སྒརཔ་རླུང་གི་འཁོར་ལོ། Ι Garp Lungi Khorlo
ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ མི་མཁས་དྲག་ཨིན་པའི་ཁར་ རིག་པ་རྣོ་དྲག་ ཁེ་ཀོ་ཆེ་དྲག་འབད་མི་ལེ་ཤ་ཅིག་ཡོད་པའི་ལོ་རྒྱུས་འདུག། དེ་བཟུམ་གྱི་སྐད་གྲགས་ཅན་གྱི་མི་ལ་ལུ་ཅིག་ ཆོས་སྐྱོང་སྲུང་མའི་སྤྲུལ་པ་དང་ ལ་ལུ་ཆོས་སྐྱོང་སྲུང་མའི་འབྲང་ ལ་ལུ་སྟོབས་ཤུགས་ཅན་གྱི་དཔོན་གྱི་རྒྱུད་པ་ ལ་ལུ་རང་སོའི་རིག་རྩལ་དང་སྟོབས་ཤུགས་ལས་བརྟེན་མིང་གཏམ་འཐོན་མི་ཡང་སྡོད་ནུག། ཡོངས་གྲགས་ཅན་གྱི་མི་དེ་བཟུམ་ཚུ་གིས་ ལྷ་འདྲེ་མི་གསུམ་དང་ཅིག་ཁར་ཕྱད་མདའ་རྐྱབ་སྟེ་ རྒྱལ་ཁ་འཐོབ་པའི་ལོ་རྒྱུས་དང་ལ་ལུ་གིས་ རང་གི་གཡུས་སྒོ་ཚུ་ནང་གི་མི་སེར་ཚུ་ལུ་གྲོགས་རམ་འབད་ ལ་ལུ་གིས་རྒྱལ་ཁབ་རང་དབང་དང་གཅིག་སྒྲིལ་བཟོ་བའི་ལོ་རྒྱུས་ཚུ་བཤད་ནི་འདུག། དེ་ཚུ་གི་ནང་ལས་བུམ་ཐང་གྱད་རྩ་ལས་སྒརཔ་རླུང་གི་འཁོར་ལོ་ཟེར་མི་ཅིག་ བྱུང་ཡོདཔ་ཨིན་པས།
དང་ཕུག་གི་དུས་ལུ་ ལྷ་ཆོས་སྐྱོང་སྲུང་མ་དང་གནས་བདག་གཞི་བདག་ ལ་ལུ་ཅིག་འགྲོ་བ་མི་དང་ཅིག་ཁར་ མི་དང་མི་བཟུམ་འབད་མཉམ་འབྲེལ་འབད་ གཏམ་ཕར་ཚུར་སླབ་སྦེ་སྡོད་པའི་ལོ་རྒྱུས་ཡོདཔ་མས། དེའི་སྐབས་ ཁོང་ཚུ་གི་འབྲང་རེ་ཡང་འཐོན་པའི་ལོ་རྒྱུས་ཡོདཔ་ད་ སྒརཔ་རླུང་གི་འཁོར་ལོ་དང་ ཁོ་གི་སྤུན་ཆ་གྱད་དཔུང་ནོར་བུ་གྱད་རྩལ་རིག་པ་ཟེར་མི་ཚུ་ ཀྲོང་གསར་ལུ་ཡོད་པའི་ཨཔ་སྨུག་བཙན་གྱི་འབྲང་ཨིན་པས། ཁོང་གསུམ་ག་ཅི་གི་ཐད་ལས་འབད་རུང་ ཡོངས་གྲགས་དང་སྐད་གྲགས་འཐོན་ཡོདཔ་ད་ ཀྲོང་གསར་དཔོན་སློབ་ཀྱི་ཐུགས་ཁར་ ཁོང་གསུམ་དེ་སྦེ་བཞག་པ་ཅིན་ངོ་ལོག་རྐྱབ་ནིའི་ཉེན་ཁག་འདུག་ཟེར་ ཁོང་གསུམ་དཔོན་སློབ་ཀྱི་ལྟོ་ཟེ་འབད་བཞེས་ནུག།
