སིན་ཅུ་ལའི་ཆིངས་ཡིག།

Wikipedia ལས།

༉ དུས་རབས་ ༡༩ དེ་ཅིག་ཁར་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཚུ་ ཡར་རྒྱས་ཀྱིས་གོམ་པ་མདུན་དུ་སྤོ་བའི་སྐབས་ སྤྱི་ལོ་ ༡༨༥༨ ལུ་སྟོབས་འབྱོར་ལྡན་པའི་བིརི་ཊིཤ་གཞུང་གིས་ རྒྱ་གར་རྒྱལ་རྒྱུད་ཀྱི་རྒྱལ་པོ་ ༧༠༠ ལྷག་ཙམ་ཅིག་བཅོམ་སྟེ་ དབང་འཛིན་འའབད་དེ་སྡོད་ནུག། དེ་སྐབས་ལུ་ གོང་ས་འཇིགས་མེད་རྣམ་རྒྱལ་མཆོག་ ཆོས་རྩེ་དཔོན་སློབ་མཛོད་དེ་ མི་སེར་ཚུ་གི་རང་དབང་དང་ཞི་བདེ་ལུ་དམིགས་ཏེ་ ནང་འཁྲུག་རྒྱུན་བཅད་དེ་ སྒྲིང་སྒྲི་བཟོ་བའི་བསྒང་ཨིན་མས། དེ་བཟུམ་གྱི་གནས་སྟངས་ལུ་ཐུག་སྟེ་སྡོད་པའི་སྐབས་ རང་ཟླ་ ༡༡ པའི་སྤྱི་ལོ་ ༡༨༦༥ གྱི་ལོ་དེ་ཁར་ འབྲུག་གི་བདེ་སྐྱིད་ལུ་གནོད་པར་བརྩམས་མི་ ཕྱི་དགྲ་བིརི་ཊིཤ་དང་གཅིག་ཁར་ དམག་འཁྲུག་ལངས་ནུག། དམག་འཁྲུག་དེ་ལས་བརྟེན་འབྲུག་དང་བིརི་ཊིཤ་གི་བར་ན་ ས་གནས་སིན་ཅུ་ལ་ལུ་ཆིངས་ཡིག་བཟོ་དགོཔ་ཐོན་ནུག། དེ་སྦེ་ཆིངས་ཡིག་བཟོ་བའི་སྐབས་ རྒྱ་བོད་གཉིས་ཀྱི་བར་ན་ངོ་ཚབ་ག་དང་ག་ར་སྡོད་ཡོདཔ་ཨིན་ན་དང་། ཆིངས་ཡིག་དེ་གི་དམིགས་དོན་དང་ཁ་ཚིག་ག་ཅི་བཞག་ཡོདཔ་ཨིན་ན་གྱི་སྐོར་ལས་མ་བཤད་པའི་ཧེ་མ་ རྒྱ་འབྲུག་གཉིས་ཀྱི་བར་ན་བྱེལཝ་ལངས་དགོ་པའི་རྒྱུ་རྐྱེན་གྱི་སྐོར་ལས་ ལོ་རྒྱུས་དུམ་གྲ་ཅིག་བཤད་པ་ཅིན།

ལོ་རྒྱུས་དེ་ཡང་། གོང་ས་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་དཔའ་བོའི་གད་རྒྱངས་ (གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༥) དང་འཁྲིལ་བ་ཅིན་ “བིརི་ཊིཤ་གཞུང་དང་འབྲུག་པའི་བར་ན་བྱེལཝ་ལངས་དགོ་པའི་གནད་དོན་ཡང་ བར་ན་ཡོད་མི་རྒྱལ་བརྒྱུད་རྒྱལ་ཁབ་ཚུ་དང་ ས་མཚམས་ཁར་སྡོད་མི་མི་རིགས་ཚུ་གིས་འབྲེལ་བ་འཐབ་ཐངས་ ཉེས་སོང་པ་ལུ་བརྟེན་ཏེ་ རྒྱལ་ཁབ་སྟོབས་ཤུགས་ཅན་ འཛམ་གླིང་གསུམ་ཆ་གཉིས་མངའ་འོག་ལུ་བཙུགས་ཚུགས་པའི་བིརི་ཊིཤ་གཞུང་དང་གཅིག་ཁར་ཡང་ འབྲུག་པ་ཚུ་གིས་དྲག་པོའི་གདོང་ལེན་འབད་དགོཔ་བྱུང་བའི་གནད་དོན་དེ་ཨིན།” ཟེར་བཀོད་ནུག། འདི་རྐྱངམ་གཅིག་གིས་མ་དོ་བར་ རྒྱ་ནག་རྒྱལ་ཁབ་ལས་ཡང་ འབྲུག་ལུ་ཧད་བཏགས་སྔ་ཕྱི་རིམ་པ་གཉིས་དེ་ཅིག་འཚོལ་བ་ལ་སོགས་པའི་རྒྱུ་རྐྱེན་མངས་རབས་ཅིག་ འབྲུག་རྒྱལ་དང་པའི་རྟོགས་བརྗོད་དང་རྒྱལ་རབས་གསལ་བའི་སྒྲོན་མེ་ནང་གསལ་དོ་བཟུམ་ཨིན་པས།

