ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ།

Wikipedia ལས།

༉ འབྲུག་གི་རྒྱལ་རབས་གསུམ་པ་ མི་དབང་ཞིང་གཤེགས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ འཛམ་གླིང་ཡར་རྒྱས་ཀྱི་འཕོ་འགྱུར་དང་བསྟུནམ་ད་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ཡང་ ཚན་རིག་དང་འཕྲུལ་རིག་གི་ གོམ་པ་གདོང་ཁར་སྤོ་ནི་གི་འཆར་གཞི་ཚུ་ འགོ་བཙུགས་གནང་ནུག། རྒྱལ་ཁབ་རང་དབང་སྲུང་སྐྱོབ་དང་ སྔར་སྲོལ་ལམ་ལུགས་ཚུ་ མི་མཉམ་ཡུན་བརྟན་སྦེ་བཞག་དགོ་པ་ཅིན་ ན་གཞོན་ཡོན་ཏན་ཅན་དང་ རིག་རྩལ་ཅན་དགོཔ་ཨིན་པས། ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ (ལོ་མེད) ཡོངས་འབྲེལ་འཆར་སྒོ་ལྟར་དུ་འབད་བ་ཅིན་ “མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་དགོངས་ལྟར་དུ་ སྲོབ་གྲྭ་ཅིག་བཟོ་སྐྲུན་འབད་ནི་གི་དོན་ལས་ ཕྱི་འབྲེལ་བློན་པོ་བགྲེསཔ་ ཟླ་བ་ཚེ་རིང་དང་ཝི་ལམ་མེ་ཀི་ (Rev. Father William Mackey)། སློབ་དཔོན་དཀར་པོ་བཅས་ ཁོང་ལས་བྱེདཔ་གསུམ་གྱི་ འགོ་འདྲེན་ཐོག་ལས་ འོས་འབབ་དང་ལྡན་པའི་ས་ཁོངས་གཅིག་ ས་གནས་བཀྲིས་སྒང་བཀང་ལུང་ལུ་ ངོས་འཛིན་འབད་གནང་ནུག། སྤྱི་ལོ་ ༡༩༦༨ ལུ་ སློབ་གྲྭ་གསར་སྐྲུན་གྱི་དོན་ལས་ སྒོ་འབྱེད་རྟེན་འབྲེལ་ཡང་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་མཛད་གནང་ཞིནམ་ལས་ མིང་ཡང་ ཤེས་རབ་རྩེ་མི་སྡེ་སློབ་གྲྭ་ཟེར་བཏགས་གནང་ནུག། སློབ་གྲྭ་འདི་གི་མིང་ཡང་ ཤེས་རབ་རྩེ་ཟེར་བཞག་དགོ་པའི་རྒྱུ་མཚན་དེ་ཡང་ ན་གཞོན་ཨ་ལུ་ཚུ་གི་ཡོན་ཏན་འདི་ མཐོ་བའི་རྩེ་གུར་ལྷོད་ཚུགས་པའི་ དམིགས་གཏད་བསྐྱེད་དེ་བཏགས་གནང་ནུག།