ཁོང་གསུམ་སྟོབས་ཤུགས་ཆེ་བའི་ཁར་ རིག་རྩལ་ཆེ་གཞི་ རྩུབ་དྲག་ཡོདཔ་ལས་ ལྟོ་ཟེ་གཞན་དང་དཔོན་སློབ་ཀྱི་ཕྱག་ཞུ་མི་ག་གིས་ཡང་ མིག་ཏོ་ར་སྤྱིས་མ་ཚུགསཔ་ལས་ དཔོན་སློབ་ཀྱི་ཐུགས་ཁར་ཁོང་གསུམ་ གནས་སྐབས་བཏོན་ཏེ་མ་བཏུལ་བ་ཅིན་ མཇུག་ལུ་ལ་ཁག་རྐྱབ་ནི་མས་མནོ་སྟེ་ཁོང་གསུམ་རེ་རེ་བཞིན་སྦེ་ བཏུལ་ནི་གི་ཐུགས་བཞེད་གནང་ནུག། ཁོང་གསུམ་གྱི་གྲལ་ལས་དང་པ་ར་སྒརཔ་རླུང་གི་འཁོར་ལོ་བཏུལ་ནིའི་དོན་ལུ་ ཁོང་གསུམ་གྱི་ནང་དོག་རྒྱལ་སྤུངས་བཅུག་ནུག། ཁོང་གསུམ་གྱི་བར་ན་ གྱད་དཔུང་ནོར་བུ་གིས་ཉིནམ་གཅིག་ལུ་ ལྕགས་ཀྱི་ཐོཝ་བརྡར་ཏེ་སྟྭ་རེ་བཟོ་དགོཔ་ད་ གྱད་རྩལ་རིག་པ་གིས་གོས་ཆེན་དྲ་དུམ་ཚུ་གིས་འཆམ་གོ་གཅིག་བཙེམ་ནི་ དེ་ལས་སྒརཔ་རླུང་གི་འཁོར་ལོ་གིས་ ཀྲོང་གསར་ལས་སྤུ་ན་ཁ་སྤུ་ན་ཁ་ལས་ལོག་ཀྲོང་གསར་ལུ་ རྐང་མགྱོགས་སྦེ་འོ་ལོག་རྐྱབ་དགོཔ་ཨིན་པས། ག་གིས་རྒྱལ་ཁ་འཐོབ་ཅིག་ དེ་ལུ་བདག་རྐྱེན་གསརཔ་གནང་ནི་སྦེ་གསུངས་ནུག།
དེ་བསྒང་ སྒརཔ་རླུང་གི་འཁོར་ལོ་གིས་དྲོ་པ་ཀྲོང་གསར་རྫོང་ནང་ལས་ རྐང་སྟོང་སྦེ་སྤུ་ན་ཁ་ལུ་འོང་ སྤུ་ན་ཁ་ལས་ལོག་ཀྲོང་གསར་ལུ་ཕྱི་རུའི་ཚོགས་མ་རནམ་ཅིག་ཁར་ལྷོདཔ་ད་ ཁོང་གཉིས་ཀྱིས་སྟྭ་རེ་དང་འཆམ་གོ་ བཙེམ་མ་ཚར་བས་ཟེར་ཨིན་པས། ཨིན་རུང་དཔོན་སློབ་ཀྱིས་ངལ་རངས་ཀྱི་གསུང་བཤད་ཅིག་མ་གཏོགས་ གཞན་ག་ནི་ཡང་མ་གནང་པས། དོ་རུང་དཔོན་སློབ་ཀྱིས་ ཁོང་གསུམ་གྱི་བར་ན་ དོ་འགྲན་འབད་ནིའི་བཀའ་གནངམ་ད་འབྲེལ་ སྒརཔ་རླུང་གི་འཁོར་ལོ་གིས་སྤུ་ན་ཁ་ལས་ ལོག་ཀྲོང་གསར་རྫོང་ནང་ ཕྱི་རུའི་ཚོགས་གྲོལ་ཏེ་ཨ་ཙི་ཅིག་ཁ་ལས་ལྷོད་རུང་ ཁོང་གཉིས་ཀྱིས་འཆམ་གོ་དང་སྟྭ་རེ་འདི་མ་ཚུད་པས། དེའི་སྐབས་ལུ་ཡང་དཔོན་སློབ་ཀྱིས་ ཁོ་ལུ་བདག་རྐྱེན་འདི་ཕར་བཞག་ གསོལ་རས་ཅིག་ར་མ་འཐོབ་པས།
