སྐད་ཡིག།

Wikipedia ལས།

སྐད་ཡིག་གི་སྐོར་ལས།[ཞུན་དག།]

༉ སྐད་ཡིག་འདི་བརྡ་དོན་སྤྲོད་ལེན་འབད་ནི་གི་ལམ་ཡོད་ན་མཆོག་དང་མེད་ན་ཐབས་ཆགས་པའི་གཞི་ཅིག་ཨིན། ཁ་སྐད་འདི་གིས་རིག་གཞུང་དང་ལམ་སྲོལ་གྱི་ཡོན་ཏན་ཚུ་བདག་འཛིན་འཐབ་མ་ཚད་ མི་ཚུ་གིས་རང་སོའི་སེམས་ཁར་མནོ་བའི་མནོ་དོན་དང་ ཡིད་ཆེས་ཡོད་ལུགས་ཀྱི་གཏམ་དང་ལོ་རྒྱུས་ཚུ་བརྡ་དོན་སྤྲོད་ལེན་འབད་ཚུགསཔ་ཨིན། སྐད་ཡིག་འདི་གིས་ མི་སྡེའི་འཛམ་གླིང་ནང་ལུ་འཛུལ་ཞུགས་འབད་དེ་ ཡོན་ཏན་རྣམ་པ་སྣ་ཚོགས་འཐོབ་ཚུགས་པའི་ཁེ་ཕན་སྤྲོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ ཁ་སྐད་མ་འདྲཝ་ ༡༩ གི་རྩིས་ཡོདཔ་དང་ ཁ་སྐད་ལེ་ཤ་ཡོད་དགོ་པའི་རྒྱུ་མཚན་ཡང་ ཧེ་མའི་དུས་ལུ་ ལུང་པ་དང་ལུང་ཕྱོགས་སོ་སོའི་བར་ན་ གངས་རི་དང་ལ་ཚུ་གི་བཅད་དེ་འབྲེལ་བ་འཐབ་མ་ཚུགསཔ་ལས་ རང་སོའི་ལུང་པ་རེ་ལུ་ཁ་སྐད་རེ་རེ་བྱུང་སྟེ་སྡོད་ནུག། (Driem, 2015)

འབྲུག་རྒྱལ་ཡོངས་ཀྱི་སྐད་ཡིག་འདི་ འབྲུག་གི་ནུབ་ཕྱོགས་རྫོང་ཁག་བརྒྱད་ཀྱི་ནི་ལུ་ སླབ་ནི་ཡོད་མི་སྐད་ ཡིག་རྫོང་ཁ་འདི་ཨིན། རྫོང་ཁ་ཟེར་སླབ་དགོ་མི་འདི་གཙོ་རོ་ར་ ཧེ་མའི་དུས་ལུ་ ཡིག་ཚང་ཚུ་ག་ར་རྫོང་ནང་ཡོདཔ་ལས་ གཞུང་དོནགྱི་ལཱ་འབད་པའི་སྐབས་ མང་ཤོས་ར་རྫོང་ཁ་འདི་ལག་ལེན་འཐབ་ལས་བརྟེན་ རྫོང་ཁ་ཟེར་དར་ཁྱབས་སོང་ནུག། སྤྱི་ལོ་ ༡༩༧༡ ལུ་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་འཛུལ་ཞུགས་འབདཝ་ད་ རང་སོའི་རྒྱལ་ཡོངས་ཁ་སྐད་ཡང་དགོཔ་ལས་ མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྒྱལ་ཡོངས་ཀྱི་ཁ་སྐད་འདི་རྫོང་ཁ་སྦེ་ ངོས་འཛིན་གནང་ནུག། རྫོང་ཁ་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོག་ཁག་ ༨ ཀྱི་ཁ་སྐད་ཨིན་རུང་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ ད་རེས་ རྫོང་ཁག་མཐའ་དབུས་མེད་པའི་ནང་ སྐད་ཡིག་རྫོང་ཁ་འདི་ཡོངས་གྲགས་སྦེ་སླབ་སྲོལ་ཡོདཔ་ཨིན། (Wangchuk, 2008)

