Jump to content

སྐུ་གཟུགས་ཨེཕེ་ཨེམ།

Wikipedia ལས།

༉ སྐུ་གཟུགས་ཨེཕེ་ཨེམ་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ཆུ་བར་ཆུ་ལུ་ཆགས་ཡོད་མི་ ན་གཞོན་དང་འབྲེལ་བའི་རྒྱང་བསྒྲགས་འཕྲུལ་ཁང་ཅིག་ཨིན། ཡིག་ཚང་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ཡིག་ཚང་གི་ལས་འགུལ་ཅིག་སྦེ་གཞི་བཙུགས་འབད་བའི་་ཤུལ་ལུ་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༢༦ ལུ་ རྒྱང་བསྒྲགས་འབད་ནིའི་འགོ་འབྱེད་འབད་དེ་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༨ པའི་ སྤྱི་ཚེས་ ༢༡ ལུ་ རྒྱང་བསྒྲགས་གི་ལས་རིམ་དེ་ རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ཐོག་ལས་ གཏང་ནི་འགོ་བཙུགས་ནུག། ཡིག་ཚང་དེ་ འབྲུག་རྒྱལ་ཁབ་ནང་ཡོད་མི་རྒྱང་བསྒྲགས་འཕྲུལ་ཁང་སྦོམ་ཤོས་ཀྱི་གྲས་ཁར་ཚུད་པའི་ཁར་ དེ་ནང་ལས་ རྒྱང་བསྒྲགས་འབད་མི་ལས་རིམ་ཚུ་ཡང་ འབྲུག་གི་རྫོང་ཁག་ཉི་ཤུ་དང་ གཞན་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་འཐུས་མི་རྒྱལ་ཁབ་ཚུ་གིས་ཡང་གོ་ཚུགསཔ་ཨིན།
སྐུ་གཟུགས་རྒྱང་བསྒྲགས་ཀྱིས་ ཐ་དམ་ཚིག་ཅན་གྱི་ན་གཞོན་ཚུ་ ག་ནི་བ་སྤྲོ་བ་ཆེ་ཏོག་ཏོ་དང་ སྤུས་ཚད་ལྡན་ཏོག་ཏོ་སྦེ་བཞག་ཚུགས་པའི་ཁར་ རྣ་བར་ཧན་པའི་དབྱངས་དང་ སེམས་དགའ་བའི་སྨན་གྱི་བདུད་རྩི་བཟུམ་མའི་ཐུགས་སྤྲོའི་ལས་རིམ་ཚུ་གི་སྒོ་ལས་ ལྷ་མོ་དབྱངས་ཅན་མའི་མཆོད་པ་ཕུལཝ་ཨིན། དེ་བཟུམ་སྦེ་ མ་རིག་མུན་པ་བསལ་བའི་ཤེས་རིག་ཀྱི་ལས་རིམ་དང་ སྐབས་སུ་བབས་པའི་རྒྱལ་ཡོངས་ཀྱི་གནས་ཚུལ་ལ་སོགས་པ་ ལས་རིམ་སྣ་ཚོགས་བཟོ་སྟེ་རྒྱང་བསྒྲགས་འབད་ཐོག་ལས་ ཡོན་ཏན་བྱིན་ནི་དེ་ཨིན། ཡིག་ཚང་དེ་གི་དམིགས་ཡུལ་གཙོ་བོ་ར་ འབྲུག་པའི་ན་གཞོན་ཚུ་གི་དོན་ལུ་ རྒྱང་བསྒྲགས་འཕྲུལ་ཁང་དྲག་ཤོས་ཅིག་སྦེ་བཟོ་ནི་དེ་ཨིན། དེ་མ་ཚད་ ཡིག་ཚང་དེ་གི་དམིགས་གཏད་ངོ་མ་ཅིག་ ན་གཞོན་ཚུ་གིས་ རང་སོའི་བསམ་འཆར་ཚུ་ མི་མང་ལུ་བཤད་བཅུག་ནི་དེ་ དམིགས་བསལ་གྱི་གཙོ་རིམ་ཅིག་ཨིན།
རྒྱང་བསྒྲགས་དེ་ནང་ལས་ ལས་རིམ་མང་ཤོས་ར་ མི་དམངས་དང་ ལྷག་པར་དུ་ ན་གཞོན་ཚུ་ལུ་ཡོན་ཏན་དང་གོ་བ་བརྡ་སྤྲོད་འབད་ནི། དེ་མ་ཚད་ ཐུགས་སྤྲོའི་ལས་རིམ་ལ་སོགས་པ་ཚུ་ ལེ་ཤ་ཅིག་ར་ཕུལ་སྲོལ་ཡོད། འབྲུགཔ་རྟེན་འབྲེལ་ལུ་མངའ་ནི་དེ་གིས་ ཉིནམ་གཅིག་ནང་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ རྐྱེན་དང་བར་ཆད་ག་ནི་ཡང་མི་འབྱུང་ནིའི་དོན་ལུ་ ལས་རིམ་ཚུ་ཡང་ དྲོ་པ་ཚུ་ཚོད་ ༦ ལས་འགོ་བཟུང་ དྲོ་པའི་ཁ་མཐུན་གྱི་ལས་རིམ་གྱིས་སྦེ་འགོ་བཙུགསཔ་ཨིན་མས། དེ་གི་ཤུལ་ལས་ར་ སྐུ་གཟུགས་བཟང་པོ་ཁ་འཐེན་གྱི་ལས་རིམ་ཟེར་ རང་སོའི་ཕམ་སྤུན་ཆ་ ལྟ་ལྟོ་ཚང་དང་དགའཝ་མཐུནམ་ཚུ་ལུ་ དང་ཕུ་ཡི་གུའི་ཐོག་ལས་ འབྲེལ་བ་འཐབ་སྲོལ་ཡོད་དོ་བཟུམ་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ འགྲུལ་འཕྲིན་གྱི་ཐོག་ལས་ སྐུ་གཟུགས་རྒྱང་བསྒྲགས་ནང་ལས་ ཁ་འཐེན་གཏང་ནི་ལས་རིམ་ཅིག་ཨིན།
དེ་གི་ཤུལ་ལས་ ཀ་ལ་པིང་ཀའི་ལས་རིམ་ཟེར་ རང་སོའི་གདམ་ཁ་ཅན་གྱི་ལས་རིམ་ཚུ་ཉནཉནནིའི་དོན་ལུ་ ལས་རིམ་འགོ་འདྲེན་པ་ལུ་ པར་འཕྲིན་ ཡང་ན་ཡིག་ཐོག་ལུ་བྲིས་ཏེ་ གདམ་ཁ་རྐྱབ་དགོཔ་ཨིན། དེ་ལས་ ཞབས་ཁྲ་ལེགས་མོ་ཟེར་ ད་རེས་ནངས་པའི་ན་གཞོན་ཚུ་གིས་དགའ་མི་ གཏུམ་གླུ་གསརཔ་ཚུ་གཏངམ་ཨིན། ཁུ་བྱུག་སྔོན་མོའི་ལས་རིམ་ཟེར་ ཉིན་དགུང་གི་འགྲུལ་འཕྲིན་ཁ་འཐེན་གྱི་ལས་རིམ་ཅིག་དང་། གསུང་སྒྲ་སྙན་གྱི་ལས་རིམ་ཟེར་ སྔར་སྲོལ་ལམ་ལུགས་བདག་འཛིན་འཐབ་ནིའི་དོན་ལུ་ དང་ཕུ་གི་ཞབས་ཁྲ་ གཞུང་སྒྲ་དང་འབོད་སྒྲ་ལ་སོགས་པ་གཏངམ་ཨིན། ཕྱི་རུ་ཁམས་ཅིག་ཁ་ལས་ གསུང་སྐད་ཀྱི་ལས་རིམ་ཟེར་ ཞབས་ཁྲ་འཐེན་ནིའི་ལས་རིམ་ཅིག་ཡང་ཕུལ་དོ་ཡོདཔ་མ་ཚད་ གཞུང་གྲྭ་ཚང་གི་ལས་རིམ་ཟེར་ གཞུང་གྲྭ་ཚང་གི་ཁ་ཐུག་ལས་ཡང་ ཉིན་བསྟར་བཞིན་དུ་ གལ་ཅན་གྱི་ལས་རིམ་ གཟའ་སྐར་བཟང་ངན་གྱི་སྐོར་ལས་དང་ ཆོས་བཤད་ལས་རིམ་ཚུ་ཡང་ཕུལ་དོ་ཡོདཔ་ཨིན།
གཡུ་འབྲུག་སྔོན་མོའི་ལས་རིམ་ཟེར་ ད་རེས་ནངས་པའི་ཞབས་ཁྲ་གསརཔ་དང་ དམིགས་བསལ་གྱི་ལས་རིམ་ཚུ་གཏང་ནི་དང་ ཉིནམ་གཅིག་གི་ལས་རིམ་འཇུག་ར་ བཀྲ་ཤིས་བདེ་ལེགས་ལས་རིམ་ཟེར་ ཕྱི་རུའི་འགྲུལ་འཕྲིན་ཁ་འཐེན་གྱི་ལས་རིམ་གྱིས་སྦེ་ མཇུག་བསྡུཝ་ཨིན། ལྷག་པར་དུ་ རེས་གཟའ་ཟླཝ་ལུ་ སྐུ་གཟུགས་སྤྲོ་འཕེལ་གྱི་ལས་རིམ་ཟེར་ དངོས་མཐོང་སྦེ་ཕུལ་སྲོལ་ཡོད་མི་དེ་ནང་ མིང་གཏམ་ཅན་གྱི་མི་ངོ་ཚུ་བོ་སྟེ་ མི་དམངས་ལུ་ བརྡ་སྤྲོད་དང་སྤྲོ་སྟོན་གྱི་ལས་རིམ་ཚུ་ཕུལཝ་ཨིན། དེ་མ་ཚད་ གཞུང་དང་མི་སེར་གྱི་གསུང་གྲོས་ལས་རིམ་ཟེར་ མི་སེར་ཚུ་ལུ་ཕན་ཐོགས་པའི་ཞབས་ཏོག་མ་འདྲཝ་བྱིན་མི་ཚུ་གིས་ མི་སེར་ལུ་ག་དེ་སྦེ་ ཕན་ཐོགས་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ ཁ་གསལ་སྦེ་བཤད་ནིའི་ལས་རིམ་ཅིག་ཨིན། རྟེན་འབྲེལ་ལས་རིམ་ཟེར་ འབྲུག་པའི་མི་སེར་ཚུ་ལུ་ རང་སོའི་སྔར་སྲོལ་ལམ་ལུགས་ཚུ་ ཉམས་མ་བཅུག་པར་བདག་འཛིན་འཐབ་དགོ་པའི་སྐོར་ལས་བཤད་དོ་ཡོདཔ་ཨིན།