གོང་ལུ་བཀོད་མི་རྒྱུ་རྐྱེན་དེ་ཚུ་ལུ་བརྟེན་ དམག་རྐྱབ་སྟེ་ གདུང་བསམ་ལུ་ཕྱད་མདའ་རྐྱབ་པའི་སྐབས་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ཕྱིའི་དགྲ་སྡེ་ལས་རྒྱལ་ཁ་ཐོབ་སྟེ་ གོ་མཚོཚན་ལག་ཆ་ལེ་ཤ་ར་དཔོན་སློབ་ཀྱི་ཕྱག་ལུ་ཚུད་ཡོད་པའི་གྲས་ལས་ བིརི་ཊིཤ་ལས་བརྙ་སྟེ་འབག་འོངས་པའི་སྟོབས་གཉིསཔོ་འདི་ ལོག་སྟེ་སྤྲོད་དགོ་པའི་ཞུ་བ་དང་འབྲེལ་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ས་གནས་སིན་ཅུ་ལ་ལུ་ ཞི་བའི་ཆིངས་ཡིག་བཟོ་དགོ་པའི་གྲོས་གཞི་བཏོན་པའི་སྐབས་ འབྲུག་གཞུང་གིས་ཡང་གསུང་གྲོས་གནང་ནི་ཨིནམ་ ཁ་འཆམ་ཡོདཔ་མ་ཚད་ རྩ་ཕན་གཉིས་ཆ་ར་གིས་ཁས་ལེན་མཛད་དེ སྤྱི་ལོ་ ༡༨༦༦ རབ་བྱུང་ ༡༤ པའི་གནམ་ལོ་མེ་ཕོ་སྟག་ལོ་ཟླ་ ༡ པའི་ཚེས་ལུ་ཆིངས་བསྒྲིགས་ཀྱི་གན་ཡིག་གུར་ མཚན་རྟགས་བཀོད་གནང་ནུག། འདི་ནང་གསུང་གྲོས་གནང་པའི་སྐབས་ དྲུང་བགྲོས་དམ་ཆོས་ལྷུན་གྲུབ་ཀྱིས་ (གནམ་ལོ་མེད་ ༢༠༠༨) ལྟར་དུ་འབད་བ་ཅིན་ གསུང་གྲོས་གནང་བའི་སྐབས་ ཕྱི་རྒྱལ་གྱི་སྐུ་ཚབ་ ཀོར་ནཱལ་བུརུསི་དང་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་ དེ་ལས་དཔོན་སློབ་ཀྱི་ཕྱག་ཞུ་སྟེ་ འདས་པའི་གཟིམ་དཔོན་བསམ་གྲུབ་རྡོ་རྗེ་དང་། གཞུང་མགྲོན་དམ་ཆོས་རིན་ཆེན་ཚུ་ཡང་སྡོད་ནུག། ཟེར་བཀོད་དེ་འདུག།

ཆིངས་ཡིག་འདི་ནང་ ཁ་ཚིག་ག་དེ་སྦེ་བཞག་ནུག་ཟེར་བ་ཅིན། སློབ་དཔོན་པདྨ་ཚེ་དབང་གིས་ (གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༧༩༤) “ཕྱི་གླིངཔ་གིས་ འབྲུག་པའི་རྒྱ་གཞིས་ཚུ་ལོག་སྤྲོད་ནི་དང་ འབྲུགཔ་གིས་སྟོབས་གཉིས་དང་ རྒྱ་གར་བཙོན་ནང་བཟུང་སྟེ་ཡོད་མི་ཚུ་ལོག་སྤྲོད་ནི། དེ་ལས་བྷང་གལ་དྲུ་ཝར་ཚུ་རྒྱ་གར་གྱི་ཧོངས་ལུ་བཞག་སྟེ་ ཕྱི་གླིངཔ་གིས་ ལོ་རེ་ལུ་ས་ཁྲལ་རུབ་ ༥༠༠༠༠ རེ་ སྤྲོད་ནི་སྦེ་ གན་རྒྱ་དང་ཆིངས་ཡིག་བཟོ་ནུག།” ཟེར་བཀོད་དེ་འདུག། དེ་མ་ཚད་ནཱ་ལས་ཕར་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཞི་བདེ་དང་མཐུན་འབྲེལ་ འགྱུར་བ་མེད་པར་གནས་དགོ་པའི་གྲོས་བཤད་འབྱུང་ཡོདཔ་མ་ཚད་ གོང་གསལ་བཤད་དེ་ཡོད་མི་ ཁ་ཚིག་དང་འཁྲིལ་ རྩ་ཕན་གཉིས་ཆ་ར་གྱིས་ཁས་ལེན་དང་བཅས་ ཆིངས་ཡིག་གུ་ལུ་ སྐུ་ཚབ་དེ་ཚུ་གིས་མཚན་རྟགས་བཀོད་གནང་ནུག་གོ།

རྒྱབ་རྟེན།

དྲུང་བགྲེས་དམ་ཆོས་ལྷུན་གྲུབ་ ༼༢༠༠༨༽ གོང་ས་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་དཔའ་བོའི་གད་རྒྱངས། འབྲུག། ཐིམ་ཕུ། དཔལ་འབྲུག་ཞིབ་འཇུག་ལྟེ་བ།

དྲུང་བགྲེས་དམ་ཆོས་ལྷུན་གྲུབ་ ༼༢༠༠༨༽ གོང་ས་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་དཔའ་བོའི་གད་རྒྱངས། འབྲུག། ཐིམ་ཕུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ།

སླབ་པདྨ་ཚེ་དབང་ ༼༢༠༠༨༽ འབྲུག་གི་རྒྱལ་རབས། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།