རྫོང་ཁ་འདི་ ཊི་བེ་ཊོ་བར་མཱན་ (Tibeto-Burman or Sino-Tibetan) ལས་བརྒྱུད་པའི་སེན་ཊཱལ་བོ་ཌིཤ་ (Central Bodish) གི་སྡེ་ཚན་ནང་ཚུདཔ་ཨིན་པས།
ཧེ་མ་ སྔ་ལོང་གི་ཁ་སྐད་རྫོང་ཁ་འདི་ ལུང་ཕྱོགས་གཞན་གྱི་ཁ་སྐད་བཟུམ་སྦེ་ ངག་ཐོག་ལས་བཤད་སྲོལ་རྐྱངམ་གཅིག་ཡོདཔ་མ་གཏོགས་ ཡིག་ཐོག་ལུ་འབྲི་སྲོལ་མེདཔ་ཨིན། ད་རེས་ཡིག་ཐོག་ལུ་ མགྱོགས་ཡིག་ནང་འབྲི་སྲོལ་ཡོད་མི་འདི་ཡང་ མི་དབང་གཞི་གཤེགས་འབྲུག་རྒྱལ་གསུམ་པའི་སྐུ་ཐོག་ལས་འགོ་བཙུགས་ཡོདཔ་དང་ འདི་གི་ཧེ་མ་ཡིག་གུ་འབྲི་ཀློག་ཚུ་ག་ར་ ཆོས་སྐད་ཀྱི་ཐོག་ལུ་འབད་དེ་སྡོད་ནུག། མགྱོགས་ཡིག་འདི་ དུས་རབས་བརྒྱད་པའི་ནང་ གུ་རུ་ནིན་པོ་ཆེ་བོད་ལུ་ མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས་ལྷ་ཁང་བཞེངས་ཚར་ཏེ་ རབ་གནས་གནང་པར་བྱོན་པའི་ཤུལ་ལུ་ རྒྱ་ཆོས་བོད་དུ་སྒྱུར་བའི་སྐབས་ བུམ་ཐང་ལྕགས་མཁར་རྒྱལཔོ་གིས་ ཤོག་ཀུ་གྲོགས་རམ་སྦེ་ཕུལ་བའི་བཀྲིན་བརྗེ་དྲན་ལུ་འབྱོནམ་ད་ གུ་རུའི་སློ་མ་ལྡན་མ་རྩེ་མངས་ཀྱིས་བརྩམས་ཏེ་ཕུལ་ཡོདཔ་ཨིན། འདི་ལུ་ལྷོ་ཡིག་ཟེར་ཡང་སླབ་སྲོལ་ཡོད། དེ་བཟུམ་སྦེ་ དར་ཁྱབ་ཆེ་ཏོག་ཏོ་ཡོད་པའི་ཁ་སྐད་ལེ་ཤ་ཡོད་རུང་ འབྲུག་ཤར་ཕྱོགས་ཀྱི་མི་སེར་ཚུ་གིས་སླབ་པའི་ ཚང་ལ་སྐད་དང་ འབྲུག་ལྷོ་ཕྱོགས་ཀྱི་མི་སེར་ཚུ་གིས་སླབ་མི་ཁ་སྐད་ལྷོ་མཚམས་ཁ་སྐད་གཉིས་ཡང་ མི་མང་ཆེ་ཤོས་ཀྱིས་སླབ་སྲོལ་ཡོདཔ་ཨིན། (Phuntsho, 2013)

ཁུངས་གཏུག།[ཞུན་དག།]

  1. Driem, G. van. (2015). Language and identity in Bhutan. ResearchGate.
  2. Phuntsho, K. (2013). The History of Bhutan (p. 237) The History of Bhutan, Random House India.
  3. Lily Wanghcuk (2008) Facts about Bhutan, Thimphu, Absolute Bhutan Books.
"https://dz.wikipedia.org/w/index.php?title=སྐད་ཡིག།&oldid=29359" ལས་ སླར་འདྲེན་འབད་ཡོདཔ།