ཨིང་སྐད་ཀྱི་སྐུ་གཟུགས་རྒྱང་བསྒྲགས་ནང་ལུ་འབད་བ་ཅིན་ དྲོ་པའི་འུར་ཟིང་ལས་རིམ་ཟེར་ དྲོ་པ་སྣུམ་འཁོར་བདའ་འགྱོ་མི་ཚུ་གི་དོན་ལུ་ ལམ་འགྲོ་དང་རེ་འདོད་འགྲུབ་པའི་གླུ་དབྱངས་ཚུ་གཏང་སྲོལ་ཡོད། དྲོ་པ་ ས་གནས་དང་འཕྲལ་གྱི་གནས་ཚུལ་གཙོ་དོན་ཚུ་གཏང་དོ་ཡོདཔ་མ་ཚད་ ཉིན་དགུང་གི་ལས་རིམ་ཟེར་ ཉིན་མའི་ལྟོའི་དུས་ཚོད་ཁར་ ཡིག་ཚང་དང་སློབ་གྲྭ་ཚུ་ནང་ལས་ཕར་ དུས་ཚོད་འཐོབ་ད་ཉནཉནནིའི་དོན་ལུ་དམིགས་ཏེ་ཕུལ་དོ་ཡོདཔ་ཨིན། དེ་མ་ཚད་ རེས་གཟའ་མིག་དམར་ཨ་རྟག་ར་ གློག་བརྙེན་གྱི་གསུང་གྲོས་ཟེར་ གློག་བརྙན་གསརཔ་ཚུ་ནང་ལས་ ཞབས་ཁྲ་གཏང་ནི་དང་ གློག་བརྙན་དེ་ ག་དེ་སྦེ་ཡོད་ག་དང་ དེ་གི་ནང་དོན་ངོ་མ་ཚུ་གི་སྐོར་ལས་ ལོ་རྒྱས་བཤད་དོ་ཡོདཔ་ཨིན། རྣམ་ཤེས་གང་བའི་ལས་རིམ་ཟེར་ རེས་གཟའ་ལྷགཔ་ཨ་རྟག་ར་ དྲན་པ་གཟུང་ནི་དང་སྒོམ་རྐྱབ་ནི། དེ་ལས་ བཟང་པོའི་བྱ་བ་དང་སེམས་ཤུགས་བྱིན་ཚུགས་པའི་ སྲུང་དང་ལོ་རྒྱུས་ཚུ་ བཤད་བཅུག་ནིའི་ལས་རིམ་ཅིག་ཨིན།
རྒྱལ་སྤྱིའི་དུས་ཚོད་ཟེར་བའི་ལས་རིམ་དེ་ནང་ རྒྱང་བསྒྲགས་ཉན་མི་ཚུ་གི་སྤྲོ་བ་དང་བསྟུན་ ཕྱིའི་རྒྱལ་ཁབ་ཀྱི་ཞབས་ཁྲ་ཚུ་གཏང་ནི་དང་ སྐུ་གཟུགས་བཱཟི་ལས་རིམ་ཟེར་བའི་ལས་རམ་དེ་ནང་ མིང་གཏམ་ཅན་གྱི་མི་ངོ་ཚུ་བོ་སྟེ་ ཁག་ཆེ་བའི་ལོ་རྒྱུས་དང་སེམས་ཤུགས་ཅན་གྱི་སྲུང་ཚུ་བཤད་ནིའི་གོ་སྐབས་ཕུལ་ཏེ་ རྒྱང་བསྒྲགས་ཉན་མི་འབྲུག་པའི་མི་སེར་ཚུ་དང་ ལྷག་པར་དུ་ ན་གཞོན་ཚུ་ལུ་ སེམས་ཤུགས་འཐེས་བྱིན་ནི་དང་ ཆ་རོགས་འབད་ཚུགས་ནིའི་དོན་ལུ་ཨིན། སྐུ་གཟུགས་རྒྱང་བསྒྲགས་འཕྲུལ་ཁང་དེ་ འབྲུག་རྒྱལ་ཁབ་ནང་ མཐའ་ཟུར་གྱི་གཡུས་སྒོ་ཚུ་དང་ སྣུམ་འཁོར་དེད་གཡོགཔ། དེ་ལས་ ནོར་རྫིཔ་ཚུ་གི་དོན་ལུ་ ཐུགས་སྤྲོ་དང་ཁ་འཐེན་ལས་རིམ་ཚུ་གི་ཐོག་ལས་ ངོ་ཤེས་འདྲིས་ཤེས་བཟོ་སྟེ་ མི་དང་མིའི་བར་ན་ མཐུན་འབྲེལ་ཕུན་སུམ་ཚོགས་ཏོག་ཏོ་བཟོ་ནིའི་དོན་ལུ་ ལྷན་ཐབས་འབད་བའི་དམིགས་བསལ་གྱི་རྒྱང་བསྒྲགས་ཅིག་ཨིན། མི་དབང་མཆོག་གིས་ ལས་འགུལ་དེ་བཟུམ་བརྩམས་གནང་སྟེ་ ད་རེས་ནངས་པའི་དུས་སྐབས་ནང་ཡང་ ན་གཞོན་མཉམ་ཆུང་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ནི་དང་ ཐུགས་སྤྲོའི་ལས་རིམ་སྣ་ཚོགས་ཀྱི་ཐོག་ལས་ མི་དམངས་ཀྱི་སེམས་ཁར་ ཞི་བདེ་སྤེལ་ཏེ་ ག་ཅི་འདེ་ལེགས་ཤོམ་སོང་སྟེ་ཡོདཔ་ཨིན།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བརྟག་ཞིབ་ སྤྱི་ལོ་ ༢༠༡༣ ཅན་མའི་ལུ་ ཉིན་བསྟར་སྐུ་གཟུགས་རྒྱང་བསྒྲགས་ཉན་མི་ ༡༥༠༠༠༠ དེ་ཅིག་དང་ ཤེས་རིག་ལྷན་ཁག་སྤྱི་ལོ་ ༢༠༢༠ ཅན་མ་དང་འཁྲིལཝ་ད་ སློབ་ཕྲུག་ཡོངས་བསྡོམམས་ ༣༢༡༤༥ དེ་ཅིག་གིས་ཡང་ སྐུ་གཟུགས་རྒྱང་བསྒྲགས་དེ་ ཤེས་རིག་དང་ཐུགས་སྤྲོའི་བརྒྱུད་ལམ་སྦེ་ལག་ལེན་འཐབ་སྡོད་ནུག་ཟེར་ཨིན་མས། ལྷག་པར་དུ་ རྒྱང་བསྒྲགས་དེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༢༧ གྱི་ནང་འཁོད་ མི་སྡེ་བརྡ་བརྒྱུད་ཕེསི་བྷུཀ་ནང་ རྗེས་འཇུག་པ་ཡོངས་བསྡོམས་ ༢༤༨༩༧ དེ་ཅིག་དང་། སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་ནང་འཁོད་ གནས་ཚུལ་གྱི་ཡོངས་འབྲེལ་འཆར་སྒོ་ལྟ་མི་ ༡༤༩༦༤༢ དེ་ཅིག་སྡོད་ནུག། དེ་མ་ཚད་ གློག་བརྙན་ལ་སོགས་པ་ཡོངས་འབྲེལ་ནང་བཙུགས་པའི་སྐབས་ ལྟ་མི་ ༤༢༤༢༡༣ དེ་ཅིག་འོང་དོ་ཡོདཔ་ཨིན། རྒྱང་བསྒྲགས་དེ་གི་ཐོག་ལས་ ཚོང་བསྒྲགས་དང་ཁྱབ་བསྒྲགས་ཚུ་གཏང་ནིའི་བརྒྱུད་ལམ་ཡང་ཡོདཔ་མ་ཚད་ དངོས་མཐོང་གི་ལས་རིམ་མ་འདྲཝ་ལེ་ཤ་སྤྱོད་ཚུགས་པའི་ཡུལ་ཅིག་སྦེ་ཡང་ལག་ལེན་འཐབ་དོ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Retrieved from: https://www.kuzoofm.com/
  2. Retrieved from: https://radiotolive.com/asia/bhutan/kuzoo-fm-dzongkha/