Jump to content

སེན་ཀྲི་ནའེལ་རྒྱང་བསྒྲགས་འཕྲུལ་ཁང་།

Wikipedia ལས།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ཡར་རྒྱས་དང་གོང་འཕེལ་གྱི་ གཞི་འགྱམ་ག་ནི་ཡང་མ་བཙུགས་པའི་ སྔོན་གོང་ལུ་སའི་ཆགས་ཡུལ་དེ་ར་ མ་འདྲཝ་དང་ས་ཆ་ཚུ་ཡང་ ག་ནི་བ་གནག་དུང་དུ་སྡོད་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་སྔོད་བྱོན་རྒྱལ་བ་གོང་མ་ཚུ་བྱོན་ མི་གཅིག་བ་གཅིག་མཁསཔ་ཐོན་པའི་ཤུལ་ལུ་ ཡར་རྒྱས་འགྱོ་ནི་འགོ་བཙུགས་ཏེ་ རིམ་གྱིས་སབེ་་འཁོར་ལམ་ སློབ་གྲྭ་ ཡོངས་འབྲེལ་གྱི་རིམ་ལུགས་དང་ རྒྱང་བསྒྲགས་ལྷག་པར་དུ་རྒྱང་མཐོང་གི་རིམ་ལུགས་ཚུ་གེ་ར་ལྷོད་ནུག། Lily Wangchuk (2017) ཤོག་གྲངས་ ༧༢ ནང་འབད་བ་ཅིན་ འབྲུག་ལུ་རྒྱང་བསྒྲགས་ཀྱི་རིམ་ལུགས་ཚུ་ རྒྱང་བསྒྲགས་ལས་འཛིན་ཐོན་ཚར་བའི་ཤུལ་ལས་ ཡོངས་གྲགས་འགྱོ་ནི་འགོ་བཙུགས་ཏེ་ རིམ་གྱིས་སྦེ་ སེན་ཀྲི་ནའེལ་རྒྱང་བསྒྲགས་འཕྲུལ་ཁང་དེ་ཡང་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༢ པའི་ སྤྱི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ༌ མི༌དབང༌འབྲུག༌རྒྱལ༌ལྔ༌པ༌མཆོག༌གི༌ འཁྲུངས༌སྐར༌དུས༌ཆེན༌དང༌འབྲེལ༌ འགོ༌བཙུགས༌ནུག།
འཕྲུལ་ཁང་དེའི་ ཡོངས་འབྲེལ་འཆར་སྒོའི་ནང་ལུ་ རྒྱང་བསྒྲགས་འཕྲུལ་ཁང་འདི་བཟུམ་ཅིག་ དེ་སྦེ་འགོ་བཙུགས་དགོ་མི་དེ་ཡང་ སྨན་ལྗོངས་རྒྱལ་ཁབ་ནང་གི་ སྤྱ་ནོར་དམ་པ་ དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་ལྔ་པ་ སྐྱབས་གནས་དམ་པ་ མི་སེར་གྱི་རྒྱལཔོ་མཆོག་ལུ་ འཁྲུངས་སྐར་གྱི་ཉིནམ་ལུ་ བཀྲིས་ལེགས་སྨོན་ཞུ་ནི་དང་ ཧིང་གི་གདིང་ལས་བཀའ་དྲིན་དགའ་ཚོར་དང་ བཀྲ་ཤིས་མངའ་གསོལ་ཞུ་ནིའི་དོན་ལུ་ འབྲུག་མི་གེ་ར་གི་དོན་ལུ་ཕན་ཐོགས་པའི་ རྒྱུན་ལམ་ཅིག་འགོ་བཙུགས་ཡོདཔ་ཨིན། དེ་སྦེ་འགོ་བཙུགས་མི་འདི་གིས་ སྐབས་འབབ་ཀྱི་དུས་ལུ་དང་ ལྷག་པར་དུ་མ་འོངས་པའི་ནང་ ཐིམ་ཕུག་ལུ་བཞུགས་མི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ཡོངས་ལུ་ ཐུགས་སྤྲོའི་ཡུལ་ཅིག་ལུ་འགྱུར་བཅུག་ནི་དང་ འབྲུག་རྒྱལ་ཁབ་ནང་གི་རྒྱུ་ནོར་ངོ་མ་ཅིག་ཨིན་པའི་ ཁག་ཆེ་བའི་མི་རློབས་ཅིག་ཨིན་མི་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་ནིའི་དོན་ལུ་དང་ མི་དམངས་ལུ་མ་རིག་མུན་པ་བསལ་ནིའི་དོན་ལུ་ཡང་ ག་ཅི་དེ་ཕན་སྦོམ་སྦེ་ར་ཐོགས་ནུག།