སྤྱི་ལོ་ ༡༩༧༦ ལུ་ ཤེས་རབ་རྩེ་མི་སྡེ་སློབ་གྲྭ་དེ་ འགོ་ཐོག་ འབྲུག་རྒྱལ་འཛིན་གཙུག་ལག་འོག་མ་ལུ་ ཡར་སེང་གནང་སྟེ་ ཚན་རིག་གི་ཆོས་ཚན་གཅིག་སློབ་སྟོན་འབད་ནུག། དེ་ལས་ སྤྱི་ལོ་ ༡༩༧༨ ལུ་ ནང་རིག་དང་ཚོང་རིག་གི་ཆོས་ཚན་ཚུ་ཡང་ ཁ་སྐོང་བཀལ་ཞིནམ་ལས་ སྤྱི་ལོ་ ༡༩༨༣ ལུ་ རྒྱ་གར་གཞུང་གི་ དི་ལི་གཙུག་ལག་སློབ་སྡེ་དང་མཐུན་འབྲེལ་ཐོག་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་ཡང་ ཡོངས་རྫོགས་ཐོབ་ཚུགས་པའི་ མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་མཛད་གནང་ནུག།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་འདི་ གཞི་བཙུགས་འབད་དགོ་པའི་དམིགས་དོན་ངོ་མ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་སྐུལ་བའི་ མཐོ་རིམ་གནས་ཚད་ཀྱི་ ཚན་རིག་དང་རིག་སྟོབས་ཤེས་ཡོན་བྱིན་ནི། ཤེས་ཡོན་གསར་གཏོད་དང་ བསམ་འཆར་བརྗེ་སོར་འབད་ནི། དེ་ལས་ གོ་བ་བརྡ་སྤྲོད་ཀྱི་ཐོག་ལས་ ཤེས་ཡོན་ཅན་གྱི་མི་སྡེ་གོང་འཕེལ་གྱི་དོན་ལུ་ གྲོགས་རམ་འབད་ནི་ཚུ་ཨིན་པས། དེ་བཟུམ་སྦེ་ སློབ་གྲྭ་འདི་གིས་ འཆར་སྣང་འདི་ཡང་ རྒྱལ་སྤྱི་གིས་ངོས་ལེན་གྲུབ་པའི་གཙུག་སྡེ་ལུ ཚན་རིག་དང་རིག་སྟོབས་ཤེས་ཡོན་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ཚུ་གཙོ་བོར་བཟུང་སྟེ་ ལྷབ་སྦྱང་འབད་ནི་གི་དོན་ལུ་ཨིན་པས།’’

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ ( ༢༠༢༢-༢༠༢༣ ཤོག་གྲངས་ ༥) སློབ་ཕྲུག་གི་ ལག་དེབ་ནང་ལུ་ “ཤེས་ཡོན་དང་འབྲེལ་བའི་ལཱ་ཚུ་ ནུས་ཤུགས་ཅན་ཅིག་སྦེ་ འཛིན་སྐྱོང་འབད་ཐབས་ལུ་ ལས་ཁུངས་ཁག་ལྔ་ལུ་ བགོ་བཤའ་རྐྱབ་སྟེ་ཡོདཔ་ཨིན་མས། དེ་ཡང་ རྩིས་དང་གློག་རིག་ཚན་རིག་ལས་ཁུངས། ནང་རིག་དང་མི་ཆོས་རིག་པའི་ལས་ཁུངས། མི་སྡེའི་ལམ་ལུགས་ལས་ཁུངས། དངོས་ཁམས་རིག་པའི་ཚན་རིག་ལས་ཁུངས། རང་བཞིན་གནས་སྟངས་དང་ མི་ཚེའི་རིང་ལུགས་ལས་ཁུངས་ཚུ་ཨིན་པས། ལས་ཁུངས་ཚུ་གི་འོག་ལུ་ གཙུག་ལག་གཞི་རིམ་རྫོང་ཁ་དང་ཨིང་སྐད། རྒྱལ་རབས། བརྡ་བརྒྱུད། དཔལ་འབྱོར་རིག་པ། ས་ཆ་རིག་པ་དང་ ཨང་རྩིས་ལ་སོགས་པའི་སྦྱོང་ཚན་ ཡོངས་བསྡོམས་ ༡༥ དེ་ཅིག་གཞི་བཙུགས་འབད་དེ་འདུག། དེ་བཟུམ་སྦེ་ ཨིང་སྐད་ཀྱི་གཙུག་ལག་གོང་འོག་གཉིས་ཆ་རའི་ཤེས་ཡོན། ངོ་སྦྱོར་ལག་ཁྱེར་གྱི་དོན་ལུ་ སློབ་དཔོན་ཚུ་ལུ་ སྒྲིག་ལམ་རྣམ་གཞག་དང་ སློབ་ཕྲུག་ཡོངས་དཔོན་སྦྱོང་བརྡར་ལས་རིམ་ཚུ་ཡང་ གཞི་བཙུགས་འབད་དེ་འདུག།”

