ཧཱུྃ་རལ་མགོན་པོ། །ཧས་ཀྱི་རྡོ་རྗེ་ཁྱུང་བདུད། །ཤར་གྱི་ར་དྲག་སྤུན་གསུམ། །དབང་འདུས་སྒང་མཇུག་བཙན་ཆེན། །ཆོས་རྩེའི་དགའ་རབ་དབང་ཕྱུག །སྨུག་བཙན་རྡོ་རྗེ་དགྲ་འཇོམས། །སྐྱིད་བུ་ལུང་བཙན་ཆེན་པོ། །ལྷ་ཆེན་ཇོ་བོ་དུར་ཤིང་། །ལུང་གསུམ་དགྲ་ལྷའི་རྒྱལ་པོ། །བྲག་གསར་ནོར་གྱི་བདག་པོ། །གསེར་ཆེན་རྟ་དཀར་མི་དཀར། །གཞོང་སྡེར་དགེ་བསྙེན་མདོག་ལེགས། །དྲི་བཏབ་འོད་ཟེར་ཆེན་པོ། །བྲག་བར་རྣམ་རྒྱལ་བཟང་མོ། །ཕུ་གེལ་ཁྱུག་ཁྱུ་སྨན་མོ། །སྒང་བཙན་ཐུལ་ལེ་རྒྱལ་པོ། །ལྷོ་མོན་གཞི་བདག་ཡོངས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

ཁྱད་པར་ཤར་གྱི་དགྲ་ལྷ་ལ་འབུལ་བ།

༈ ཁྱད་པར་ད་རེས་ཉིན་མོར། །མཆོད་པའི་དགྲ་ལྷ་གཙོ་བོ། །ཤར་ཡུལ་ཡོངས་ཀྱི་ལྷ་སྐལ། །མཐུ་རྩལ་ཅན་གྱི་དགྲ་ལྷ། །དཔའ་རྩལ་ཅན་གྱི་སྲུང་མ། །མཚན་ལྡན་བླ་མའི་བཀའ་སྲུང་། །སྦྱོར་ལྡན་ཕྱུག་མོའི་ནོར་ལྷ། །དམག་མི་ཡོངས་ཀྱི་རྒྱབ་སྐྱོར། །གངས་སྨན་དཀར་མོའི་སྨན་མོ། །ཟླ་འཛིན་ཆུང་མའི་གཏན་གྲོགས། །དགེ་བསྙེན་ཆེན་པོའི་ཡབ་ཆེན། །དགྲ་ལྷ་འཁོར་དང་བཅས་ལ། །བཟའ་བཏུང་རོ་བརྒྱ་ལྡན་ཞིང་། །གསེར་སྐྱེམས་གཙང་མའི་མཆོད་པ། །དངོས་གཤམ་ཡིད་ཀྱིས་སྤྲུལ་ཏེ། །དགྲ་ལྷ་ཁྱེད་ལ་འབུལ་ལོ།། གསོལ་ལོ་མཆོད་དོ།།

དགྲ་ལྷ་གསོལ་བའི་དམག་མི་རྣམས་ལ་འབུལ་བ།

༈ ཕར་སོང་དགྲ་བོ་བཏུལ་ཞིང་། །ཚུར་འོང་གཉེན་འཁོར་སྐྱོང་མི། །ཡང་རྩལ་སེངྒེ་མཚུངས་ཤིང་། གྱད་སྟོབས་གླང་ཆེན་འདྲ་བ། །རིག་རྩལ་འཕུར་འཕུར་འདྲ་བའི། །དཔའ་རྩལ་ལུས་ལ་འཛོམས་མི། །ནང་རྐྱེན་ཕྱི་ལ་བཟློག་ཅིང་། །ཕྱྭ་གཡང་ནང་ལ་ཁུགས་མི། །གེ་སར་རྒྱལ་པོའི་རྣམ་སྤྲུལ། །དཔའ་རྩལ་སྟོབས་དང་ལྡན་པ། །བྱད་ངོ་ལྷ་དང་འདྲ་བ། འདིར་བྱོན་དམག་མི་ཡོངས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག།  གསོལ་ལོ་མཆོད་དོ།།