འཕྲུལ་ཁང་འགོ་བཅུགས་པའི་ ལོ༌དེ༌ནང༌ལུ༌ར༌ སྤྱི༌ཟླ༌ ༣ པའི༌ བདུན༌ཕྲག༌དང༌པ༌ནང༌ལས༌འགོ༌བཟུང་སྟེ་ ལས༌རིམ༌ཚུ༌རྒྱང༌བསྒྲགས༌འབད༌ནི༌ཡང་འགོ༌བཙུགས༌ཏེ༌ རྒྱལ༌ཁབ༌ནང༌རྒྱང༌བསྒྲགས༌འཕྲུལ༌ཁང༌བཞི༌པ༌སྦེ༌ ངོས་འཛིན༌བྱུང༌ནུག། རྒྱང༌བསྒྲགས༌འཕྲུལ་ཁང་དེ༌ནང༌ལས༌ ལས༌རིམ༌ཚུ༌ཡང༌ མང༌ཤོས༌ར༌ ཐུགས༌སྤྲོའི༌ལས༌རིམ༌ཚུ༌དང༌ དེ་གིས་མ་དོ་བའི་ལས་རིམ༌ཚུ་ཡང་ ངག༌རྒྱུན༌ལས༌དར༌འོང༌སྟེ་ཡོད༌པའི༌ སྔར༌སྲོལ༌ལམ༌ལུགས༌ སྤྲོ་བ་ཅན་གྱི་སྲུང༌དང༌གཏམ༌རྒྱུད༌ སྙན༌གྲགས༌ཅན༌གྱི༌ ནང༌འཁོད༌ཀྱི་གཏམ༌རྒྱུད༌ ཞབས༌ཁྲའི་ལས་རིམ་ལ་སོགས་པ་ཚུ༌དང༌ གཞན༌དང༌གཞན༌ཡང༌ལེ༌ཤ༌ར༌ ཐུགས༌སྤྲོའི༌ལས༌རིམ༌སྣ༌ཚོགས༌སྦེ༌ རྒྱང༌བསྒྲགས༌འབད་སྲོལ༌འདུག། ལས་རིམ་ག་དེམ་ཅིག་ སྤྲོ་བ་ཆེ་ཏོག་ཏོ་སྦེ་བཟོ་རུང་ འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་རྐྱངམ་གཅིག་མ་གཏོགས་ གཞན་མི་རྫོང་ཁག་ནང་ལས་བཞུགས་མི་ མི་སེར་ཚུ་ཞབས་ཏོག་དེ་ཞུ་ནིའི་ གོ་སྐབས་ཐོབ་མ་ཚུགས་པས། དེ་སྦེ་རྒྱང་བསྒྲགས་འབད་མ་ཚུགས་མི་དེ་ཡང་ འཕྲུལ་ཁང་དེ་ཆུང་ཀུ་ཅིག་ལས་མེད་པའི་ཁར་ ཁོང་རའི་དམིགས་གཏད་ར་ ཐིམ་ཕུག་ལུ་རྒྱང་བསྒྲགས་འབད་ནིའི་ དམིགས་པ་བསྐྱེད་དེ་འགོ་བཙུགས་ཡོད་པའི་ཁར་ འབྲུག་ལུ་རྒྱང་བསྒྲགས་ཀྱི་རིམ་ལུགས་ ལག་ལེན་འཐབ་མི་ཡང་ མར་ཉམས་འགྱོ་བའི་དུས་ཚོད་ཁར་ལྷོད་དེ་ཡོད།
རྒྱང་བསྒྲགས་འཕྲུལ་ཁང་དེ་ནང་ལས་ ཉིན་བསྟར་བཞིན་ལས་རིམ་ཚུ་ཡང་ དྲོ་པ་ཆུ་ཚོད་ ༩.༣༠ ལས་ ཕྱི་རུ་ཆུ་ཚོད་ ༨ ཚུན་གྱི་རིང་ལུ་ རྒྱང་བསྒྲགས་འབད་དོ་ཡོདཔ་ཨིན། ལས་རིམ་ཚུ་ཡང་དྲོ་པ་ སྙན་པའི་གླུ་དབྱངས་ཀྱི་ལས་རིམ་ཟེར་ སྤྲོ་བ་ཡོད་མི་དང་ལྷག་པར་དུ་ ལས་རིམ་སྙན་གསན་མི་དང་འདོད་ཅན་གྱི་ འབྲུག་པའི་མི་ངོ་ཚུ་ལུ་ བརྒྱུད་འཕྲིན་ཐོགས་ གླུ་གཞས་གདམ་ཁ་རྐྱབ་ནི་དང་ འཐེན་ནི་ལ་སོགས་པའི་ལས་རིམ་ཅིག་ཨིན་མས། བློ་ཟེ་དང་རྩང་མོའི་ལས་རིམ་ཟེར་ འབྲུག་པའི་ལམ་སྲོལ་བདག་འཛིན་འབད་ཐབས་ལུ་ ལས་རིམ་དེ་དམིགས་བསལ་གྱི་ རྒྱང་བསྒྲགས་འབད་དེ་ འབྲུག་པའི་ལམ་སྲོལ་ཧ་གོ་ནི་ལུ་ཕན་ཐོགས་ཡོདཔ་ཨིན། མིཝ་ཟིག་ཕིཝ་ཞཱན་ཟེར་ ཞབས་ཁྲ་སྣ་ཚོགས་རྒྱང་བསྒྲགས་འབད་དེ་ མི་སེར་ཚུ་རྒྱང་བསྒྲགས་ཉན་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནི་དང་ ཨིང་སྐད་ཀྱི་དོན་ལུ་ ཀྲོ་ཀིང་ཀྲུ་མཡེ་བེསཌ་ཕེརེནཌ་ཟེར་ རང་སོའི་ཆ་རོགས་ཚུ་ལུ་ཁ་འཐེན་གཏང་ནིའི་དོན་ལུ་དང་ ཁ་སྐད་་གདམ་ཁའི་རང་དབང་སྤྲོད་ནི་ལུ་དམིགས་ཏེ་ ལས་རིམ་དེ་ཨིང་སྐད་ཀྱི་ཁ་སྐད་ཐོག་ རྒྱང་བསྒྲགས་འབད་སྲོལ་འདུག།
ས་རིམ་བྱ་རིམ་ལས་རིམ་ཟེར་ འབྲུག་མི་ཚུའི་བར་ན་ གཅིག་གིས་གཅིག་ངོ་ཤེསཔ་བཟོ་ནི་དང་ མི་སྡེ་མཐུན་འབྲེལ་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ རྫོང་ཁ་་ནང་ལུ་སྦེ་བརྒྱུད་འཕྲིན་ཁ་འཐེན་གྱི་ ལས་རིམ་རྒྱང་བསྒྲགས་འབད་དོ་ཡོདཔ་ཨིན། རྒྱང་བསྒྲགས་འཕྲུལ་ཁང་དེ་ནང་ལས་ ལས་རིམ་རྒྱང་བསྒྲགས་འབད་ནི་ལས་ལྷག་པའི་ ཞབས་ཏོག་གཞན་དེང་སང་གི་དུས་ལུ་ ག་ནི་བ་འཇམ་ཏོང་ཏོ་སྦེ་ ལས་རིམ་ཚུ་ཞབས་ཏོག་ལེན་ཚུགས་ཐབས་ལུ་ གློག་རིག་ཡོངས་འབྲེལ་ལག་ལེན་ཐོག་ལས་ ཡང་ན་འགྲུལ་འཕྲིན་ཐོག་ལས་ཡང་གསན་ཚུགས། དེ་མ་ཚད་པའི་ཞབས་ཏོག་ ལས་རིམ་སྣ་ཚོགས་མི་ཡོངས་གྲགས་ཅན་དང་ འབྲུག་ལུ་ཁག་ཆེ་བའི་ས་ཆ་ དེ་ལས་འོས་འབབ་ལྡན་པའི་ནང་འཁོད་གནས་ཚུལ་ཚུ་ ལས་རིམ་སྒྲ་བཟུང་སྟེ་ཡོད་མི་ཚུ་ རྒྱང་བསྒྲགས་འཕྲུལ་ཁང་དེ་གིས་ ཡོངས་འབྲེལ་འཆར་སྒོའི་ནང་ལས་ འཇམ་ཏོང་ཏོ་སྦེ་ཕབ་ལེན་འབད་ཚུགསཔ་བཟོ་སྟེ་ཡོདཔ་ཨིན། དེ་གིས་མ་དོ་བའི་གཞན་དང་གཞན་གྱི་ལས་རིམ་ སྐབས་འབབ་ཀྱི་ལས་དོན་དང་ལས་འབྲེལ་ཚུ་ རྒྱང་བསྒྲགས་དང་གློག་རིག་ཡོངས་འབྲེལ་ ལྷག་པར་དུ་མི་སྡེ་བརྡ་བརྒྱུད་ཚུ་གེ་ར་ ནང་ལས་འཐོབ་ཚུགསཔ་བཟོ་སྟེ་ཡོད།