མཐོ་རིམ་སློབ་གྲྭ་འདི་ནང་ལུ་ ཞིབ་འཚོལ་འབད་ནི་གི་ལམ་ལུགས་འདི་ འཇོན་ཐང་ཅན་ཅིག་ཡོདཔ་ཨིན་པས། དུས་རྒྱུན་དུ་ ལོ་བསྟར་ཞིབ་འཚོལ་མ་དངུལ་ལག་ལེན་འཐབ་ཐོག་ལས་ ཞིབ་འཚོལ་ལམ་ལུགས་ཚུ་ ཡར་རྒྱས་གཏངམ་ཨིན་པས། སྔར་བ་ལྷགཔ་སྦེ་ མི་རློབས་ཞིབ་འཇུག་དང་ གནམ་གཤིས་གནས་སྟངས་ཚུ་གིས་ ཡོན་ཏན་ཡར་རྒྱས་གཏང་ནི་གི་དོན་ལུ་ ཞིབ་འཚོལ་ལྟེ་བ་བཞི་དེ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས། དེ་མ་ཚད་ མཐོ་རིམ་སློབ་གྲྭ་འདི་ནང་ ཤེས་རབ་སྒྲོན་མེ་ཟེར་བའི་ ཞིབ་འཚོལ་གྱི་གནས་དེབ་ཅིག་ཡང་ དཔེ་སྐྲུན་འབད་དེ་འདུག། ད་རེས་ནངས་པ་ མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས། ཤེས་ཡོན་ལས་འབྲེལ་སྒྲིག་འཛིན་ རམ་ ཅན་ད་ར་ བ་ཇེ་ (Ram Chandra Bajgai)། སློབ་ཕྲུག་ལས་འབྲེལ་སྒྲིག་འཛིན་ དཔལ་འབྱོར་དགེ་ལེགས། ཞིབ་འཚོལ་དང་བཟོ་གྲྭ་ལས་འབྲེལ་སྒྲིག་འཛིན་ དོན་གྲུབ་ཚེ་རིང་བཅས་ ལེགས་སྦྱར་བ་ ༡༠༩ དང་ ལས་བྱེདཔ་ ༧༩། དེ་ལས སློབ་ཕྲུག་ཡོངས་བསྡོམས་ ༡༥༣༩ ཡོདཔ་ཨིན་པས། སྤྱི་ལོ་ ༡༩༧༦ ལུ་ ཚན་རིག་གི་ཆོས་ཚན་ཁ་སྐོང་བཀལ་ཏེ་ མཐོ་རིམ་འབྲིང་རིམ་སློབ་གྲྭ་ལུ་ཡར་སེང་འབད་ནུག། སྤྱི་ལོ་ ༡༩༧༨ ལུ་ ནང་རིག་དང་ཚོང་རིག་གི་ཆོས་ཚན་ཚུ་ཁ་སྐོང་བཀལ་ནུག། སྤྱི་ལོ་ ༡༩༨༣ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དེ་ དིལ་ལི་གཙུག་ལག་སློབ་སྡེ་དང་

སྤྱི་ལོ་ ༡༩༧༨ ལུ་ ནང་རིག་དང་ཚོང་རིག་གི་ཆོས་ཚན་ཚུ་ཡང་ ཁ་སྐོང་བཀལ་ཞིནམ་ལས་ སྤྱི་ལོ་ ༡༩༨༣ ལུ་ རྒྱ་གར་གཞུང་གི་ དི་ལི་གཙུག་ལག་སློབ་སྡེ་དང་མཐུན་འབྲེལ་ཐོག་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་ཡང་ ཡོངས་རྫོགས་ཐོབ་ཚུགས་པའི་ མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་མཛད་གནང་ནུག།

རྒྱབ་རྟེན།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ། (༢༠༢༢ ༢༠༢༣) སློབ་ཕྲུག་ལག་དེབ། འབྲུག། བཀྲིས་སྒང་། ཀང་ལུང།

ཡོངས་འབྲེལ་ཁ་བྱང་། (ལོ་མེད) ཤེས་རབ་རྩེ་མཐོ་རིམ་སྲོབ་གྲྭ། https://www.sherubtse.edu.bt/