སེམས་རྟོག་ཁ་རྫོང་།

Wikipedia ལས།

འབྲུག་པའི་རྫོང་ཚུ་ ནང་པ་སངས་རྒྱས་པའི་བསྟན་པ་དར་སའི་ཡུལ་ངོ་མ་ཅིག་ཨིན། རྫོང་ཚུ་མང་ཤོས་ར་ ནང་པ་སངས་རྒྱས་པའི་ཆོས་ལུགས་ཚུ་ཁྱབ་སྤེལ་འབད་ནི་དང་ ཡང་ཅིན་ལུང་ཕྱོགས་གཅིག་གི་དབང་ཚད་སྤེལ་ནིའི་དོན་ལུ་དམིགས་ཏེ་རྐྱབ་ནུག། དེ་མ་ཚད་རྫོང་ཚུ་རྒྱལ་ཡོངས་ནང་རིན་ཐང་ཆེ་བའི་ནང་རྟེན་འགངས་ཅན་རིགས་ཚུ་དང་ དྲག་པོའི་གོ་མཚོན་ཚུ་བཞག་སའི་མཛོད་ཁང་བཟུམ་ཅིག་ཡང་ཨིན། འདས་པའི་ལོ་ངོ་ ༣༠༠ གི་རིང་ལུ་ རྫོང་ཚུ་རྒྱལ་ཁབ་རང་བཙན་སྲུང་སྐྱོབ་འབད་ནིའི་དོན་ལུ་ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན། རྒྱུ་མཚན་དེ་གིས་སྦེ་ རྫོང་ཚུ་རི་དང་སྒང་ ག་ནི་བ་མཐོང་གསལ་ཆེ་བའི་ལུང་གཤོང་གི་སྟོད་ཁ་ཐུག་ལུ་བཞེངས་ཏེ་འདུག། དེ་ཚུ་ཕྱིའི་དགྲ་བྱང་ཕྱད་ཚུ་ལས་ཉེན་སྲུང་གི་དོན་ལུ་ བལྟ་རྫོང་ཟེར་མི་ཚུ་ མ་རྫོང་འདི་ལས་དུམ་གྲ་ཅིག་ མཐོ་དྲགས་ཡོད་པའི་སྒང་གུ་ལུ་རྐྱབ་སྟེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཕྱིའི་དགྲའི་འཇིགས་པ་འབྱུང་བའི་སྐབས་ འཐུང་ཆུའི་དབོག་ནིའི་དོན་ལུ་ ཆུ་རྫོང་ཟེར་མི་ཚུ་ཡང་ལོགས་སུ་སྦེ་རྐྱབ་སྟེ་ཡོད་མི་ཚུ་ ད་ལྟོའི་བར་ན་ཡང་མཐོང་ཚུགསཔ་ཨིན། རྫོང་གཞིས་དེ་ཚུ་ད་རེས་ ཆོས་དང་སྲིད་གཉིས་ཆ་ར་ སྐྱོང་སའི་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ཨིན།
ལོ་རྒྱུས་དང་འཁྲིལ་པ་ཅིན་ བོད་ལས་གསར་རྙིང་རིས་སུ་མ་ཕྱིས་པའི་བླམ་དང་སློབ་དཔོན་ཚུ་ འབྲུག་ལུ་བྱོན་ཏེ་ རྫོང་གཞིས་ཚུ་བཞེངས་ཡོད་པའི་ལོ་རྒྱུས་བཤད་སྲོལ་འདུག། སྤྱི་ལོ་ ༡༦༡༦ ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་རྣམ་རྒྱལ་མཆོག་ལྗོངས་འདི་ནང་ཕྱག་ཕེབས་ནང་ཞིནམ་ལས་འབྲུག་རྒྱལ་ཁབ་གཅིག་བསྒྱུར་མཛད་གནང་བའི་ཤུལ་ལུ་ ས་གནས་ཐདམ་འཐད་ཁར་ལས་ཕར་ ལུང་ཕྱོགས་དང་ལུང་ཕྲན་ག་ར་མངའ་འོག་ལུ་བསྡུ་ནིའི་དོན་ལུ་ རྫོང་བཞེངས་ནི་འགོ་བཙུགས་ནུག། རྫོང་ཚུ་གི་ཆགས་རབས་ཚུ་ལོ་རྒྱུས་དང་འཁྲིལ་པ་ཅིན་ ཧེ་མའི་ལུང་བསྟན་དང་བླམ་བཟང་པོ་ཚུ་གིས་ཐུགས་སྨོན་ལས་འབྱུང་བའི་གཏམ་ཡ་མཚན་ཆེ་ཏོག་ཏོག་ ཙང་ཙ་ར་ཡོདཔ་ཨིན།
ཞབས་དྲུང་རིན་པོ་ཆེ་མཆོག་གིས་ བཞེངས་མི་རྫོང་གཞིས་ཚུ་གི་གྲས་ལས་ དང་པ་འདི་ རབ་བཱུང་ ༡༡ པ་སྤྱི་ལོ་ ༡༦༢༩ ལུ་བཞེངས་མི་སེམས་རྟོགས་ཁ་རྫོང་འདི་ཨིན། འདི་གི་བཟོ་རྣམས་ཡང་ ཀུན་མཁྱེན་པད་མ་དཀར་པོ་གིས་བོད་གཙང་ལུ་གསང་སྔགས་ཀྱི་གྲྭ་ཚང་ རྒྱལ་རྗེ་མཚལ་ཟེར་མི་འདི་ལས་ དཔེ་བླངས་ཏེ་ རྫོང་ལུ་ཟུར་ ༡༢ ཡོདཔ་སྦེ་བཞེངས་ནུག། རྫོང་འདི་བཞེངས་དགོ་པའི་ཁུངས་ཡང་ ཞབས་དྲུང་ཐིམ་ཕུག་གི་ལུང་གཤོང་ནང་བདུད་སྲིན་གདུག་པ་ཅན་ཚུ་དམ་ལུ་བཏགས་པའི་བསྒང་ བདུད་གཅིག་གིས་ད་ལྟོ་རྫོང་ཡོད་སའི་ས་གནས་ནང་ རྡོ་སྦོམ་ཡོད་མི་གཅིག་ནང་ཐིམ་སོངམ་ལས་ རྡོ་འདི་གུར་རྫོང་འདི་བཞེངས་པའི་ཤུལ་ལུ་ མིང་ཡང་སྲིན་མོ་རྡོ་ཁ་ཟེར་བཏགས་གནང་ནུག།