མཇུག་སྡུད་བོད་དང་འབྲུག་གི་གནས་བདག་གཞི་བདག་ཡོངས་ལ་འབུལ་བ།

༈ བསྟོད་ཀྱི་མངའ་རིས་བསྐོར་གསུམ། །བར་གྱི་དབུས་གཙང་རུ་བཞི། །སྨད་ཀྱི་ཇ་དར་ཀོང་གསུམ། །སྨན་ལྗོངས་ལྷོ་མོན་ཁ་བཞིའི། གནས་གཞི་ས་དང་རི་བྲག །ཤིང་དང་ཆུ་ལ་གནས་པའི། །གནས་བདག་གཞི་བདག་ཡོངས་ལ། །གསེར་སྐྱེམས་གཙང་མའི་མཆོད་པ། །འབུལ་གྱིས་ཚིམ་པར་རོལ་ཤིག། གསོལ་ལོ་མཆོད་དོ།།

འདོད་དོན་གསོལ་བ།

༈ འགལ་རྐྱེན་བར་ཆད་སེལ་ཞིང་། །མཐུན་རྐྱེན་ཆོས་བཞིན་སྒྲུབ་སྟེ།།

བསམ་དོན་ཡིད་བཞིན་དུ་འགྲུབ་པའི། །འཕྲིན་ལས་སྒྲུབ་པར་མཛོད་ཅིག།

བཀྲ་ཤིས།

༈ ཡབ་ཆེན་ཨ་པའི་བུ་རྒོད། །ཡུམ་ཆེན་ཨ་མའི་གཅེས་ཕྲུག །སྨན་ཆུང་བུ་མོའི་ཡིད་འོང་། །སྟག་ཤར་གཞོན་པའི་བཞད་རོགས། །མི་དམངས་ཡོངས་ཀྱི་བློ་གཏད། །དཔའ་རྩལ་ཁྲོམས་ལ་ངོམ་མི། །ལེགས་བཤད་ཁོང་ལས་བཏོན་མི། །སྟོབས་ལྡན་དཔའ་བོ་དེ་ཚུ། །ད་རེས་དཔལ་གྱི་ཉིན་མར། །དགྲ་ལྷ་མཆོད་པའི་དུས་ལུ། །དངོས་གྲུབ་ཞུ་བར་བཅར་ཡི། །དུས་ཅི་འཛོམས་པའི་དགའ་སྤྲོ། །སང་ཕོད་ལོག་སྟེ་ཞུ་གེ། །སྐུ་ཚེ་བྲག་ལས་བརྟན་ཅིང་། །མི་བརྒྱུད་ཆུ་ལས་རིང་བའི། །བཀྲ་ཤིས་ལེགས་པའི་སྨོན་ལམ། །དགྲ་ལྷ་ཁྱེད་ལས་ཞུ་གེ། རྒན་པས་གྲོས་ཐག་ཆོད་ཅིང་། །གཞོན་པས་ཞབས་ཏོག་སྒྲུབ་པའི། །བཀྲ་ཤིས་ལེགས་པའི་སྨོན་ལམ། །དགྲ་ལྷ་ཁྱེད་ལས་ཞུ་གེ། །སྟག་ཤར་ཕོ་ཐོག་ཆོད་ཅིང་། །ཟ་མོས་མོ་ཐོག་ཆོད་པའི། །བཀྲ་ཤིས་ལེགས་པའི་སྨོན་ལམ། །དགྲ་ལྷ་ཁྱེད་ལས་ཞུ་གེ། །ལུས་ལ་ན་ཚ་མེད་ཅིང་། །སེམས་ལ་སྡུག་བསྔལ་མེད་པའི། །བཀྲ་ཤིས་ལེགས་པའི་སྨོན་ལམ། །དགྲ་ལྷ་ཁྱེད་ལས་ཞུ་གེ།།

ཚིག་ཚུ་ལས་མཇུག་ར་ བཀྲ་ཤིས་ཀྱི་ཚིག་འདི་སླབ་སྦེ་མཇུག་བསྡུཝ་ཨིན་མས། ཤར་གྱི་བློ་ཅུ་འདི་ མཐུན་མོང་མ་ཡིན་པ་ཅིག་ཨིནམ་སྦེ་བཤད་པའི་ཁར་ བློ་ཅུ་འདི་ ད་རེས་ནངས་པ་འབད་རུང་ མར་ཉམས་མ་བཅུག་པར་གནམ་མེད་ས་མེད་ཁག་ཆེཝ་སྦེ་རྩིཝ་ཨིན་མས་གོ།།

རྒྱབ་རྟེན་དཔེ་ཐོ།

Dorji, P. (2021, february). bbs. Retrieved from https://www.facebook.com.

samten. (n.d.). acharyasmtenblogpost.

"https://dz.wikipedia.org/w/index.php?title=ཤར་གྱི་བློ་ཅུ།&oldid=31035" ལས་ སླར་འདྲེན་འབད་ཡོདཔ།