རྒྱང་བསྒྲགས་འཕྲུལ་ཁང་དེ་ནང་ལས་ གཞན་མི་ཞབས་ཏོག་ཚོང་འབྲེལ་ཁྱབ་བསྒྲགས་དང་ གཞན་མི་དམངས་གསལ་བསྒྲགས་ དེ་ལས་སྤེལ་བསྒྲགས་ལ་སོགས་པ་ཚུ་ གསལ་སྟོན་འབད་དེ་འབྲུག་པའི་མི་ཚུ་དང་ ལྷག་པར་དུ་ཐིམ་ཕུག་ལུ་སྡོད་མི་ཚུ་ རྒྱང་བསྒྲགས་ཉན་ཏེ་ རང་སོའི་དུས་ཚོད་ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་པའི་ཕན་པ་ཚུ་ཡང་ བྱུང་སྟེ་འདུག། རྒྱང་བསྒྲགས་འཕྲུལ་ཁང་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་རྐྱངམ་གཅིག་མ་གཏོགས་ གཞན་རྫོང་ཁག་ཚུ་ནང་ལྷོད་མ་ཚུགས་རུང་ ད་རེས་ནངས་པའི་དུས་ཚོད་ཁར་ གློག་རིག་ཡོངས་འབྲེལ་དང་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ རྫོང་ཁག་ཉི་ཤུ་གེ་རའི་ནང་ བྲི་ལྷག་ཤེས་མི་ཚུ་གིས་ མཐུན་རྐྱེན་དེ་ལག་ལེན་འཐབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན།
སེན་ཀྲི་ནའེལ་རྒྱང་བསྒྲགས་འཕྲུལ་ཁང་ཐོག་ རྒྱང་བསྒྲགས་ཉན་ནི་དང་འདོད་ཡོད་པ་ཅིན་ མེ་ག་ཧཊས་ ༡༠༡ ཐོག་གསན་ཚུགས་ནི་དང་ ཚོང་འབྲེལ་དང་ཁྱབ་བསྒྲགས་ཀྱི་དོན་ལུ་འབད་བ་ཅིན་ འགྲུལ་འཕྲིན་ཨང་ ༧༧༧༤༧༠༧༤ ནང་འབྲེལ་བ་འཐབ་དགོཔ་ཨིན། དེ་མ་ཚད་རྒྱང་བསྒྲགས་འཕྲུལ་ཁང་དེ་གི་ ཡོངས་འབྲེལ་འཆར་སྒོ་དང་ གཞན་དེང་སང་གི་ རྒྱུན་ལམ་མི་སྡེ་བརྡ་བརྒྱུད་ ཊུའི་ཊར་དང་ ཕེས་བྷུག་གི་ངོ་ཤོག་ལ་སོགས་པ་ཚུ་ནང་འབྱོན་པ་ཅིན་ ཁ་གསལ་ཏོག་ཏོ་སྦེ་ཧ་གོ་ཚུགས། དང་ཕུ་བཟུམ་སྦེ་ རླུང་འཕྲིན་སྙན་སྒྲོམ་ཚུ་འབག་སྟེ་འགྱོ་དགོཔ་མེད་པར་ ག་ཅི་དེ་སྟབས་བདེ་ཏོག་ཏོ་སྦེ་ གློག་རིག་ཡོངས་འབྲེལ་ལག་ལེན་ཐོག་ རྒྱང་བསྒྲགས་འཕྲུལ་ཁང་གི་ ཡོངས་འབྲེལ་འཆར་སྒོ་ནང་ལས་ཡང་ དངོས་མཐོང་སྦེ་ཞབས་ཏོག་སྤྱོད་ཚུགས་ནི་དང་ ལྷག་པར་དུ་འགྲུལ་འཕྲིན་ག་བཟུམ་ཡོད་རུང་ ཞབས་ཏོག་སྤྱོད་ཚུགསཔ་ཨིན། ཧེ་མ་འགོ་བཙུགས་པའི་སྐབས་སུ་ རྒྱང་བསྒྲགས་འཕྲུལ་ཁང་འདི་ ག་ཅི་དེ་ལེགས་ཤོམ་སོང་ཡོད་རུང་ ད་རེས་ནངས་པའི་དུས་ལུ་ ཐུགས་སྤྲོའི་རྒྱུན་ལམ་མ་འདྲཝ་ལེ་ཤ་སྦེ་ ཐོན་ཡོདཔ་ལས་བརྟེན་ ལེགས་ཤོམ་སྦེ་གོ་བ་སྤྲོད་ཚུགས་ནི་ལུ་ ལ་ཁག་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Retrieved from: https://web.archive.org/web/20200216184223/http://centennialradio.com/
  2. Retrieved from: http://www.listenonlineradio.com/bhutan/centennial-radio-101-fm