རྫོང་འདི་བཞེངས་སྡོད་པའི་བར་ན་ལུ་ བླམ་ཁག་ལྔ་གི་དམག་འོངས་ཏེ་ རྫོང་བཞེངས་ནི་ལས་བར་ཆད་རྐྱབ་རུང་ བླམ་ཁག་ལྔ་གིས་ཞབས་དྲུང་ལུ་གླགས་ཁེལ་མ་ཚུགས་པར་ རྫོང་འདི་ལོ་ངོ་གཉིས་ཀྱི་ནང་འཁོད་ལུ་བསྒྲུབས་ནུག། དེ་ལས་རྫོང་གི་མིང་ཡང་ གསང་སྔགས་ཟབ་དོན་ཕོ་བྲང་ཟེར་བཏགས་ནུག། ཤུལ་ལས་བོད་ལས་དམག་ཐེངས་ལེ་ཤ་འོང་པའི་སྐབས་ རྫོང་ལུ་ཉམས་ཆགས་ཞུགས་ཏེ་ ཆོས་རྗེ་མི་འགྱུར་བསྟན་པའི་སྐབས་ སྤྱི་ལོ་ ༡༦༧༡ ལུ་རྫོང་ཉམས་སུ་མཛད་དེ་ སྔར་ག་ཨིན་པའི་གཟིད་བརྗིད་ཅན་ལུ་བཟོ་གནང་ཡོདཔ་ལས་ རྫོང་འདི་རྒྱལ་ཁབ་ནང་རྙིང་ཤོས་ཅིག་ཨིན།
སེམས་རྟོགས་ཁ་རྫོང་འདི་ཐིམ་ཕུག་ལས་ལྷོ་ཕྱོགས་ལུ་ ཀི་ལོ་མི་ཊར ༣.༡ དེམ་ཅིག་གི་ས་གནས་ཁར་ཆགས་ཡོད། དེ་ཡང་འབྲུག་ཤར་ཕྱོགས་དང་རྡོ་ཀྱོང་ལ་ཧོངས་མར་འགྱོ་སའི་ལུང་གཤོང་དང་ ཤར་ ཝང་ སྤ་གསུམ་གྱི་ས་མཚམས་གི་སྒང་ཟེ་གུར་ཆགས་ཏེ་ཡོད།
རྫོང་འདི་ལུ་འཛུལ་སྒོ་གཅིག་ལས་མེདཔ་དང་ དབུ་རྩེ་གི་ཕྱིལས་མཐའ་སྐོར་ཏེ་མ་ཎི་ལག་འཁོར་ཚུ་ཡོདཔ་ཨིན། རྫོང་འདི་གི་ནང་རྟེན་གཙོ་བོ་རང་ སངས་རྒྱས་ཀྱི་སྐུ་ཨིནམ་དང་ གྱང་གུར་ཡུན་རིངམོ་སོང་བའི་སྡེབས་རིས་་ལེ་ཤ་ཡོདཔ་ལས་ དེ་ཚུ་རྒྱལ་ཁབ་ནང་རི་མོ་ རྙིང་ཤོས་ཅིག་ཨིནམ་སྦེ་བཤད་སྲོལ་ཡོད། འདི་ཁར་ དཔལ་ལྡན་འབྲུག་པའི་བཀའ་སྲུང་གཙོ་བོ་དཔལ་ཡེ་ཤེས་མགོན་པོ་དང་ དུད་གསོལ་ལྷ་མོ་གཉིས་ཀྱི་མགོན་ཁང་ཡང་ཡོདཔ་ཨིན། (Phuntsho, 2013) དེ་མ་ཚད་ རྫོང་འདི་ནང་ ཞབས་དྲུང་སྤྲུལ་སྐུ་རིམ་བྱོན་དང་ སྡེ་སྲིད་རིམ་བྱོན་ཚུ་བཞུགས་ཡོདཔ་མ་ཚད་ འབྲུག་རྒྱལ་དང་པའི་ཡབ་མི་རྗེ་འཇིགས་མེད་རྣམ་རྒྱལ་ཡང་ བཞུགས་པའི་རྫོང་རྩ་ཅན་ཅིག་མས།

ཁུངས་གཏུག།[ཞུན་དག།]

  1. History of Bhutan 15th to 19th Century. (n.d.). Course Book for Class VII (4th ed.). Royal Education Council. (Original work published 1990)
  2. Phuntsho, K. (2013). The History of Bhutan (pp. 239–240). Random House India.‌
  3. (2012). Dzongs: the centre of temporal and religious authorities (Punakha Dzong, Wangdue Phodrang Dzong, Paro Dzong, Trongsa Dzong and Dagana Dzong) - UNESCO World Heritage Centre. Retrieved from https://whc.unesco.org/en/tentativelists/5695/