དཔོན་སློབ་ཀྱིས་དོ་རུང་ དོ་འགྲན་ཐེངས་གསུམ་པ་གོ་འདྲེན་འཐབ་ནི་ཨིན། དེའི་སྐབས་ རླུང་གི་འཁོར་ལོ་གིས་ཨང་དང་པ་འཐོན་པ་ཅིན་ གསོལ་རས་གཞན་དང་མ་འདྲཝ་ཡོད་ཟེར་བཀའ་གནང་ནུག། ཨིན་རུང་ སྒརཔ་རླུང་གི་འཁོར་ལོནི་གོང་མའི་བཀའ་འབད་ནི་འདི་གིས་ དགའ་སྐྱོ་མེད་པར་འགྱོཝ་མ་གཏོགས་ གསོལ་རས་དང་བདག་རྐྱེན་ལ་སོགས་པ་ལུ་ རེ་བ་སྦོམ་ཅིག་མ་བསྐྱེད་པས། མ་གཞི་དཔོན་སློབ་ཀྱིས་སྒརཔ་རླུང་གི་འཁོར་ལོ་ལོག་ཅི་ར་ རྐང་མགྱོགས་བཏང་དགོ་མི་འདི་ ཀྲོང་གསར་དང་དབང་འདུས་ཀྱི་བར་ན་ ས་གནས་ཉ་ལ་ལུངམ་ཟེར་སར་ཉ་ལ་བདུདམོ་ཟེར་ ལུངམ་དེ་ནང་ལས་མི་ཚུ་འགྲོ་འགྲུལ་འབད་བའི་སྐབས་ ཚེ་སྲོག་ལུ་བར་ཆད་རྐྱབ་མི་ཅིག་ཡོད་མི་འདི་གིས་ ཁོ་ལུ་གནོདཔ་སྐྱེལ་བཅུག་ནི་འབད་ཨིན་རུང་ ཧེ་མ་ཚར་གཉིས་ཕར་ཚུར་འབད་བའི་སྐབས་ ཉ་ལ་བདུདམོ་གིས་སྒརཔ་རླུང་གི་འཁོར་ལོ་ དང་པ་བཙན་གྱི་འབྲང་ཨིན་པའི་ཁར་ གཉིས་པ་སྟོབས་ཤུགས་ཅན་དང་རིག་པ་མཁས་དྲག་འབད་ནི་འདི་གིས་ ག་ནི་ཡང་འབད་མ་ཚུགས་པས།
དོ་འགྲན་ཐེངས་གསུམ་པའི་སྐབས་ སྒརཔ་རླུང་གི་འཁོར་ལོ་འདི་སྤྲོ་བ་ཞན་པའི་གུ་ སྒྱིད་ཐག་སྐྱུར་སུ་ཅིག་ཨིནམ་ད་ ཁོ་གིས་ཉ་ལ་ལུངམ་ལུ་ལྷོདཔ་ད་ཉ་ལ་བདུདམོ་ལུ་ ཁྱོད་གདུག་དྲགས་ཡོད་པའི་ལོ་རྒྱུས་ང་གིས་གོ་ཡི། ཁྱོད་ཀྱིས་ང་ལུ་འབད་ཚུགས་ཟེར་བ་ཅིན་ ད་རེས་ཁྱོད་ཀྱིས་ང་བཟའ་ཞིག་ཟེར་སླབ་སྟེ་སྤུ་ན་ཁ་ལུ་འགྱོ་ནུག། དེ་ལས་བདུདམོ་འདི་གིས་ སྒརཔ་རླུང་གི་འཁོར་ལོ་གིས་དྲོ་པ་སླབ་མི་འདི་ སེམས་ཁར་བཞག་པའི་ཁར་ ཁོནི་དཔོན་གྱི་བཀའ་མ་བཅག་པར་འགྱོཝ་མ་གཏོགས་ སྒྱིད་ཐག་སྐྱུར་ཡི་ར་འགྱོ་ས་མཐོང་སྟེ་ ད་རེས་འབདན་ཁོ་གི་དུས་སྐབས་ལུ་ལྷོདཔ་མས་མནོ་སྟེ་ ཁོ་གི་སྲོག་བཅད་དེ་ ཁོ་རའི་ཀླདཔ་དེ་ཟོ་ཅུང་ནང་འདེགས་ཏེ་ སྒང་ཏོག་ཅིག་གུ་སོང་སྦེ་ འབྱོགཔ་བཟའམོ་ཅིག་ལུ་སྤྲུལ་སྦེ་སྡོད་ནུག། དེ་བསྒང་སྒརཔ་རླུང་གི་འཁོར་ལོ་ལྟོཝ་བཀྱེས་ཁ་སྐོམ་འུ་སྡུག་སྟེ་འོང་པའི་སྐབས་ མོ་མཐོངམ་ད་བུམོ་ཅུང་ཅིག་ཨིན་པས་མནོ་སྟེ༌ མོ༌གི༌སྦོ༌ལོགས༌ཁར་ངལ་འཚོ་སྟེ་སྡོད་ནུག། མོ་གིས་ཁྱོད་ག་ཏེ་ལས་འབྱོནམ་སྨོ་ཟེར་འདྲིསཝ་ད་ ང་སྤུ་ན་ཁ་ལས་འོངམ་ཨིན་ཟེར་སླབ་སྦེ་ མོ་གིས་ནཱ་ཞལ་སྐོམ་ཆིཔ་འོང་ཨོམ་བཞེས་ཟེར་སླབ་སྟེ་ ཟོ་ཅུང་ཁབ་ཏོག་ཕྱེས་ཏེ་དྲང་ནུག། དེ་བསྒང་ཨོམ་མེན་པ་སྒརཔ་ཁོ་རའི་ཀླདཔ་ཨིནམ་ལས་ ཁོ་གིས་ཁོ་རའི་ཀླདཔ་འཐུང་ད་ནུག།
སྒརཔ་རླུང་གི་འཁོར་ལོ་ ལམ་འགྱོ་ཡི་ར་རྡོ་གཅལ་སྦོམ་ཅིག་གུ་ལྷོདཔ་ད་ ཧེ་མ་ཁོ་ལུ་ཨོམ་བྱིན་མི་བུམོ་བཟུམ་ཅིག་དང་ ཕོ་སྐྱེས་ཅིག་རྒྱུམ་ནང་ཁྲོལ་ཆུ་འཁྱུ་སྡོད་སར་མཐོང་ནུག། ཁོ་གིས་ཁྱོད་གཉིས་ནཱ་ལུ་ག་ཅི་འབདཝ་སྨོ་ཟེར་དྲིསཝ་ད་ ང་བཅས་གཉིས་གླང་གི་རྒྱུ་མ་འཁྱུཝ་ཨིན་ཟེར་སླབ་ད་ ཁོ་ལོ་རྟགས་གླང་འབད་ནི་འདི་གིས་ སེམས་ཁར་གཡང་ཅིག་ཡང་ཟ་ཆི་ནུག། དེ་ལས་བརྟེན་ ཁོ་གི་བླ་དང་སྲོག་ཉམས་པའི་སྟབས་ཀྱིས་རྐང་རྩལ་ཉམས་པའི་ཁར་ ཁ་སླབ་པའི་རང་དབང་མེདཔ་ཡར་སོ་ནུག། དེ་ལས་གཞན་སྤུན་ཆ་གཉིས་ཀྱིས་ ཁོང་རའི་ལཱ་འབད་དགོཔ་ཚུ་ག་ར་ཚར་རུང་ སྒརཔ་རླུང་གི་འཁོར་ལོ་ལྷོད་ནི་མེད་པར་ སྤུན་ཆ་གཉིས་ཀྱིས་རྫོང་གི་སྒོ་ར་སྒོ་ལས་བལྟཝ་ད་ སྒརཔ་རླུང་གི་འཁོར་ལོ་མགུ་ཏོ་ཡང་མེད་པར་ རྫོང་མཇུག་ལས་འོང་སར་མཐོང་ནུག། ཁོང་གཉིས་ཀྱི་སེམས་ཁར་ ཁོ་ལུ་ལམ་ཁར་སྟབས་མ་བདེཝ་ཅིག་ བྱུང་བྱུངམ་འོང་ནི་མས་ཟེར་མནོ་སྟེ་ ལོ་རྒྱུས་འདྲིཝ་ད་ ཁོ་གིས་ལམ་ཁར་བྱུང་ཡོད་པའི་ལོ་རྒྱུས་ཚུ་ ཧིང་སངས་ས་སྦེ་སླབ་པའི་སྐབས་ ཉ་ལ་བདུདམོ་གིས་ཁོ་གི་ཚེ་སྲོག་ལུ་ གནོདཔ་སྐྱེལ་དཔ་འོང་ནི་མས་ཟེར་སླབ་ནུག། དེ་གི་ཤུལ་ལུ་ཉིནམ་དག་པ་ཅིག་གི་རྒྱབ་ལས་ སྒརཔ་རླུང་གི་འཁོར་ལོ་གྱོངས་སོ་ནུག། ཉ་ལ་བདུདམོ། (གནམ་ལོ་མེད་སྤྱི་ལོ་༢༠༡༥ ཤོག་གྲངས་༡༥)
དང་ཕུག་གི་དུས་ལུ་ལུང་ཕྱོགས་སོ་སོའི་ནང་ལུ་ དཔོན་དང་བླ་སྤྲུལ་སོགས་ཀྱིས་དབང་བའི་སྐབས་ དབང་ཚད་གཞན་གྱིས་སྤྱོད་པའི་འཚེར་སྣང་གིས་ལུང་ཕྱོགས་སོ་སོའི་བར་ན་ དམག་རྐྱབ་ནི་ལ་སོགས་པའི་འུར་བྱལ་ ཐབས་ཐབས་ས་ར་སྡོད་དོ་ཡོདཔ་ད་ དེ་བསྒང་སྒརཔ་རླུང་གི་འཁོར་ལོའི་དུས་སྐབས་ལུ་ཡང་ ཀྲོང་གསར་དཔོན་སློབ་འབྲུག་དོན་གྲུབ་ཀྱིས་ ཁོང་གྱད་ཙ་པའི་བཙན་གྱི་འབྲང་གསུམ་ཐབས་ཤེས་ཀྱིས་སྒོ་ལས་ དམ་མ་བཏགས་པ་ཅིན་ཁོ་གི་དབང་ཚད་ ཁོང་གསུམ་ལུ་ཤོར་ནི་ཨིན་པས་ཟེར་མནོ་སྟེ་ ཐབས་ཤེས་ཀྱི་སྒོ་ལས་ ལྟོ་ཟེ་སྦེ་བཙུགས་ཏེ་ འགྲོས་ཀྱིས་འབད་ཐབས་ཤེས་བཏོན་ཏེ་ ཚེ་སྲོག་ལུ་བར་ཆད་རྐྱབ་ལས་ སྒརཔ་རླུང་གི་འཁོར་ལོའི་མི་ཚེ་ཡང་ དེམ་ཅིག་སྦེ་རྫོགས་དགོ་པའི་རྒྱུ་མཚན་ཡང་ དཔོན་སློབ་ལུ་ངོ་ལོག་རྐྱབ་སྟེ་དབང་ཚད་ལུ་ ཐོ་ཕོག་འོང་མནོ་བའི་དོག་པ་གིས་འབད་ཨིན་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
དྲག་ཤོས་ཤེས་རབ་མཐའ་ཡས། (གནམ་ལོ་མེད་༢༠༡༥) ཉ་ལ་བདུདམོ། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།